—བོད་ཀྱི་དུས་བབ་ལས་དྲངས།
ཟླ་འདིའི་ཕྱི་ཚེས་ ༡༨ ཉིན་སྲིད་སྐྱོང་དང་སྤྱི་འཐུས་གཉིས་ཀྱི་སྔོན་འགྲོའི་འོས་བསྡུ་གྲུབ་པ་དང་བསྟུན་ཏེ། སྤྱི་ཚོགས་ནང་འོས་བསྡུའི་སྐོར་ལ་གླེང་སློང་ཡོང་བཞིན་པའི་གནད་དོན་ཁག་ཅིག་གི་ཐད། དབུས་འོས་བསྡུའི་འགན་འཛིན་ཤོ་ཟུར་བསོད་ནམས་ཆོས་འཕེལ་མཆོག་ལ་དོགས་འདྲི་ཞུས།
དྲི་བ། ད་རེབ་སྔོན་འགྲོའི་འོས་བསྡུ་གནང་ཚར་བའི་ཉིན་གཅིག་གི་རྗེས་ཏེ་ཚེས་ ༡༩ ཉིན་དབུས་འོས་བསྡུ་ལྷན་ཁང་གིས་གསལ་བསྒྲགས་ཤིག་སྤེལ་བའི་ནང་། “ སྤྱི་འཐུས་ཐོབ་ཁུངས་སོ་སོའི་ཐོབ་ཆའི་གྲངས་ཚད་ཀྱི་གསུམ་ལྡབ་ལས་མི་ཉུང་བའི་སྔོན་འགྲོའི་འོས་གཞི་འདོན་རྒྱུ་དང་།” ཞེས་པ་དང་། “དངོས་གཞིའི་སྐབས་ཐོབ་ཁོངས་སོ་སོའི་ཐོབ་ཆའི་གྲངས་ཚད་ཀྱི་ཉིས་ལྡབ་ཐོག་དང་བླངས་ཇི་ཡོད་བཅས་འདོན་རྒྱུ།” ཞེས་པ་འདི་གཉིས་ཀྱི་ནང་དོན་ག་རེ་རེད།
ལན། མང་ཚོགས་ལ་གསལ་བཤད་ཞུ་རྒྱུ་ལ། དཔེར་ན། ཆོལ་ཁ་རེར་སྤྱི་འཐུས་ ༡༠ རེ་དགོས་ཀྱི་ཡོད་སྟབས། གསུམ་ལྡབ་ལབ་ན་ ༣༠ ཆགས་ཀྱི་ཡོད་པ་རེད། སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་གནང་སྐབས། ཆོལ་ཁ་རེ་ནས་འོས་གྲངས་རྩེ་གཏོག་གིས་མི་ ༣༠ ལས་མི་ཉུང་བ་ཞིག་གསལ་བསྒྲགས་ཞུ་རྒྱུ་ཡིན་ཟེར་གྱི་ཡོད་པ་རེད། དེ་འདྲ་ཞིག་གསལ་བསྒྲགས་ཞུ་དགོས་དོན་འོས་མིའི་ཁོངས་སུ་དགོངས་པ་ཞུ་མཁན་ཡོང་གི་རེད། དེའི་རྗེས་ལ་འོས་བསྡུ་ལས་ཁང་གིས་དངོས་གཞིའི་འོས་མི་གསལ་བསྒྲགས་བྱེད་སྐབས། ཆོལ་ཁ་རེ་ནས་འོས་མི་ ༢༠ རེ་དང་། དེའི་སྟེང་དང་བླངས་འཐོན་མཁན་ཚོ་དངོས་གཞིའི་འོས་མིར་གསལ་བསྒྲགས་གནང་གི་རེད། ཆོས་བརྒྱུད་ཁག་དང་ཕྱི་རྒྱལ་ཁག་གི་སྤྱི་འཐུས་འོས་མིའི་འགྲོ་སྟངས་དེ་དང་གཅིག་མཚུངས་རེད།
དྲི་བ། སྤྱི་འཐུས་འོས་མིར་དང་བླངས་གནང་མཁན་ཚོར་ཆ་རྐྱེན་ག་རེ་འཚང་དགོས་པ་རེད།
ལན། དང་བླངས་ཡིན་ན། ཉུང་མཐར་མི་ཚད་ལྡན་ ༢༥ ཡི་རྒྱབ་སྐྱོར་དགོས་ཀྱི་ཡོད་པ་རེད། དེ་ལ་འགེངས་ཤོག་ཅིག་ཡོད་པ་དེ་བསྐོང་དགོས་པ་རེད། དེ་ལ་ས་གནས་འོས་བསྡུའི་ལས་ཁུངས་ཀྱིས་ཞིབ་འཇུག་བྱས་ཏེ་ཆ་རྐྱེན་ཚང་སོང་བ་ཡིན་ན། རྒྱ་བལ་འབྲུག་གསུམ་ནང་ཧིན་སྒོར་ ༡༥༠༠༠ དང་། ཕྱི་རྒྱལ་ཁག་ཏུ་ཨ་སྒོར་ ༥༠༠ འོས་བསྡུ་ལས་ཁང་ལ་ཟུར་འཇོག་གནང་དགོས་པ་རེད།
དྲི་བ། སྲིད་སྐྱོང་འོས་བསྡུའི་སྐོར་ལ་ཉེ་ལམ་གྱི་གསལ་བསྒྲགས་ནང་། “དངོས་གཞིའི་འོས་གཞི་གཉིས་འདོན་རྒྱུ་ཡིན་ཞིང་། གལ་སྲིད་གཉིས་པ་དང་གསུམ་པའི་བར་འོས་ཐོབ་བརྒྱ་ཆ་ཉི་ཤུ་ལས་ཉུང་བ་ཡིན་ཚེ་དངོས་གཞིའི་འོས་གཞི་གསུམ་འདོན་རྒྱུ་ཡིན། ཅི་སྟེ་སྲིད་སྐྱོང་གི་དངོས་གཞིའི་འོས་ཐོབ་དང་པོ་དང་གཉིས་པ་འདྲ་མཉམ་བྱུང་ཚེ་སྐབས་མཚམས་ཐག་གཅོད་བྱ་རྒྱུ” ཞེས་འཁོད་འདུག་པ་དེ་ག་རེ་རེད།
ལན། འདི་གནད་འགག་ཆེན་པོ་ཞེ་དྲགས་ཡིན་སྟབས། ང་ཚོའི་འོས་བསྡུའི་འགན་འཛིན་རྣམ་པ་གསུམ་གྱི་ཐོག་ནས་བཀའ་སྡུག་ལྷག་པོ་གནང་པ་ཡིན། གང་ཡིན་ཟེར་ན། ༧གོང་ས་མཆོག་གིས་ཆབ་སྲིད་དང་འཛིན་སྐྱོང་གི་འགན་དབང་ཆ་ཚང་མི་མང་གིས་འོས་འདེམས་གནང་པའི་མགོ་ཁྲིད་ཚོར་རྩིས་སྤྲོད་གནང་སྐབས་དང་། བཅའ་ཁྲིམས་བསྒྱུར་བཅོས་གཏོང་སྐབས་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་རེད། སྐབས་དེར་༧གོང་ས་མཆོག་ཕྱེད་རྒན་ཡོལ་གནང་བསྡད་ཡོད་པ་རེད། དེའི་རྗེས་ལ་ ༢༠༡༡ ཟླ་ ༨ ཚེས་ ༢ ཉིན་སྲིད་ད་ལྟའི་སྲིད་སྐྱོང་གིས་དམ་འབུལ་སྐབས་དངོས་སུ་གསལ་བསྒྲགས་གནང་བ་རེད། ད་རེབ་ཀྱི་འོས་བསྡུ་འདི་སྐྱབས་མགོན་རིན་པོ་ཆེ་མཆོག་གིས་སྐུ་དབང་རྩིས་སྤྲོད་གནང་བའི་རྗེས་ཀྱི་སྲིད་སྐྱོང་གི་འོས་བསྡུ་དང་པོ་དེ་ཆགས་ཡོད་སྟབས། ང་ཚོ་འོས་བསྡུ་ལས་ཁང་གི་དགོངས་པ་བཞེས་སྟངས་དེ་ད་རེབ་ཀྱི་སྲིད་སྐྱོང་ལ་རྒྱ་ཆེའི་མང་ཚོགས་ཀྱིས་མང་མོས་ཡོད་པ་ཞིག་འོང་ཆེད། དངོས་གཞིའི་འོས་མི་གཉིས་གཏན་འཁེལ་བ་རེད། དེ་མ་གཏོགས་འོས་འཐོར་འགྲོ་བ་རེད། ཡིན་ནའང་དེ་སྔའི་འགྲོ་སྟངས་དང་། མང་ཚོགས་ནང་གླེང་སློང་ཡོང་སྲིད་པར་དོགས་ཏེ། འོས་གྲངས་མཐོ་ཤོས་གཉིས་པ་དང་གསུམ་པའི་བར་བརྒྱ་ཆ་ ༢༠ ལས་ཁྱད་པར་མེད་ན། དངོས་གཞིའི་འོས་མི་ ༣ གསལ་བསྒྲགས་བསྐྱང་རྒྱུ་བྱས་པ་རེད། དཔེར་ན། འོས་མི་གཉིས་པར་འོས་གྲངས་ ༡༠༠༠ དང་། འོས་མི་གསུམ་པར་ ༨༠༡ ཐོབ་ཡོད་ན་འོས་མི་ཨང་གསུམ་པ་དེའང་དངོས་གཞིའི་འོས་མིའི་ཁོངས་སུ་གསལ་བསྒྲགས་བསྐྱང་རྒྱུ་རེད། འདིའི་དམིགས་ཡུལ་འོས་ཤོག་ཁ་མི་འཐོར་བར་སྲིད་སྐྱོང་འཐོབ་མཁན་ལ་འོས་ཤོག་མིང་པོ་ཞིག་སྤུངས་ཐུབ་པའི་ཆེད་དུ་རེད།
དྲི་བ། སྔོན་འགྲོའི་འོས་བསྡུ་ཚར་བའི་རྗེས་ལ་འགྲོ་སྟངས་དེ་འདྲ་ཞིག་གསལ་བསྒྲགས་གནང་བ་དེ་འོས་བསྡུའི་སྒྲིག་གཞི་དང་འགལ་ཡོད་དམ། འགལ་མེད་ན་ཁྲིམས་སྒྲིག་དོན་ཚན་གང་གི་དགོངས་དོན་ཡིན།
ལན། འདི་ལ་ང་ཚོའི་བསམ་བློ་གཏོང་ཕྱོགས་དེ་གང་རེད་ཟེར་ན། འོས་བསྡུའི་སྒྲིག་གཞིའི་ནང་དངོས་གཞིའི་འོས་མི་གསལ་བསྒྲགས་བྱེད་པའི་འགན་དབང་དེ་འོས་བསྡུ་ལྷན་ཁང་ལ་ཡོད་ཅེས་འཁོད་ཡོད་པ་རེད། སྔོན་འགྲོའི་འོས་མ་བླུགས་སྔོན་ལ་ང་ཚོས་འོས་མི་ག་ཚོད་འདོན་རྒྱུ་ཡིན་མིན་གསལ་བསྒྲགས་བྱས་པ་ཡིན་ན། མང་ཚོགས་འོས་འཕེན་པའི་བསམ་བློའི་རང་དབང་ལ་བཀག་རྒྱ་ཞིག་ཐེབས་འགྲོ་བ་རེད། གང་ཡིན་ཟེར་ན། འོས་བསྡུ་ལས་ཁང་གིས་འོས་མི་གཉིས་མ་གཏོགས་འདོན་རྒྱུ་མིན་ལབ་ན། འོས་མིར་བཞེངས་མཁན་མང་པོ་ཡོད་ནའང་འོས་འཕེན་པ་ཚོར་མི་གཉིས་ལས་གདམ་ཀ་ཡོད་པ་མ་རེད། དེ་བས་སྔོན་འགྲོའི་འོས་བསྡུ་གྲུབ་སྟེ་འོས་གྲངས་ཞིབ་བཤེར་མ་བྱས་སྔོན་ལ་གསལ་བསྒྲགས་སྤེལ་ན། འོས་འཕེན་པ་ཚོར་གདམ་ཀ་མང་པོ་ཞིག་ཡོད་པ་རེད། ཡིན་ནའང་འོས་ཤོག་གྲངས་བཤེར་བྱས་པའི་རྗེས་ལ་གསལ་བསྒྲགས་དེ་འདྲ་སྤེལ་བ་ཡིན་ན་གང་ཟག་གི་དབང་བསྒྱུར་ཟེར་ན་འདྲ། གང་ལྟར་གང་ཟག་ལ་བལྟས་ཏེ་འགྲོ་སྟངས་བཟོས་པ་ལྟ་བུ་ཞིག་ཆགས་འགྲོ་བའི་ཉེན་ཁ་ཡོད་པ་རེད། དེ་འདྲ་ཡིན་དུས་ད་རེབ་ཀྱི་གསལ་བསྒྲགས་དེ་འོས་བསྡུའི་ཁྲིམས་དང་སྒྲིག་གཞིར་འགལ་བ་ཞིག་ལ་ངོས་འཛིན་བྱེད་ཀྱི་མེད།
དྲི་བ། ཉེ་ལམ་ཕྱི་རྒྱལ་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་རྒྱལ་སྤྱིའི་ཚོགས་སྡེ་ཁ་ཤས་ཀྱི་མི་སྣ་ཡིན་ཟེར་མཁན་སྐོར་ཞིག་གིས་སྙན་ཞུ་ཞིག་བྲིས་ཏེ། ཉེ་ལམ་ཕྱི་ཟླ་ ༦ པའི་ནང་འོས་བསྡུ་ལས་ཁང་གིས་གསལ་བསྒྲགས་སྤེལ་བའི་འོས་བསྡུའི་སྐོར་གྱི་ལམ་སྟོན་དེ་ཁྲིམས་མཐུན་ཆགས་ཀྱི་མེད་སྐོར་དང་། དེ་ལ་འོས་བསྡུ་ལས་ཁང་གིས་གསལ་བཤད་དགོས་སྐོར་འཁོད་པ་དེར་གསལ་བཤད་གནང་འཆར་ཡོད་མེད་དང་། སྙན་ཞུ་དེ་འདྲ་ཞིག་འབྲི་དགོས་པའི་རྒྱབ་ལྗོངས་ལ་ངོས་འཛིན་གང་འདྲ་ཡོད་དམ།
