ཐེ་བོ་སངས་རྒྱས།
རང་དབང་ཞི་བདེར་སྨོན་པའི་སྤུན་ཟླ་ཚོས།།
བཙན་གནོན་འོག་ནས་མགོ་བོ་མ་སྒུར་བར།།
བརྒྱ་ཕྲག་ཕོ་མོས་བདེན་དོན་ཀིར་བཏབ་སྟེ།།
རང་ཉིད་གསོན་སྲེག་མི་བྱེད་ཀ་མེད་ཐུག །
བླ་མར་སྤྱང་ཀི་ཟེར་ཞིང་རྒྱང་ཕུད་བཏང་།།
རིག་གཞུང་རྨོངས་དད་ཟེར་ཞིང་འཕྱ་ལད་བརྒྱབས།།
ཕ་སར་འཛུགས་སྐྲུན་ཟེར་ཞིང་གཏེར་ཁ་བསྔོགས།།
གནས་ལུགས་སུ་ཡིས་བརྗོད་ན་བཙོན་དུ་འཇུག །
དྲང་བདེན་ཤོད་མཁན་ཕྱུག་པོའི་མདུན་ན་འཁུམ།།
ཁྲིམས་ལུགས་རྩོད་མཁན་དབང་ཆེན་དྲུང་ན་ལྐུགས།།
སྤྱི་དམངས་ཟེར་ཡང་རྐང་འོག་གྲོག་སྦུར་དཔེ།།
ཀྱེ་མ་ང་ཚོའི་དཀའ་སྡུག་སུ་ཡིས་ཤེས།།
མི་ཡུལ་ས་མཐར་ལྷུང་བའི།།
ང་ཡི་ཕུ་ནུ་མྱིང་སྲིང་ཚོ།།
མི་ཡུལ་ག་ཚད་སྐྱིད་ཀྱང་།།
རང་ཡུལ་མིན་པར་མ་བརྗེད།།
མི་ཡུལ་ས་མཐར་ལྷུང་བའི།།
ང་ཡི་ཕུ་ནུ་མྱིང་སྲིང་ཚོ།།
གཞན་སྐད་ག་ཚད་མཚར་ཡང་།།
རང་སྐད་མིན་པར་མ་བརྗེད།།
མི་ཡུལ་ས་མཐར་ལྷུང་བའི།།
ང་ཡི་ཕུ་ནུ་མྱིང་སྲིང་ཚོ།།
གཞན་ཡིག་ག་ཚད་ཤེས་ཀྱང་།།
རང་ཡིག་མིན་པར་མ་བརྗེད།།