ཀོ་ལི་གྷལ་གཞིས་ཆགས་གཞུང་པ་ཚེ་དབང་བསོད་ནམས།
བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་ལ་བསྐྱར་བཅོས་འགྲོ་དགོས་པ་དེ་མང་གཙོ་སྤྱིའི་འོས་བསྡུའི་ལམ་ལུགས་དང་མཐུན་པ་ཞིག་ཡིན་པ་ངོས་འཛིན་ཞུ་གི་ཡོད། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་མང་གཙོ་དང་ཁྲིམས་ཀྱིས་དབང་བསྒྱུར་དེ་གལ་ཆེན་ཡིན་པའི་ངོ་སྤྲོད་གནང་ཡོད་ན་ཡང་། ང་ཚོའི་སྤྱི་ཚོགས་ཆུང་ཆུང་འདིའི་ནང་སྲིད་སྐྱོང་དང་བོད་མི་མང་གི་སྐུ་ཚབ་སྤྱི་འཐུས་འོས་བསྡུའི་སྐབས་ཚོགས་པ་སྐྱིད་སྡུག་ཚོས་གཞི་རིམ་མི་མང་གི་མངོན་འདོད་དང་། མང་གཙོའི་རང་དབང་ཐོབ་ཐང་ལ་འགོག་རྐྱེན་བཟོས་ནས་སྔོན་འགྲོའི་འོས་དམིགས་མི་མང་ནས་རང་ཉིད་ཀྱི་མང་གཙོའི་ཐོབ་ཐང་བསམ་སྤྱོད་རང་དབང་ལ་འགན་འཁུར་ནས་འོས་དམིགས་མ་སྟོན་གོང་དུ། ཚོགས་སྐྱིད་ཁག་ནས་རང་ལྟ་ཕྱོགས་ལྷུང་ལ་འགན་འཁུར་ནས་ཕྱོགས་གཏོགས་དང་ལུང་ཚན་ཤོག་སྒྲིལ་བརྒྱུད་ནས་འོས་དམིགས་མི་སྣ་སྤྱི་ཚོགས་ནང་གསལ་བསྒྲགས་བྱེད་བཞིན་པའི་ལམ་ལུགས་འདི་མཐའ་གཅིག་ཏུ་བཀག་ནས། སྔོན་འགྲོའི་འོས་དམིགས་འདོན་མཁན་གྱི་སྒྲིག་འཛུགས་སམ་འོས་དམིགས་འདེམས་སྒྲུགས་ཚོགས་ཆུང་ཟུར་འཛུགས་དགོས་པ་དང་།
འོས་དམིགས་འདེམས་སྒྲུགས་ཚོགས་ཆུང་ནང་ཆོལ་ཁའི་སྐུ་ཚབ་དང་ཆོས་ལུགས་ཀྱི་སྐུ་ཚབ། འཛིན་སྐྱོང་བཀའ་ཤག་གི་སྐུ་ཚབ། བོད་མི་མང་སྤྱི་འཐུས་ཀྱི་སྐུ་ཚབ་བཅས་ལས་སྒྲུབ་པའི་ཚོགས་ཆུང་ནས་སྲིད་སྐྱོང་དང་སྤྱི་འཐུས་བཅས་ཀྱིས་འོས་དམིགས་མི་འགྲོ་འདེམས་དགོས་པ་དང་། འོས་དམིགས་ནང་སྲིད་སྐྱོང་འོས་དམིགས་མི་གསུམ་དང་ཆོལ་ཁའི་སྤྱི་འཐུས་ལ་འོས་དམིགས་མི་སུམ་བཅུ་རེ་དང་ཆོས་རྒྱུད་རེ་ནས་འོས་དམིགས་མི་དྲུག་རེ་དང་། ཕྱི་རྒྱལ་དུ་ཡོད་པའི་སྤྱི་འཐུས་རེར་མི་གསུམ་རེ་བཅས་འོས་དམིགས་ལ་སྟོན་ནས་ཉིན་གྲངས་བཞི་བཅུ་ཞེ་ལྔའི་ནང་མི་མང་ནས་དངོས་གཞི་འོས་འཕེན་དགོས་པ་དང་། ཟླ་བ་གཅིག་གི་ནང་འོས་བསྡུ་ལས་ཁང་ནས་འོས་ཤོག་གི་སྒྲུབ་འབྲས་ཡོངས་ཁྱབ་གསལ་བསྒྲགས་གནང་དགོས་པ་ནི་གཞུང་མགྲོན་ཆུང་ལ་མི་མང་ལ་བརྡབས་གསིག་མེད་པ་དང་། ཚོགས་སྐྱིད་ཁག་དང་གང་ཟག་སྒེར་སོགས་ནས་ཕྱོགས་གཏོགས་དང་ལུང་ཚན་ཤོག་སྒྲིལ་ལ་འགན་འཁུར་ནས་ཞི་བའི་མི་མང་གི་མངོན་འདོད་ལ་དོ་ཕོག་གཏོང་མི་ཐུབ་པ་བཅས་མང་གཙོ་སྤྱིའི་འོས་བསྡུའི་ལམ་ལུགས་དང་མཐུན་ཆེ་བ་འོས་དམིགས་འདེམས་སྒྲུགས་ཚོགས་ཆང་ (Electrol College) or Candidate Selection committe) ངེས་པར་དུ་བཙུགས་ནས་ད་མུས་བཞིན་སྔོན་འགྲོ་དང་དངོས་གཞི་གཉིས་ཀ་མི་མང་ནས་འོས་འཕེན་བཞིན་པའི་ལམ་ལུགས་དེ་འཇུག་བསྡུས་ནས་གཞུང་མགྲོན་ཆུང་བ་དང་ཞི་བའི་མི་མང་ལ་བརྡབས་གསིག་མེད་པ་སོགས་མང་གཙོ་སྤྱིའི་འོས་བསྡུའི་ལམ་ལུགས་དང་མཐུན་ཆེ་བའི་འོས་བསྡུའི་ལས་རིམ་ནང་ང་ཚོ་བོད་མི་མང་ཁ་ཕྱོགས་ཐུབ་པའི་འོས་བསྡུའི་སྒྲིག་གཞི་ཚད་ལྡན་ཞིག་ཅི་ནས་གཏན་འབེབས་ཡོང་བའི་བསམ་ཤོག་ཏུ།