ལན། གནད་དོན་དེའི་སྐོར་ལ་ང་ཚོས་བཀའ་བསྡུར་ཞིག་གནང་དགོས་བསམ་ཡོད། བཀའ་བསྡུར་གནང་རྗེས་གསལ་བསྒྲགས་ཤིག་སྤེལ་ཡོང་གི་རེད། བོད་དོན་ལ་དོ་སྣང་དང་རྒྱབ་སྐྱོར་གནང་མཁན་ཁོ་རང་ཚོས་ང་ཚོའི་དམངས་གཙོའི་ལམ་སྲོལ་ཐོག་ལ་ལམ་སྟོན་གནང་གི་ཡོད་ན། མ་འོངས་པར་ཐུགས་ཕན་གསོ་པ་ཞིག་རེད། སྐྱོན་བརྗོད་གནང་གི་ཡོད་ན། ང་ཚོའི་དམངས་གཙོ་གྲ་འགྲིག་པ་དེ་གྲ་མ་འགྲིག་པ་བཟོས་པ་ཞིག་ཆགས་ཀྱི་ཡོད་པ་རེད།
རྩ་བའི་སྙན་ཞུ་འབྲི་མཁན་དེ་དག་ནང་དེ་སྔ་བོད་དོན་རྒྱབ་སྐྱོར་ཚོགས་པའི་ནང་ཕྱག་ལས་གནང་མྱོང་མཁན་དེ་འདྲ་ཡོད་ཀྱང་། ཚང་མ་ད་ལྟ་བོད་དོན་རྒྱབ་སྐྱོར་ཚོགས་པའི་ནང་དངོས་སུ་ཡོད་པ་དེ་འདྲ་མ་རེད། འགའ་རེའི་བཟའ་ཟླ་བོད་པ་ཡིན་པ་དེ་འདྲའང་འདུག ཡིན་ནའང་ཁོ་རང་ཚོའི་ཡི་གེ་ནང་མི་ ༢༧ ཙམ་གྱི་རྒྱབ་སྐྱོར་མཚན་རྟགས་འཁོད་ཡོད་ཚུལ་ལབ་ཡོད་ཀྱང་། ང་ཚོར་མཚན་རྟགས་འཁོད་པའི་ཡི་གེ་དེ་འདྲ་གང་ཡང་འབྱོར་མ་སོང་།
དྲི་བ། ད་རེབ་བཙན་བྱོལ་བོད་མིའི་བཀའ་སྤྱིའི་འོས་བསྡུའི་ཐད། ཨེ་ཤ་ཡ་དམངས་གཙོ་འབྲེལ་མཐུད་ཁང་(ADN) དང་ཨེ་ཤ་ཡ་རང་དབང་འོས་བསྡུའི་འབྲེལ་མཐུད་ཁང་(ANFREL) གཉིས་ཀྱི་སྐུ་ཚབ་སྐོར་ཞིག་གིས་རྟོག་ཞིབ་གནང་བའི་མཇུག་འབྲས་གསལ་བསྒྲགས་གནང་བའི་ནང་། “བློ་ཕངས་པ་ཞིག་ལ་འོས་མིར་འགྲོ་གྲོན་གཏོང་ཕྱོགས་ཀྱི་སྒྲིག་ཁྲིམས་འདིའི་ནང་གསལ་ཁ་མེད་པའི་གནད་དོན་ཡོད་རྐྱེན། གཞུང་གི་ངོས་འཛིན་ཡོད་ཀྱང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁ་ཤས་ཀྱིས་སྒྲིག་ཁྲིམས་དེར་གཡོལ་བའི་ཐོག་ནས་ཁོ་ཚོས་འོས་འདོན་བྱས་པའི་འོས་མི་ཚོར་དམིགས་བསལ་ཁེ་བཟང་རག་གི་ཡོད།” ཅེས་བཀོད་ཡོད་པ་དེའི་ཐོག་གསལ་བཤད་དེ་འདྲ་ཡོད་དམ།
ལན། ང་ཚོའི་འོས་བསྡུ་དེ་ཕྱི་གསལ་ནང་གསལ་ཞིག་ཆགས་ཡོད་སྟབས། ད་རེབ་ཀྱི་འོས་བསྡུར་རྟོག་ཞིབ་གནང་བ་དེ་ང་ཚོར་ཕན་ཐོགས་ཡོད་པ་ཞིག་རེད། འོས་བསྡུ་ལས་ཁང་གི་གསལ་བསྒྲགས་དེ་འོས་བསྡུའི་སྒྲིག་གཞི་ལག་ལེན་བསྟར་བ་ཞིག་རེད། དེ་འདྲའི་ཐོག་ན་སྐྱོན་གནས་ཡོད་ན། ཁོ་རང་ཚོས་དགོངས་ཚུལ་གསུངས་པ་དེ་མ་འོངས་པར་ང་ཚོར་བསམ་ཞིབ་བྱེད་པར་ཏན་ཏན་ཕན་ཐོགས་ཡོད་པ་ཞིག་རེད། ཡིན་ནའང་ད་སྔ་འོས་མི་ཁྱབ་བསྒྲགས་ཀྱི་འགྲོ་གྲོན་གཏོང་ཕྱོགས་ཐོག་ཁྱད་པར་ཆེན་པོ་དེ་འདྲ་ཕྱིན་ཡོད་པར་ངོས་འཛིན་ཞུ་གི་མེད། གཞུང་གི་ངོས་འཛིན་ཡོད་པའི་ཚོགས་པ་དེ་དག་ལ་ཁྲིམས་དང་སྒྲིག་གཞི་ཞིག་དང་། དངུལ་ལ་སྟངས་འཛིན་བྱེད་མཁན་ཞིག་ཡོད་སྟབས། འགྲོ་གྲོན་གཏོང་ཕྱོགས་ལའང་ཐལ་ཆ་ཆེ་བའི་གནས་ཚུལ་དེ་འདྲ་ཡོང་གི་མ་རེད།
དྲི་བ། འོས་བསྡུའི་རྟོག་ཞིབ་ཚོགས་པ་དེ་དག་གིས་བཙན་བྱོལ་བོད་མི་ཚོས་འོས་ལྡུག་ཆོག་དང་མི་ཆོག་གཞུང་ལ་དཔྱ་ཁྲལ་སྤྲད་དང་མ་སྤྲད་ཆགས་འདུག མ་འོངས་པར་བཙན་བྱོལ་བོད་མིའི་འོས་བསྡུའི་གདམ་བྱ་འདེམ་བྱེད་དེ་དཔྱ་ཁྲལ་གཅིག་པུར་གཞི་བཞག་ན་འགྲིག་གི་མེད་པར་བསམ་བློ་གཞན་པ་གཏོང་དགོས་པའི་དགོངས་འཆར་གསུངས་པའི་ཐོག་གཟིགས་ཚུལ་གང་འདྲ་ཡོད།
ལན། འདི་བསམ་བློ་གཏོང་ས་ཞིག་རེད། ཡིན་ནའང་འདིའི་སྐོར་འོས་བསྡུ་ལས་ཁང་ལ་འགྲེལ་བཤད་ཞུ་རྒྱུ་ཡོད་པ་མ་རེད། འགྲོ་སྟངས་འདི་ཁྲིམས་བཟོ་ལྷན་ཚོགས་ཀྱིས་གཏན་འབེབས་གནང་པ་ཞིག་རེད། སྤྱིར་བཏང་གདམ་བྱ་འདེམ་བྱེད་ཀྱི་ཐོབ་ཐང་ཡོད་མཁན་ཞིག་ཡིན་ན། བོད་མིའི་ལས་འགན་སྒྲུབ་མཁན་ཞིག་ཡིན་དགོས་པ་རེད། བོད་མིའི་ལས་འགན་སྒྲུབ་མཁན་ཞིག་ཡིན་ན་དཔྱ་དངུལ་དེ་འབུལ་དགོས་པ་ཞིག་ཆགས་ཡོད་པ་རེད།
