སྐལ་བཟང་རྒྱ་མཚོ།
ཉིན་ཤས་སྔོན་རྒྱ་གར་གྱི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་ཨ་མེར་ཁན་ལགས་ཀྱིས་གཙོ་གཉེར་བྱས་པའི་བདེན་པ་ཉིད་རྒྱལ་གྱུར་ཅིག་ satyam era jayate ཅེས་པའི་རྒྱ་གར་སྤྱི་ཚོགས་ཁྲོད་ཀྱི་གཟའ་འཁོན་དང་། བུད་མེད་ཀྱི་ཐོབ་ཐང་། ཕྲུག་གུ་མོ་དམར་གསོད་བྱེད་པ་སོགས་ཀྱི་ཐད་དཀའ་ངལ་དངོས་སུ་བརྒྱུད་མྱོང་བའི་མི་རྣམས་དང་བགྲོ་གླེང་རང་བཞིན་གྱི་འདུ་ཚོགས་ཆེན་པོ་ཞིག་བསྐངས་ཡོད་པ་དྲ་ལམ་བརྒྱུད་མཐོང་བ་ན། ད་གཟོད་གུས་པ་ལོ་ཤས་སྔོན་རྒྱ་གར་དུ་ཡོད་སྐབས་ཀྱི་ཡིད་འགུལ་ཐེབ་པའི་གནས་ཚུལ་ཞིག་ཕྱིར་དྲན་ཟབ་མོ་བྱུང་། དེ་ནི་ཕལ་ཆེར་ཚ་དྲོད་ཆེ་བའི་དཔྱིད་ཀའི་དུས་ཚོད་ཅིག་སྟེ། ཉིན་དེར་ང་ཚོ་སློབ་གྲོགས་ཁག་ཅིག་རྒྱ་གར་བྱང་ཕྱོགས་ཀྱི་ཆུ་བོ་གྲགས་ཅན་ཡ་མུ་ནའི་འགྲམ་དུ་ཆུ་རྩེད་བྱེད་པར་སོང་བ་ཡིན།
གུས་པར་མཚོན་ན་རྐྱལ་ལེགས་པོ་ཞིག་མི་ཤེས་ཀྱང་། གཙང་འགྲམ་དུ་འགྲོ་བར་ཧ་ཅང་དགའ་མཁན་ཞིག་ཡོད། ང་ཚོ་རླངས་འཁོར་བརྒྱུད་རླབས་ཀྱི་ཕྲེང་བ་འཕྱུར་བའི་གཙང་འགྲམ་དུ་སླེབས་པ་ན། གློ་བུར་དུ་བསིལ་རླུང་འཇམ་པོ་ཞིག་དང་ཕྲད་པས་ད་གཟོད་སྐྱིད་སྣང་དམིགས་བསལ་བ་ཞིག་ཚོར་བྱུང་། གཙང་འགྲམ་དུ་ལྕི་བའི་དྲི་མ་འཐུལ་བའི་རྒྱ་གར་གྱི་ཁྱིམ་ཚང་སྐྱོ་བ་མང་དུ་ཡོད་པ་ལས། ཕལ་མོ་ཆེ་ནི་ཧིན་དྷི་བ་ཡིན་མོད་ཀྱང་། དེའི་ཁྲོད་དུ་ཁ་ཆེའི་སྲོལ་འཛིན་པ་འགའ་རེ་ཡང་མཐོང་རྒྱུ་ཡོད།
ང་ཚོ་གཙང་འགྲམ་དུ་ཆུ་རྩེད་ལ་རོལ་ནས་ཡོད་པའི་སྐབས་དེར། རྒྱབ་ཕྱོགས་ཀྱི་གྲོང་ཚོའི་འདབ་ནས་རྒད་པོ་ཞིག་ང་ཚོའི་ཕྱོགས་སུ་སླེབས་ཀྱིན་པ་མཐོང་ཐུབ། འོན་ཀྱང་ང་ཚོས་དེར་དམིགས་བསལ་གྱི་དོ་སྣང་གང་ཡང་མ་བྱས། ག་ལེར་ང་ཚོ་དང་བར་ཐག་ཇེ་ཉེར་སོང་ཚེ། ཡ་མཚན་པ་ཞིག་ལ་ཁོང་ནི་བོད་རིགས་ཀྱི་རྒན་པོ་ལོ་དྲུག་ཅུར་ཉེ་བ་ཞིག་རེད། ཁོང་གི་མིག་ཟུང་དང་། གདོང་དབྱིབས་རྒྱ་གར་བ་ཞིག་དང་འདྲ་ཐབས་མེད་ནའང་། ནག་ཅིང་གཉེར་རིས་མོད་པའི་ཡ་ཐོད་ལས་ཀྱིས་ལོ་མང་རིང་ཚ་ཀློང་དུ་འཚོ་བ་བསྐྱལ་མྱོང་མཁན་ཞིག་ཡིན་པ་གསལ་པོ་ཤེས་ཐུབ།
