སྲོང་བཙན་བུ།
ད་ལོ་ནི་བཙན་བྱོལ་བོད་ཀྱི་འོས་འདེམས་བརྒྱུད་རིམ་ནང་གི་འཁྲུག་ཆ་དོད་ཤོས་དང་། དོ་སྣང་ཆེ་ཤོས་ཀྱི་འོས་བསྡུ་ཞིག་ཆགས་ཡོད་ཅེས་གསར་གནས་ཁག་གིས་ཡང་ཡང་བསྒྲགས་དང་སྒྲོག་གིན་ཡོད། འདི་ཟླའི་ཚེས་གསུམ་ཉིན། བཀའ་བློན་ཁྲི་པ་དང་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་ཤོག་དེ་ཚ་ཚ་འུར་འུར་གྱིས་བླུག་ཡོད། ད་ནི་ས་གནས་ཁག་ན་འོས་ཤོག་གྲངས་བཤེར་གྱི་སྐབས་འཁེལ་ཡོད། འོས་གྲངས་དེ་ཚོ་དབུས་འོས་བསྡུ་ལས་ཁུངས་ལ་མ་འབྱོར་གོང་རྒྱ་ཆེའི་མང་ཚོགས་ལ་འབྱོར་ཡོད།
ཁ་སྔོན་འོས་གཞིའི་སྐོར་གྱི་གླེང་སློང་ཆེན་པོ་བྱས་པ་དང་། ད་ཆ་འོས་གྲངས་སྐོར་དེ་གླེང་གཞི་ཆེན་པོ་ཆགས་ཡོད། དེ་ནི་འདི་འདྲ་རེད། སྦེལ་ཀོབ་ཀྱི་འོས་ཤོག་གྲངས་འབོར་ནི་མང་ཚོགས་ཀྱི་རྣ་བར་བསྒྲགས་སྔ་ཤོས་དེ་ཆགས་ཡོད། ད་ཆ་ཉིན་རེ་བཞིན་ས་གནས་ཁག་ནས་འོས་གྲངས་ཀྱི་སྐད་ཆ་གསར་པ་རེ་ཐོས་ཡོང་སྐབས། མང་ཚོགས་ཀྱིས་མཐའ་མའི་གྲངས་འབོར་ལ་ཚོད་དཔག་སྣ་ཚོགས་བྱེད་པའི་འུར་ཟིང་ཡང་ཇེ་ཆེར་འགྲོ་བཞིན་འདུག དཔེར་ན། སྦེལ་ཀོབ་ཁུལ་ནས་མདོ་སྨད་སྤྱི་འཐུས་ཀྱི་འོས་ཤོག་མང་ཤོས་དེ་ཐུབ་བསྟན་ལུང་རིགས་རེད། དེར་འོས་ཤོག་བརྒྱ་དང་ལྔ་བཅུ་ང་གསུམ་འདུག་ཅེས་ཉིན་ཤས་གོང་ནས་བསྒྲགས་འདུག་ལ། ཡང་མོན་གྷོ་ཊི་ཁུལ་ན་འོས་བསྡུའི་ཐོ་འགོད་བྱས་ཡོད་མཁན་མདོ་སྨད་པ་ལྔ་བརྒྱ་ཡོད་པ་དག་གིས་ཀྱང་ཐུབ་བསྟན་ལུང་རིགས་མཐོ་ཤོས་ལ་བསྐྱལ་འདུག་ཟེར།
གཞན་ཡང་སྦེལ་ཀོབ་ཁུལ་ནས་བློ་བཟང་སེང་གེར་འོས་ཤོག་སྟོང་ཕྲག་ལྔ་བརྒལ་བ་དང་། རྒྱ་རི་སྒྲོལ་མར་སུམ་བརྒྱ་ལས་མི་འདུག་ཅེས་ཀྱང་གོ་རྒྱུ་འདུག དཔེར་ན། ཁ་བརྡ་དྲ་དེབ་ཀྱི་མཆན་འདེབས་པ་ཞིག་གིས་བཀོད་པའི་མཆན་བུའི་ནང་། ༼ཀོ་ལི་སྒར་ནས་མཁས་དབང་བློ་བཟང་སེང་གེ་ལ་༦༠༠ལྷགབཀྲས་མཐོང་ལ་༣༠༠རྒྱ་རི་སྒྲོལ་མ་ལ༧༠། མོན་གྷོ་ཊི་ནས་བློ་བཟང་སེང་གེར་༣༠༠༠ལྷགབཀྲས་མཐོང་ལ་༧༠༠ལྷགརྒྱ་རི་སྒྲོལ་མ་༢༠༠། སྦེལ་ཀོབ་ནས་བློ་བཟང་སེང་གེ་ལ་༥༠༠༠ལྷགབཀྲས་མཐོང་མ་ཤེས།རྒྱ་རི་སྒྲོལ་མ་༤༠༠། ལ་དྭགས་ནས་བློ་བཟང་སེང་གེ་ལ་བརྒྱ་ཆ་དགུ་བཅུ། ངྷ་ལ་ཧོ་སི་ནས་བློ་བཟང་སེང་གེ་ལ་༡༣༠།བཀྲས་མཐོང་༣༠།རྒྱ་རི་སྒྲོལ་མ་༣།༽ ཞེས་དང་། ༼ ས་གནས་གང་ས་ནས་མཁས་དབང་བློ་བཟང་སེང་གེ་ཨང་༡དང་པོ་ཡིན་མིན་ལ་ཐེ་ཚོམ་ཁྱོན་ནས་མི་འདུགགོང་དུ་བཀོད་པའི་གནས་ཚུལ་འདི་དག་རྒྱ་གར་ཤར་ལྷོ་ནུབ་བྱང་ཀུན་ཏུ་ལག་འཛིན་ཁ་པར་ཐོག་འཕྲིན་ཐུང་སླེབས་ཀྱི་ཡོད་པ་རེད་འདུག༽ཅེས་བཀོད་འདུག་པ་ལྟར། ད་ཆར། ལག་འཁྱེར་ཁ་པར་དང་དྲ་ལམ་བརྒྱུད་སྔོན་འགྲོའི་འོས་ཤོག་གི་གྲངས་འབོར་དེ་ཉིན་རེ་ནས་ཉིན་རེར་ཇེ་གསལ་དུ་འགྲོ་བཞིན་ཡོད། འདི་ཡང་མང་ཚོགས་ཀྱིས་དོ་སྣང་བྱེད་སྟངས་ཤིག་དང་། འོས་ཤོག་གྲངས་བཤེར་བ་དག་གིས་མང་ཚོགས་ཀྱི་དོ་སྣང་ལ་དུས་ཐོག་གིོ་བདག་སྤྲོད་བྱས་པ་ཞིག་ཀྱང་རེད་འདུག
དགའ་སྤོབས་སྐྱེ་དགོས་པ་ཞིག་ལ། ད་ལྟའི་གྲངས་འབོར་འདི་དག་ངེས་གཏན་གྱི་གྲངས་འབོར་ཞིག་ཡིན་ན། རྒྱ་ཆེའི་མང་ཚོགས་ཀྱིས་ད་རེས་གཞོན་སྐྱེས་མི་རབས་ལ་ཡིད་ཆེས་ཆེ་བ་གནང་འདུག ད་ལྟའི་གནས་སྟངས་ལ་དཔག་ན། ད་ནི་གཞོན་སྐྱེས་མི་རབས་ཀྱིས་གཞུང་གི་འཛིན་སྐྱོང་ལ་ནུས་པ་འདོན་པའི་གོ་སྐབས་རག་རྒྱུ་ནི་ཐག་ཆོད་པའི་ཚད་དུ་འདུག བཀའ་ཁྲི་ནི་རླངས་འཁོར་ཁ་ལོ་བ་ཞིག་ཡིན་པའི་དབང་དུ་བཏང་ན། ད་ནི་རླངས་འཁོར་འདི་རྒྱལ་སྤྱིའི་སྟེང་ནས་ཁ་ཕྱོགས་བོད་ཡུལ་ལ་བསྒྱུར་ཏེ། རྒྱལ་ས་ལྷ་ས་བར་དུ་གཏོང་གི་རེད། དེ་དུས་བཀའ་བློན་གཞན་ཚོས་ཀྱང་རང་རང་ལྷན་ཁང་གི་རླངས་འཁོར་དེ་རྒྱལ་ས་ལྷ་སའི་ཕྱོགས་ལ་གཏོང་ཐུབ་ཀྱི་རེད། གཏོང་གིའང་རེད། དེ་ནས་གཞིས་བྱེས་ལྷན་དུ་འཛོམས་ཏེ། རླངས་འཁོར་ཚང་མ་བརྗེ་པོ་ཐེངས་གཅིག་བརྒྱབ་ནས། བོད་ཆོལ་ཁ་གསུམ་གྱི་ཁྱོན་ལ་ཡང་ནས་ཡང་དུ་གཏོང་གི་རེད། འདི་ནི་བོད་གཞིས་བྱེས་གཉིས་ཀྱིས་མི་ལོ་ལྔ་བཅུ་ལྷག་རིང་རེ་སྨོན་བསྐྱེད་པའི་མཐའ་མའི་འབབ་ཡུལ་རེད།
གསལ་བཤད།
༼རྩོམ་འདི་བོད་ཀྱི་དུས་བབ་དྲ་ཚིགས་ནས་འདྲེན་བཀོད་ཞུས་པ་ཡིན།༽
རྒྱ་གར་རྡོ་རྗེ་གླིང་ནས་བཁས་དབང་བློ་བཟང་སེང་གེས་འོས་ཤོག་ཤོར་ཡོད་པའི་གནས་ཚུལ་བྱུང་ཡོད་པ་ཙམ་དུ་མ་ཟད་རྡོ་རྗེ་གླིང་གི་བཟོ་གྲ་ནས་བཀྲས་མཐོང་ལ་འོས་མ་བླུགས་ན་ལས་གནས་ནས་ཕྱི་འབུད་གཏོང་ཉེན་ཡོད་པའི་སྐད་ཆ་ཞིག་ཀྱང་ཡོངས་ཁྱབ་ཏུ་གྲགས་འདུག གནད་དོན་དེ་རྡོ་རྗེ་གླིང་གི་བཟོ་གྲྭ་དེའི་སྤྱིན་བདག་སྲས་བསྟན་འཛིན་མཁས་གྲུབ་དང་འབྲེལ་དམ་ཟབ་ཡོད་ཚུལ་ཡང་ཤོད་ཀྱི་འདུག
བློ་བཟང་སེང་གེའི་སྐྱེས་ཡུལ་ནས་འོས་ཤོག་ཤོར་ཡོད་པ་དང་། དེ་མིན་ས་ཆ་གཞན་ནས་རྒྱལ་ཧ་ལས་པ་ཐོབ་ཡོད་པའི་གནས་ཚུལ་བྱུང་ཡོད།