དྲི་བ། དབུས་འོས་བསྡུ་ལས་ཁང་ནས་སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་གཞུང་འབྲེལ་གསལ་བསྒྲགས་མ་སྤེལ་སྔོན་ལ། ས་གནས་ཁག་གི་འོས་བསྡུའི་གྲུབ་འབྲས་ཕྱི་ལ་འཐོན་བཞིན་པ་དེ་འོས་བསྡུའི་སྒྲིག་གཞི་དང་འགལ་གྱི་ཡོད་དམ།
ལན། འོས་བསྡུའི་སྒྲིག་གཞིའི་ནང་ག་རེ་འཁོད་ཡོད་པ་རེད་ཟེར་ན། ས་གནས་སོ་སོའི་འོས་བསྡུ་ལས་ཁང་གིས་འོས་ཤོག་གྲངས་བཤེར་བརྒྱབ་ཚར་བའི་རྗེས་ཀྱི་ཆུ་ཚོད་ ༢༤ འགྱངས་མེད་འོས་བསྡུའི་ཚོགས་མི་དང་ཟུར་དཔང་ཚང་འཛོམས་ཐོག་གསལ་བསྒྲགས་སྤེལ་དགོས། ཞེས་བཀོད་ཡོད་པ་རེད། གསལ་བསྒྲགས་བྱེད་སྟངས་དེའང་གསར་འགོད་ལྷན་ཚོགས་བསྐོང་རྒྱུ་དེ་འདྲ་མ་ཡིན་པར་ས་གནས་སོ་སོའི་གསལ་བསྒྲགས་སྦྱར་ཡུལ་དུ་སྦྱར་དགོས་པ་རེད།
དྲི་བ། ད་རེབ་ཚེས་ ༡༨ ཉིན་སྔོན་འགྲོའི་འོས་བསྡུ་གནང་སྐབས་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་སོགས་ས་གནས་ཁག་ཅིག་ནང་རྙོག་གླེང་ཕྲན་བུ་རེ་བྱུང་ཡོད་པའི་གནས་ཚུལ་འདུག དེར་འོས་བསྡུའི་ལྷན་ཁང་གིས་ཐག་གཅོད་ཇི་ལྟར་གནང་འཆར་ཡོད་དམ།
ལན། དེ་ལ་སྐབས་འཕྲལ་ས་གནས་ས་ཐོག་ལ་སྐད་ཆ་དྲིས་པ་ཡིན། ཉིན་དེར་གྲྭ་བ་ཞིག་གིས་འོས་བསྡུའི་འགེངས་ཤོག་ཁ་ཤས་ལག་པར་བླངས་ཡོད་ས་རེད། སྐབས་དེར་འོས་བསྡུའི་ལས་བྱེད་ཅིག་གིས་བཀག་འགོག་བྱས་སྐབས་ཁོང་གཉིས་བར་ཁ་རྩོད་ཕྲན་བུ་ཤོར་ཏེ། མི་ཟེར་བ་དེ་རླུང་གི་དབང་གིས་ཕར་འོས་བསྡུའི་ལས་བྱེད་དེ་ལ་བཞུས་པའི་སྐད་ཆ་འདུག སྐབས་དེར་ཉེན་རྟོག་པ་ཡོད་ཡོད་པ་རེད། དེ་ནས་ཁོ་རང་ཉེན་རྟོག་ལས་ཁུངས་སུ་ཁྲིད་དེ་སྐད་ཆ་དྲིས་ཏེ་ཁོ་རང་གི་ནོར་འཁྲུལ་ངོས་ལེན་གནང་འདུག རླུང་ལངས་པའི་དབང་གིས་དེ་འདྲ་ཞིག་བྱུང་བ་རེད་མ་གཏོགས། ཁོ་རང་དུས་རྒྱུན་སྤྱོད་པ་སྡུག་ཅག་དེ་འདྲ་ཡིན་ས་མ་རེད། སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་གནས་ཚུལ་འདྲ་མི་འདྲ་བསྒྲགས་པ་དང་། ཁོ་རང་གིས་གྲྭ་ཚང་གང་ནས་ཡིན་པ་གསང་བ་བྱས་པ་རེད་ཟེར་བ་དེ་ཚོ་བདེན་པ་མ་རེད། ཡིན་ནའང་གྲྭ་བ་དེ་ལ་མཐའ་མར་འོས་ལྡུག་ཏུ་བཅུག་མི་འདུག
དྲི་བ། ས་གནས་ཁ་ཤས་ནང་འོས་བསྡུའི་འགེངས་ཤོག་ཕྱི་གྱར་ཕྱིན་པ་དང་། ལྷག་པར་དུ་ལྡི་ལིར་མི་གཅིག་གིས་སྲིད་སྐྱོང་འོས་ཤོག་ཁ་ཤས་འཕང་པའི་བརྙན་ཞིག་སྤྱི་ཚོགས་དྲ་ལམ་ཁག་ཏུ་འགྲོ་བཞིན་པ་དེར་ངོས་འཛིན་གང་འདྲ་ཡོད་དམ།
ལན། གནས་ཚུལ་དེའི་སྐོར་ལ་ང་ཚོས་ས་གནས་ས་ཐོག་ལ་སྐད་ཆ་དྲིས་པ་ཡིན། ཁོས་ང་ཚོར་གསུངས་སྟངས་བྱས་ན། མི་གཅིག་གིས་སྲིད་སྐྱོང་གི་འོས་ཤོག་མང་པོ་ལྡུག་པ་དེ་འདྲ་ཡོང་སྲིད་གི་མ་རེད། རོགས་པ་གཉིས་གསུམ་གྱི་འོས་ཤོག་དེ་མི་གཅིག་གིས་བསྣམས་ཏེ་འོས་སྒམ་ནང་བླུགས་པ་དེ་འདྲ་ཡིན་སྲིད་པ་རེད། ང་ཚོས་ཀྱང་དེ་རང་ལ་ངོས་འཛིན་ཞུ་གི་ཡོད། རྩ་བའི་འོས་བསྡུའི་འགེངས་ཤོག་དེར་ཚད་བཀག་ཡོད་པའི་ཐོག་ནས་བཀྲམས་ཡོད་པ་རེད། རྗེས་ལ་འོས་བསྡུའི་འགེངས་ཤོག་བྱུང་སོང་བསྡད་གསུམ་གྲངས་བཤེར་རྒྱག་གི་རེད། མི་རེ་ཟུང་གིས་འགེངས་ཤོག་བླངས་ཏེ་འོས་མ་བླུགས་པར་ནང་ལ་འཁྱེར་འགྲོ་བ་དེ་འདྲ་བྱུང་ན་འགེངས་ཤོག་གྲངས་ཉུང་འགྲོ་གི་རེད། གལ་སྲིད་འོས་བསྡུའི་འགེངས་ཤོག་ལྷག་མ་བྱུང་ན་གནས་ཚུལ་ཞིག་བྱུང་ཡོད་པ་རེད། གལ་སྲིད་དེ་འདྲ་བྱུང་ན་ས་གནས་དེའི་འོས་ཤོག་རྩིས་མེད་ཆགས་རྒྱུའི་ཉེན་ཁ་ཡོད་པ་རེད། ཐག་གཅོད་དེ་ས་གནས་ནས་བྱ་དགོས་ཀྱི་ཡོད་པ་རེད།