ཁོང་གི་ལག་གཡས་སུ་ཕྱེད་འཁྱག་གིས་བསྡམས་པའི་ཁུ་ནག་འགྱིག་དམ་ཞིག་དང་། གཡོན་དུ་སྟབས་བདེའི་འགྱིག་ཕོར་འགའ་བཟུང་སྟེ་ང་ཚོར་བཀྲ་ཤིས་བདེ་ལེགས་ཀྱི་འཚམས་འདྲི་བྱེད་ཀྱིན་ཉེ་སར་སླེབས་བྱུང་། དེ་ལྟར་ཁོང་དང་མཉམ་དུ་འཚོ་བའི་ཁག་དང་འབྲེལ་བའི་གནས་ཚུལ་སྐོར་གྱི་ཁ་བརྡ་མང་པོ་ཞིག་བྱས་རྗེས། རིམ་གྱིས་གནས་འདིིའི་ཡུལ་མི་རྣམས་ཀྱིས་གཙང་འགྲམ་དུ་སྐྱེས་མ་ཐག་པའི་ཕྲུག་གུ་མང་པོ་གཡུག་མྱོང་བའི་སྐོར་བཤད་བྱུང་།
སྐབས་དེར་མིག་མཐའ་སྨུག་ཞག་གིས་བཟུང་བའི་རྒྱ་གར་གྱི་བུ་མོ་ཆུང་ཆུང་ཞིག་ང་ཚོའི་ཉེ་སར་སླེབས་བྱུང་བ་ཁོང་གིས་མཐོང་མ་ཐག པ་སངས་འདིར་ཤོག་ཅེས་སྐད་བཏང་སོང་། ཁོང་གིས་བུ་མོ་ཆུང་ཆུང་དེར་བོད་མིང་གིས་བོས་པ་ཚོར་མ་ཐག་ཁོ་བོར་ཆེས་དམིགས་བསལ་གྱི་ཚོར་སྣང་ཞིག་བྱུང་། དེའི་རྒྱུ་མཚན་ཡང་། ཁོ་བོ་རྒྱ་གར་དུ་སླེབས་ནས་མི་ལོ་བཅུ་གྲངས་ཤིག་འདས་ཀྱང། ད་བར་ཕན་རྒྱ་གར་བའི་བུ་མོ་གཤའ་མ་ཞིག་ལ་བོད་མིང་གིས་བོས་པ་ཐོག་མར་གོ་བས་ཡིན། དེ་ལྟར་ཁོང་གིས་ང་ཚོར་འགྲེལ་བཤད་བྱེད་དོན། བུ་མོ་ཆུང་ཆུང་དེ་གཙང་འགྲམ་ནས་ཁོང་གིས་སྐྱེས་མ་ཐག་པའི་ཕྲུག་གུ་ཁྲག་གིས་བརླན་ནས་ཡོད་པ་འགའ་ཞིག་རྙེད་པའི་ནང་གི་མཐའ་མ་དེ་ཡིན་ཚུལ་གསུངས་བྱུང་།
ཁོང་གིས་དེ་ལྟར་གནས་ཚུལ་རིམ་པར་བཤད་སྐབས་ཁྲ་རིལ་རིལ་གྱི་མིག་ཟུང་ལས་བྱམས་བརྩེ་ནི་མི་ཚེའི་སྙིང་པོ་དང་། དྲང་བདེན་ནི་རྒྱུ་འབྲས་ཀྱི་ཉམས་ལེན་རྣལ་མ་དེ་ཡིན་པ་ང་ཚོར་སེམས་གཏིང་ནས་བརྡ་ལན་ཞིག་གཏོང་བཞིན་པའི་ཚོར་སྣང་ཟབ་མོ་བྱུང་། མི་འགྱངས་བར་རྒྱ་གར་གྱི་ཕྲུག་གུ་བུ་མོ་གསུམ་དང་། བུ་གཅིག་བཅས་ང་ཚོའི་སར་ཡོང་སྟེ་གུས་ཉམས་དང་བཅས་བཀྲ་ཤིས་བདེ་ལེགས་ཀྱི་འཚམས་འདྲི་བྱས་པ་མཐོང་དུས། ངའི་ལུས་སེམས་ཧྲིལ་པོ་གློ་བུར་དུ་དགའ་སྐྱོ་འདྲེས་མའི་ཚོར་བ་ཞིག་གིས་གཅུན་ཡོང་གི་འདུག