དྲི་བ། ས་གནས་རེ་ཟུང་གི་འོས་སྒམ་དམ་པོ་མེད་པའི་དབང་གིས་མང་ཚོགས་ཀྱིས་འོས་ལྡུག་འདོད་གནང་གི་མེད་པའི་སྐད་ཆ་འདུག འོས་སྒམ་ཐད་དབུས་འོས་བསྡུ་ལས་ཁང་གིས་ལམ་སྟོན་གང་འདྲ་གནང་ཡོད་དམ།
ལན། དེའི་ཐད་ང་ལ་ཁ་པར་ཞིག་ཀྱང་འབྱོར་སོང་། འོས་སྒམ་འགྱིག་གི་འོས་སྒམ་ཞིག་རེད། སྒོ་ཟ་ཡང་བརྒྱབ་མི་འདུག་ཟེར། དེ་ལ་དབུས་ནས་ལམ་སྟོན་བྱེད་སྟངས་ག་རེ་རེད་ཟེར་ན། འོས་སྒམ་ལྕག་དང་ཤིང་གང་ཡིན་གསལ་ཁ་ཡོད་པ་མ་རེད། འོས་སྒོམ་སྒོ་ལ་ཐེལ་ཙེ་རྒྱག་དགོས་ལབ་ཡོད། མ་འོངས་པར་དེའི་ཐད་ལམ་སྟོན་ཞིག་བྱེད་དགོས་ཆགས་ཀྱི་འདུག སྤྱིར་བཏང་དོགས་པ་རྣམ་རྟོག་བྱེད་དགོས་དོན་ཡོད་པ་མ་རེད། འོས་བསྡུའི་ལས་བྱེད་རྣམས་དང་མི་མང་གིས་བདམས་པའི་ཟུར་དཔང་བ་ཡོད་པ་རེད། འོས་ཤོག་གྲངས་བཤེར་བྱེད་སྐབས་ཀྱང་། འོས་ཤོག་ཀློག་མཁན་འོས་བསྡུའི་འགན་འཛིན་རེད། ཁོའི་འགྲམ་དུ་ཟུར་དཔང་བ་ཞིག་གིས་གཟིགས་དགོས་ཀྱི་ཡོད་པ་རེད། དེ་བཞིན་འོས་གྲངས་ཐོ་འགོད་བྱེད་སྐབས་ཀྱང་ཟུར་དཔང་བ་ཞིག་གིས་གཟིགས་དགོས་ཀྱི་ཡོད་པ་རེད།
དྲི་བ། སྔོན་འགྲོའི་འོས་བསྡུའི་འགེངས་ཤོག་ནང་། མང་ཚོགས་ལ་གྲ་སྒྲིག་ཡག་པོ་མེད་པ་དང་ཡིག་རྨོངས་པ་མང་པ་བཅས་ལ་བརྟེན་ཏེ། <མིང་དང་། ཁྱད་མིང་།> <ཕ་ཡུལ།> <ད་ལྟའི་སྡོད་གནས།> <ད་ལྟའི་ལས་གནས་སམ་སྔོན་གྱི་ལས་གནས།>ཞེས་འཁོད་འདུག་པར་མིང་ནོར་བ་དང་ཕ་ཡུལ་ནོར་བ། ཡང་ན་མིང་དང་སྡོད་གནས་སོགས་ཀྱི་ཡི་གེ་དག་ཆ་ནོར་བ་སོགས་བྱུང་རིགས་ཐག་གཅོད་ཇི་ལྟར་གནང་གི་ཡོད།
ལན། ད་རེབ་འོས་བསྡུའི་སྐབས་སྔོན་མ་དག་དང་བསྡུར་ན་གུ་ཡངས་པོ་རེད། མིང་གི་དག་ཆ་ནོར་བ་དང་ས་གནས་ནོར་བ། ཡང་ན། ཁ་ཤས་བྲིས་མེད་པ་དེ་འདྲ་བྱུང་ཡང་མི་དེ་ངོ་རྟགས་ཆོད་ན་འགྲིག་གི་ཡོད་པ་རེད། དཔེར་ན། སྤེན་པ་ཚེ་རིང་། སྤྱི་འཐུས་ཚོགས་གཙོ་ལབ་ཡོད་ན། གཞན་པ་ག་རེ་ནོར་ཡང་ངོ་རྟགས་ཆོད་འགྲོ་ཡི་ཡོད་སྟབས་འགྲིག་གི་ཡོད་པ་རེད།
དྲི་བ། སྲིད་སྐྱོང་འོས་མིར་བཞེངས་མཁན་གཅིག་ས་གནས་ཁག་ཏུ་གཞུང་འབྲེལ་སྐོར་སྐྱོད་གནང་སྐབས་དང་། ཡང་ན་ཁོང་དང་འབྲེལ་བ་ཡོད་པའི་མི་སྣ་དེ་འདྲ་ས་གནས་ལ་གཞུང་འབྲེལ་སྐོར་སྐྱོད་སྐབས་འོས་བསྡུ་དང་འབྲེལ་བ་ཡོད་པའི་བཀའ་མོལ་གནང་བའི་དབང་གིས་དབུས་འོས་བསྡུ་ལས་ཁང་གིས་ཁོང་ལ་ཡིག་འབྲེལ་གནང་དགོས་བྱུང་བའི་སྐད་ཆ་འདུག་པ་དེ་བདེན་པ་རེད་དམ།
ལན། དེ་འདྲ་བྱུང་ན་འགྲིག་གི་ཡོད་པ་མ་རེད། དེའི་སྐོར་ཉེ་ལམ་འགྲེལ་བཤད་ཅིག་ཞུས་ཡོད། ད་ལྟའི་ཆ་ལ་བདེན་དཔང་དངོས་ར་འཕྲོད་པའི་ཞུ་གཏུག་དེ་འདྲ་བྱུང་མ་སོང་། འདི་གསུངས་སོང་། དེ་གནང་སོང་ཟེར་ནས་གོ་རྒྱུ་དེ་འདྲ་འདུག གོ་བ་གཅིག་པུར་རྩ་འཛིན་བྱས་ཏེ་འོས་མི་དེ་ཚོར་འདྲི་རྩད་བྱེད་ཐུབ་ཀྱི་ཡོད་པ་མ་རེད། ས་གནས་ས་ཐོག་ནས་དཔང་རྟགས་ར་འཕྲོད་པའི་ཞུ་གཏུག་བྱས་ན། ང་ཚོས་འདྲི་རྩད་བྱས་ཏེ་གནས་ཚུལ་དེ་འདྲ་ཡོད་ན། དེ་ལ་འབབ་པའི་ཉེས་པ་ཆད་པ་གཅོད་རྒྱུ་དང་། མེད་ན་མེད་པའི་གསལ་བཤད་ཁུངས་དག་བཟོ་དགོས་ཀྱི་ཡོད་པ་རེད།
དྲི་བ། ཕྱི་རྒྱལ་དུ་ཡོད་པའི་བོད་པའི་ཚོགས་པ་དེ་འདྲས་ཆོལ་ཁ་གསུམ་གྱི་སྤྱི་འཐུས་འོས་མི་དང་སྲིད་སྐྱོང་འོས་མི་ཁྱབ་བསྒྲགས་བྱ་འཆར་ཡོད་པར་ས་གནས་འོས་བསྡུའི་འགན་འཛིན་ལ་སྙན་གསེང་ཞུས་སྐབས། ཁྱོད་རང་ཚོ་ཕྱི་རྒྱལ་དུ་ཡོད་པའི་ཚོགས་པ་ཡིན་སྟབས་ཆོལ་ཁ་གསུམ་གྱི་སྤྱི་འཐུས་འོས་མི་འདོན་ཆོག་གི་མ་རེད་གསུངས་ཏེ་བཀག་པའི་གནས་ཚུལ་འདུག དེ་འོས་བསྡུའི་སྒྲིག་གཞིའི་དོན་ཚན་གང་དང་འགལ་ཡོད་དམ།
ལན། གཞུང་གི་ངོས་འཛིན་ཡོད་པའི་ཚོགས་པ་བཅུ་དེ་འཕུད་པའི་ཚོགས་སྒེར་གང་ཞིག་ཡིན་ཡང་། སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་མི་ཞིག་ཁྱབ་བསྒྲགས་གནང་རྒྱུ་ཡིན་ན། འོས་མི་ཁོ་རང་ལ་ཆོག་མཆན་ཞུ་དགོས་པ་གཙོ་བོ་རེད། དེ་ནས་ས་གནས་འོས་བསྡུའི་ལས་ཁང་ལ་སྙན་གསེང་ཞུ་དགོས་ལབ་ཡོད་པ་རེད། དེ་མ་གཏོགས་འོས་མིར་བཞེངས་མཁན་ཁོ་རང་གི་ཆོག་མཆན་ཡོད་ན། ས་གནས་འོས་བསྡུ་ལས་ཁང་ལ་ཁྱབ་བསྒྲགས་གནང་ཆོག་མི་ཆོག་གི་སྐད་ཆ་ཡོད་པ་མ་རེད། དེ་འོས་བསྡུའི་སྒྲིག་གཞིའི་ནང་བཀག་མེད་སྟབས་ཆོག་གི་ཡོད་པ་རེད།
དྲི་བ། ཉེ་ལམ་གནས་ཚུལ་འབྱོར་བ་ལྟར་ན། ཐེངས་འདིར་ཚེས་ ༡༨ ཉིན་གྱི་སྔོན་ལ་བལ་ཡུལ་དང་འབྲུག་ཡུལ་སོགས་སུ་གསང་བའི་ཐོག་ནས་འོས་བསྡུ་གནང་གྲུབ་ཡོད་པའི་སྐད་ཆ་འདུག དེ་བདེན་པ་རེད་དམ།
ལན། དེ་ལ་ང་ཚོས་སྒྲིག་གཞིའི་དགོངས་དོན་ལྟར་ས་གནས་ལ་ལམ་སྟོན་ཞུས་ཡོད་ལ། ལམ་སྟོན་ཞུས་པ་བཞིན་བལ་ཡུལ་དང་འབྲུག་ཡུལ་གཉིས་ནང་འགྲོ་ཐུབ་ཡོད་པ་རེད། ཡིན་ནའང་ཐོག་མ་ཕྱི་ལོགས་སུ་བསྒྲགས་པ་དེ་འགྲིག་གི་ཡོད་པ་མ་རེད། འོས་བསྡུར་ལས་ཀ་བྱེད་མཁན་ཚོའི་ངོས་ནས་ཡིན་ན་རེད། གསང་བ་གནང་དགོས་པ་ཤེས་བཞིན་དུ་ཕྱི་ལོགས་ལ་བསྒྲགས་པ་དེ་ཅུང་བློ་ཕམ་གྱི་གནས་ཚུལ་ཞིག་རེད།
དྲི་བ། ཟླ་འདིའི་ཚེས་ ༡༨ ཉིན་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་བསྡུ་གྲུབ་སྟེ་ད་ཆར་ས་གནས་ཁག་གི་གྲུབ་འབྲས་འཐོན་བཞིན་ཡོད་སྟབས། ཐེངས་འདིའི་འོས་བསྡུའི་ཐད་སྤྱི་ཡོངས་ནས་གཟིགས་ཚོར་གང་འདྲ་ཡོད་དམ།
ལན། སྤྱི་ཡོངས་ནས་མང་ཚོགས་ཀྱིས་འཁུར་ལེན་སྟངས་དེ་སྔོན་མ་དག་དང་མ་འདྲ་བར་ཧ་ཅང་ཡག་པོ་རེད་བསམ་གྱི་འདུག ཡིན་ནའང་བློ་ཕམ་པ་ཞིག་ག་རེ་འདུག་ཟེར་ན། སྤྱི་ཚོགས་དྲ་ལམ་ཁག་ཏུ་སྲིད་སྐྱོང་འོས་མི་ཡིན་ན་འདྲ། སྤྱི་འཐུས་འོས་མི་ཡིན་ན་འདྲ། གཞི་མེད་སྒྲོ་གཏགས་མང་པོ་ཞིག་བྱེད་ཀྱི་ཡོད་པ་དེ་ཧ་ཅང་ཐབས་སྐྱོ་བོ་རེད། དཔེར་ན། ༧གོང་ས་མཆོག་གིས་སྐུ་དབང་རྩིས་སྤྲོད་གནང་སའི་སྡིངས་ཆའི་སྟེང་བཞུགས་མཁན་གྱི་མི་མང་གི་མགོ་ཁྲིད་ཅིག་འདེམ་གྱི་ཡོད་པ་རེད། བདེན་པ་ཡིན་མིན་གང་ལྟར་ཡང་། མིང་ཆལ་དང་ཉེས་འཛུགས་ཆེན་པོ་དེ་འདྲ་ཞིག་བྱས་པ་ཡིན་ན། རྗེས་སུ་ཁོང་དངོས་སུ་སྡིངས་ཆ་དེའི་སྟེང་ལ་སླེབས་ཡོང་སྐབས། མི་ཚོའི་མཐོང་སྣང་ལ། ཨ་ལེ། ཁོ་མི་དེ་འདྲ་ཞིག་ཡིན་རབས་འདུག་ཨང་། བསམ་པ་ཡིན་ན་རང་བཞིན་གྱིས་མགོ་ཁྲིད་དེ་ལ་སེམས་ནང་རིན་ཐང་མེད་པ་ཞིག་ཡོང་གི་རེད། གནས་ཚུལ་དེ་རིགས་ལ་མང་ཚོགས་ཀྱིས་ཏན་ཏན་དགོངས་པ་བཞེས་དགོས་པ་ཞིག་རེད།
གསར་འགོད་པ། དོན་འགྲུབ་བཀྲ་ཤིས།
མང་ཚོགས་ཀྱི་དོགས་གནས་བཞིན་གནད་འཁེལ་འཐུས་ཚང་ཅན་གྱི་བཅར་འདྲི་གནང་བར་མངོན་པར་བསྟོད་དོ།།
ཕྱི་རྒྱལ་རོགས་ཚོགས་ནས་ང་ཚོའི་
སྒྲིག་འཛུགས་ལ་ཇུས་རྟོགས་ནམ་
ཡང་བྱེད་ཆོག་གི་མ་རེད་དོ་།
ལན་དེ་ཚོ་མགོ་བདེ་རང་རེད། གནད་ལ་ཕོག་དུས་གཡོལ་གང་ཐུབ་དང་། དཀའ་གནས་མེད་ས་ན་རྒྱས་བཤད་འདྲ་འདྲ། མགོ་སྐོར་བཏང་ཡས་དེ་འགྲོ་བ་མིའི་གཤིས་ལུགས་ཡིན་པ་འདྲ། ཧུ་ཧུ།