རང་གི་ཤ་ལས་ཆད་པའི་བུ་ཕྲུག་གཉིས་ཡོད་པའི་རྒན་པོ་འདིར་མཚོན་ན། ཁོ་རང་གི་འཚོ་བའི་ཆ་རྐྱེན་ཧ་ཅང་བཟང་རྒྱུ་མེད་ནའང་། ཆུང་དུས་ནས་ཕ་མས་སྙིང་རྗེ་མ་ཐོབ་པའི་ཕྲུག་གུ་དེ་ཚོའི་འབྱུང་འགྱུར་གྱི་མི་ཚེའི་ཆེད། དཀའ་ངལ་མང་པོ་ཞིག་གདོང་ལེན་བྱས་པའི་དོན་དངོས་ཀྱི་ལོ་རྒྱུས་ཤེས་རྟོགས་བྱུང་སྐབས། ངས་ད་གཟོད་ལས་རྒྱུ་འབྲས་བཀུར་བའི་མི་ཞིག་གི་རིན་ཐང་གསལ་པོ་རྟོགས་བྱུང་ལ། བོད་མི་རྒན་པོ་འདིས་རྒྱ་གར་གྱི་སྤྱི་ཚོགས་ཁྲོད་བཞག་པའི་རླབས་ཆེན་གྱི་མིག་དཔེ་དེར་རང་ཉིད་ཐེ་བའི་བོད་མི་ཚོས་སློབ་སྦྱོང་བྱ་དགོས་པའི་སྐུལ་མ་བྱ་འདོད་བྱུང་།
ད་དུང་། བདེན་པ་ཉིད་རྒྱལ་གྱུར་ཅིག་ satyam era jayate ཅེས་པའི་རྒྱལ་ཡོངས་རང་བཞིན་གྱི་བགྲོ་གླེང་འདིའི་གར་སྟེེགས་སྟེང་གཙང་འགྲམ་ནས་བདག་མེད་ཀྱི་ཕྲུག་གུ་བསྡུ་སྒྲིག་དང་། གསོ་སྐྱོང་བྱེད་བྱས་དང་བྱེད་བཞིན་པའི་བོད་རིགས་རྒན་པོ་ཁོང་མཉམ་ཞུགས་བྱ་ཐུབ་པ་བྱུང་ན་ཅི་མ་རུང་སྙམ་པའི་འདུན་པ་ཞིག་སེམས་གཏིང་ནས་རྦ་རླབས་ལྟར་འཕྱུར་བཞིན་པ་དེའོ། །
satyameva jayate
ཡག་པོ་བྲིས་འདུག ཐུགས་རྗེ་ཆེ།
ཤིན་ཏུ་ཡག་པོ་འདུག བྱམས་སེམས་ཅན་འདི་རིགས་ངོ་སྤྲོད་རྒྱུ་ཤིན་ཏུ་གལ་ཆེ་བར་བསམ། བཀའ་དྲིན་ཆེ།
དངོས་གནས་ཡག་པོ་འདུག་ཁོང་ནི་སྐྱེས་བུ་དམ་པ་སྦས་ཚུལ་གྱི་བླ་མ་ངོ་མ་དེ་རེད་ཡ། དེང་སང་སྤྲུལ་སྐུ་དང་བླ་ཆེན་ང་ཡིན་ཁོ་ཡིན་ཟེར་མཁན་དེ་ཚོ་ལ་
གཅིག་ལྟོས་དང། ཁ་ནས་ལས་རྒྱུ་འབྲ་ཁོ་ན་བཤད་བྱ་བ་ནི་མི་དགེ་བ་ཤར་དག་བྱེད་མཁན་ལུང་པ་གང་འདུག། དེང་སང་བླ་ཆེན་དང་སྤྲུལ་སྐུ་དག་
རྒྱ་ཆ་རྒྱ་ནས་་་་༩༠་་་ཁ་བཤད་དོན་དང་མི་མཚུངས་བའི་ཁྲམ་པ་ཁྱུ་གཅིག་རེད། ནང་ཆོས་ནི་དཔལ་འབྱོར་མཁོ་སྒྲུབ་དང་མི་མང་མགོ་སྐོར་གཏོང་བྱེད་
ཀྱི་ལག་ཆ་རུ་བེད་སྤྱོད་མི་གཏོང་བར་བླ་སྤྲུལ་དེ་ཚོ་གོང་གི་མི་རྒན་དེ་དང་འདྲ་བའི་བྱམས་སེམས་གཅིག་ཡོད་ན་ཅི་མ་རུང།
རྒད་པོ་ཁོང་ངོ་སྤྲོད་རེ་བྱ་མི་ཐུབ་བམ།