དབུས་འོས་ལས་ཁུངས་རྒྱུན་ལས་རྣམས ངེས་པར་དུ་སྔོན་འགྲོའི་འོས་བསྡུ་མ་བྱས་པའི་སྔ་རོལ་ན་བརྗེ་བོ་རྒྱག་དགོས གང་ཡིན་ཟེར་ན་དམངས་གཙོ་ཡོངས་སུ་རྡོག་རུལ་དུ་གཏོང་སོང ཀླུ་མཁར་བྱམས་ནས་འཇམ་དབྱངས་ནོར་བུ་ལ་འོས་བླུགས་ཀྱང ས་གནས་རྡ་ས་ནས་འོས་བསྡུ་གྲངས་འདྲེན་གསལ་བསྒྲགས་སྤེལ་ཟིནའང ཀླུ་མཁར་བྱམས་ཀྱིས་འཇམས་དབྱངས་ནོར་བུ་ལ་བླུགས་པའི་འོས་ཤོག་དེ་མཐོང་ཡ་མེད་པར་དུ་གྱུར་སོང་བ་རེད ཀླུ་མཁར་བྱམས་ནས་ངོ་དེབ་སྟེང་ངས་འོས་ཤོག་འཇམ་དབྱངས་ནོར་བུ་ལ་བླུགས་བཞག་པ་དེ གནས་ཆུང་ངམ་རྒྱ་ཆེན་སུས་རྐུས་པར་རེད་ཟེར་ནས་གསལ་བསྒྲགས་སྤེལ་མ་ཐག་ དུས་ཚོད་ཁ་ཁས མཚམས་ནས་འོས་ཤོག་ཁ་ཤས་ལྷག་འདུག་ཟེར སུས་འོས་བསྡུ་ལས་ཁུངས་ལ་ཡིད་ཆེས་བྱེད་དགོས་རེད ང་ཚོས་དམངས་གཙོ་ཟེར་སྙན་པོ་ཞིག་སྒང་ལ་བཞག་ཡོད་ཀྱང ཨ་མ་རྗེ་བཙུན་པདྨས་གཞུང་གི་གནས་ཡོད་མི་སྣ་དེ་འདྲ་ཞིག་གིས་ཀླུ་མཁར་བྱམས་ལ་སྨད་ར་དང་ཁ་རྡུང་དམའ་འབེབས་ཚད་ལས་བརྒལ་བ་བཏང་བ་དང ཀླུ་བྱམས་འོས་ཤོག་རྐུས་པ་སོགས་ལ་བལྟས་ན་ངོ་མ རྒྱ་མའི་བོད་གཞུང་ཟེར་བ་དེ་གཞིས་ཀ་ཆེན་པོ་བཞིས་ཟིན་ནས་བསྡད་ཡོད་ཟེར་བ་དེ་ལ་ཐེ་ཚོམ་གྱི་གནས་སུ་ངོ་མ་ལྷུང་སོང
ད་དུང་དྲི་བ་འགའ་ལུས་འདུག། ས་གནས་མང་པོར་འོས་མི་རེ་བཟུང་ལ་འདྲ་མཉམ་གྱི་ཐོབ་ཐང་མ་སྤྲད་པ་དང་། འོས་མི་རེ་འགས་འོས་མི་གཞན་ལ་མ་ཉེས་ཁ་གཡོག་བྱས་པ། བུ་ཁྱིམ་པདྨས་མངོན་སུམ་འཛེམས་མེད་འོས་བསྡུའི་ཁྲིམས་སྒྲིག་ལ་བརྩི་བཀུར་ཞུ་མི་དགོས་དོན། དམངས་གཙོའི་ཁེ་དབང་ཕྲོགས་དོན་སོགས་དྲི་བ་མང་ནི་རེད། འོན་ཀྱང་འོས་བསྡུ་ལྷན་ཁང་ནི་རང་དབང་ཅན་གྱི་སྡེ་ཚན་གྱི་ཞྭ་ཆེན་གྱོན་ནས་གཞན་དབང་གི་ལག་ན་ཡོད་པས་དྲི་བ་ལ་ལན་དུ་འབྲས་མེད་རེད་དོ།
ས་གནས་ཁ་ཤས་སུ་ཀླུ་མཁར་བྱམས་ལ་འོས་ཐོབ་པའི་འོས་བརླགས་པའི་དོག་པ་འདུག དགོས་ན་སྤྲོས་ཆོག
འོས་མི་ལ་ལ་ཧམ་ཤད་དང་མགོ་བདེ་བོའི་ཐོག་ནས་གཞུང་འབྲེལ་ཡིན་ཁུལ་གྱི་ས་གནས་གང་སོང་སྟེ། སྲིད་སྐྱོང་ཐོབ་ཆེད་ལོ་བཞིའི་རིང་བྱས་རྗེ་ཡོད་རབ་སོགས་བསླུ་བྲིད་ཀྱི་ཐབས་ལམ་སྣ་ཚོགས་སྤྱད་དེ་འགྲོ་སོང་གཏོང་མི་དགོས་ཐོག་ནས་འུར་བཤད་དང་འུར་བསྟོད་དགའ་བའི་མི་བུ་དག་ལས་འོས་མི་ཉུང་བ་ཞིག་ཐོབ་ཡོད་པ་ལ་ལྟོས་དང་། ད་དུང་འོས་བསྡུ་འགན་འཛིན་གྱིས་ཁོ་ཚོར་ཞུ་གཏུག་དེ་འདྲ་བྱུང་མ་སོང་། ཞེས་པའི་གཡོལ་ཐབས་དང་འཛེམས་གསོན་བྱེད་ཚུལ་ལ་ལྟོས་དང་། ཞུ་གཏུག་བྱེད་བྱེད་མཁན་ཞིག་མ་བྱུང་ཚེ་གང་བྱས་ཀྱང་ཁྲིམས་བསྒྲིགས་དང་མི་འགལ་བ་ཨེ་རེད། ད་དུང་འབྲས་སྤུངས་ནས་གྲྭ་བ་དེས་གྲྭ་ཚང་ནག་པོ་བཟོ་རྩིས་བྱས་པ་དེ་དངོས་ཡིན་ཡང་། གྲྭ་བ་དེས་བྱས་མི་འདུག་ཅེས་རྫུན་གཏམ་གྱི་ལན་བཏབ་པ་ལ་ལྟོས་ན་འོས་བསྡུ་འགན་འཛིན་གང་འདྲ་ཡིན་ནམ་སྙམ་མོ།།
ཀླུ་མཁར་གྱིས་ལབ་པ་ནང་བཞིན་འོས་གྲངས་ཁོངས་སུ་འཇམ་ནོར་འཁོད་འདུག རི་བོང་ཅལ་འདྲོགས་པ་ཚོ།
འདིར་ལྟོས། https://www.facebook.com/photo.php?fbid=838472559584139&set=a.226757470755654.47759.100002642078748&type=3&theater
ཡོ་སྲོང་་་་གང་བྱུང་ལབ་མི་ཉན
སྲོད་མཆོག་གཞུང་འབྲེལ་སྐོར་སྐྱོད་སྐབས མ་འོངས་ཆ་གཞི་བཤད་མེད་ལ་མ་འོངས་ལས་དོན་དེ་ལས་ཀྱང་བཤད་མེད ཚར་མ་རགས་པའི་བཀའ་ཤག་གིས་ལས་དོན་མཐའ་སྡོམས་བཤད་ཆོག་པ་ཞིག་རེད་མ་ཚད་སྲིད་སྐྱོང་ག་བ་ལ་ཕེབས་ན་ འོས་བསྡུ་ལས་ཁུངས་ཀྱི་མི་ཡོད་ཡོད་པ་ཡིན མ་འོངས་ལས་འཆར་དང་འབྲེལ་བའི་དྲི་བ་རིགས་ལ་ལན་རྩ་ནས་བརྒྱག་མ་སོང་ལ ག་འདྲ་ཡིན་ནམ་བསམ་པའི་ཁ་ཤས་ལ་མཉམ་དུ་ཡོད་པའི་འོས་བསྡུ་ལས་ཁུངས་མི་སྐད་འདྲིའིས་འདུག སྐོར་སྐྱོད་བྱས་པ་ཙམ་གྱིས་འོས་གྲངས་དེ་འདྲ་འཕར་གྱིས་ཡོད་ན་མང་་ཤོས བཀྲིས་དབང་འདུས་དང་སྤྱི་མཐུན་ཚོགས་གཙོ་གཉིས་ཡིན་དགོས་ས་ཡོད དགོན་ཁག་དང་སློབ་གྲྭ་འོས་མི་ཁ་ཤས་འགྲོ་མ་ཆོག་ས་ཚང་མ་ཕྱིན་སོང་བ་
དངོས་གནས་དྲིས་ལན་གནད་ལ་འཁེལ་པོ་གསུང་འདུག འོས་བསྡུའི་ཐད་ལ་བོད་མི་ཚོས་ཐུགས་ཁྲལ་གནང་དགོས་མི་འདུག
འོས་བསྡུའི་འགན་འཛིན་དང་ཕྱག་རོགས་རྣམ་པར་ཞུ་རྒྱུར། སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་མིའི་ཚད་གཞིའི་ཐོག་སྒྲིག་གསར་པ་ཞིག་ངེས་པར་དུ་གཏན་འབེབ་མཛད་རན་འདུག ད་ང་ཚོའི་བཙན་བྱོལ་སྒྲིག་འཛུགས་འདི་སྦོ་ལུག་ཡ་པ་འདྲ་ཡོང་གི་ཡོད་པ་འདྲ་བོ་འདུག གང་ཡིན་ཟེར་ན་ད་བར་བོད་མི་རིགས་བཀའ་དྲིན་གྱིས་བསྐྱངས་པའི་༸གོང་ས་དོན་གྱི་དོན་གྱི་བདག་པོ་ལ་གཞི་མེད་ཀྱི་བསྙོན་འཛུགས་དང་། རྒྱལ་འཚོང་བ་རེད་ལབ་པ་དང་། འོས་གཞིར་ལངས་མཁན་རེ་ཟུང་གི་ཁ་ནས་གང་ཡོང་བཤད་བསྡད་པ་འདི་ཚོ་ཡག་རྟགས་ཤིག་གཏན་ནས་མ་རེད། གང་ལྟར་༸སྐྱབས་མགོན་རིན་པོ་ཆེའི་མཚན་གནས་དེ་བཅའ་ཁྲིམས་རིན་པོ་ཆེའི་ནང་གཏན་འབེབས་མཛད་ཡོད་པ་རེད། ཁོང་ལ་རྒྱལ་འཚོང་བ་རེད་ལབ་ན་བཅའ་ཁྲིམས་ལ་རྩིས་མེད་བཏང་དང་ཁྱད་པར་གང་ཡང་མི་འདུག དེ་དང་དེའི་མཚོན་པའི་གནས་ཚུལ་གང་མང་ཞིག་གླེང་གཞིར་བཞག་ནས་སྒྲིག་གཞི་ཅིག་ངེས་པར་དུ་བཟོ་རོགས་གནང་ཞུ་རྒྱུའི་འབོད་སྐུལ་ཡིན།
གོང་ས་མཆོག་ནས་ང་ཚོས་ལ་ཆབ་སྲིད་ཀྱི་ཁེ་བཟང་ཏིལ་འབྲུ་ཙམ་ཡང་མ་རགས་པ་བོད་རྒྱལ་ཁབ་ཀྱི་བདག་དབང་བློས་བཏང་ནས་ རྒྱ་ནག་ཁྱབ་ཁོང་སུ་བསྡད་ཀྱིས་ཡིན་གསུང་པ་དང ལོ་སུམ་སྟོང་ཡན་མན་ལ་ལོ་རྒྱུད་ཡོད་པའི་དོན་གྱི་བོད་གཞུང་དེ་༡༩༥༢གྲོས་མཐུན་དོན་ཚན་བཅུ་བདུན་བཞག་ནས་ཤོར་ཡོད་ལ མིང་གི་བོད་གཞུང་དེ་༢༠༡༡མཐའ་བསྡུད་ཡ་ལ་དེ་ནས་བཟུང་ཚོགས་པ་ཞིག་ངོ་བོ་མ་གཏོགས་གཞུང་དང་རྒྱལ་ཁབ་ཟེར་བ་བརླགས་ཟིན་པ་རེད་ ཡིནའང་ང་ཚོས་བློས་བཏང་ཆེན་པོ་དེ་འདྲ་གནང་ཡང་རྒྱལ་ཁབ་ཁ་ཤས་ནས་དབུ་མའི་ལམ་ལ་རྟགས་མ་གནང་བ་ཙམ་ཕུད རྒྱ་ནག་གཞུང་ནས་ཆབ་སྲིད་ཐོག་ཁེ་བཟང་ཏིལ་འབྲུ་ཙམ་ཡང་སྤྲད་མ་མྱོང་བ་མ་ཚད་་འཛམ་གླིང་ཚོང་དོན་བསྒྲིག་འཛུག་དང་རྒྱ་སྤྱིའི་ཨོ་ལམ་ཕེ་རྩེད་འདྲེན་སོགས་ཞུགས་ཁ་རགས་མ་ལ་བོད་རྒྱ་འབྲེལ་མོལ་ཟེར་བ་ཞིག་སྐྱབས་མགོན་རིན་པོའི་ཆེའི་མཚན་ཐོག་ནས་ཡོངས་བཅུག་ནས་འཛམ་གླིང་མི་དམངས་དང་བོད་རིགས་མི་དམངས་ལས་སླ་བོའི་ཐོག་ན་མགོ་བསྐོར་ཡོད དངོས་ཡོད་གནས་ཚུལ་ནི་འབྲེལ་མོལ་ག་་ཚོད་བྱས་ན་ཐམས་ཅད་རྒྱ་ནག་ལ་ཁེ་བཟང་མ་གཏོགས་ བོད་ཐོག་ཆབ་སྲིད་ཐོག་འདི་ཐོབ་ཡོད་ཟེར་དགོས་ཅི་གང་བཞག་ཏུ་མེད་ཞིག་གྱུར་པ་ཟུར་མཐོང་ལེགས་བལྟས་རེད་ཟེར སྐད་ཆ་དེ་རིགས་ལ་བདེན་པ་ཞིག་འདུག་བས་ ངས་ནི་མཐོང་མ་སོང་་་ཧ་ཅང་ཐལ་ཆེ་བའི་སྐད་ཆ་དེ་རིགས་མ་བཤད་ན་བཟང་
སྤྱི་མཐུས་ཚོགས་གཙོའི་དངོས་གཞི་འོས་མི་གསུམ་ལ་ངེས་པ་མེད་གསུང་སོང་། ཚོགས་གཙོ་ལ་མངོན་ཤེས་ཡོད་པ་རེད། ཧཧཧ།
ད་ཡིན་ན་འདུག ༸གོང་ས་མཆོག་གིས་མི་དམངས་ལ་གསོལ་རས་གནང་བའི་དམངས་གཙོའི་གཞུང་ནང་འཁྲབ་གཞུང་ལེའུ་གསར་བ་ཞིག་འགོ་བརྩམས་ཡོད་འདུག མ་གཞི་བཙན་བྱོལ་ནང་༸གོང་ས་མཆོག་མ་གཏོགས་དྲང་པོ་བཤད་མཁན་དང་སྒྲུབ་མཁན་མི་འདུག་ཅེས་བཤད་ན་མ་འགྲིག་པ་མེད། ཡ་ཡ་ཡ་འཁྲབ་ཏོ་ཚོ་མུ་མཐུད་འཁྲབ་རོགས།