བླ་མེད་ཞབས་རྗེས་རང་རེད། ཞོར་ལ་བླ་སྤྲུལ་རྣམ་པར་ཁ་རྡུང་གཏོང་དགོས་ཡ་མིན་འདུག། བླ་མ་ཟེར་ན་མི་རེད། སྐྱོན་མེད་པའི་མི་འཇིག་རྟེན་འདིར་ཡོད་ཀྱང་མཐོང་མཁན་དཀོན། བསྐལ་བཟང་ལགས་གཙོས་སྐབས་དེ་དུས་ཡོད་པའི་རོགས་པ་རྣམས་ཀྱིས་གཙང་གྲམ་གྱི་མི་རྒན་བྱམས་སེམས་ཅན་དེ་ངོ་སྤྲོད་ཞིག་བྱུང་ན་་་་་
འོ་རེད་དགའ་སྐུ་ལགས། སྔ་ནས་ད་བར་བླ་སྤྲུལ་ཚོའི་སྐྱོན་དེ་ཚོ་ཆུང་ཆུང་མིན་ཆེ་ས་ནས་བཤད་ན་བོད་ཁམས་ཕུང་ལ་སྦྱོར་མཁན་བླ་སྤྲུལ་དེ་ཚོ་མིན་ན་
སུ་རེད། མི་ལོ་་་༡༣༠༠་ཙམ་གྱི་རིང་བླ་སྤྲུལ་དེ་ཚོའི་དགོས་པའི་བྱམས་སེམས་དང་གཞན་དོན་མ་སྒྲུབ། མི་དགོས་པའི་ཆོས་ལུགས་
འཐེན་འཁྱེར་གྱི་ནང་དམེ་ཁོ་ན་བྱས་ཏེ་་ས་་དགེ་་་བཀའ་་་རྙིང་་་བོན་་་དང་བཅས་པས་དུས་ཡུན་རིང་པོ་དེས་ནང་ནང་དམེ་ཁོ་ནའི་ལམ་ནས་དུས་ཚོད་
རྫོགས་ཟིན་པ་རེད། ངས་རྒྱས་སྤྲོས་མ་དགོས་པར་ལོ་རྒྱུས་དེབ་ཐེར་ནང་དུ་གསལ་ཡོད། ཐ་ན་རྒྱ་དམར་གུང་ཁྲན་ཏང་་་སྣ་འདྲེན་བྱེད་ཡོང་མཁན་
དེ་ཚོ་ཡང་བླ་སྤྲུལ་དེ་ཚོ་རེད་བ། ལར་ནས་དྲང་མོ་བཤད་ན་མི་མི་དགའ་ཟེར་བ་དེ་ལོས་བདེན།
བཅོམ་ལྡན་འདས་ཀྱིས།
་
རང་ཉིད་ཁོ་ནའི་བྱ་བ་དང་།
བྱ་བ་མིན་ལ་བརྟག་བྱ་ཡི།
གཞན་གྱི་གོ་རིམ་ལོག་པ་དང་།
བྱ་དང་བྱ་མིན་དག་ལ་མིན།།
་
མདོ་སྨད་པ་དགེ་འདུན་ཆོས་སྤེལ་གྱིས་བསྒྱུར་པའི་ཆོས་ཀྱི་ཚིགས་སུ་བཅད་པ་ནའོ།
དངོས་གནས་ཁྱེད་་ཀྱི་གསུངས་པ་བདེན་པ་ཡིན་ཚེ་དགའ་པོ་བྱུང། རྒན་པོ་དེའི་ཁ་པར་རམ་ཡང་འབྲེལ་བ་བྱེད་ས་ཞིག་འདིར་བཞག་ན་རྒན་པོ་དེ་ལ་རོག་རམ་དང་མི་དཔེ་བཟང་པོ་ཞིག་ཡོང་བ་རོག་པ་བྱེད་འདུན་དང་བྱེད་མཁན་ཡོད་པ་གོར་མ་ཆག། གུས་པ་ཡང་ཅིག་ཡིན།
མི་འདི་འདྲའི་རིགས་ལ་དོ་སྣང་མང་ཙམ་བྱེད་རོགས་དྲ་གྲོགས་ཡོངས་ལ་ཞུ་ཡིན།
ཡིད་རངས་ཡོད།
རྒད་པོ་སེམས་བཟང་ཅན་དང་དེའི་སྐོར་བྲིས་མཁན་གཉིས་ཀ་ལ་ཡག་བྱུང་བརྗོད་རྒྱུ་ཡིན།
དྲ་གྲོགས་ཚང་མར་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། རྩོམ་ཡིག་དེ་ནི་ལོ་ཤས་ཀོང་གི་དངོས་བྱུང་ཉིན་ཐོ་ཞིག་ཡིན། ཉིན་ཐོ་འདིས་གྲོགས་པོ་མི་ཉུང་པ་ཞིག་ལ་རྗེས་སུ་ཡི་རངས་ཀྱི་གོ་སྐབས་ཐོབ་པས། ཁ་སང་བསྐྱར་དུ་དྲ་ཐོག་ཏུ་བཀོད་པ་ཡིན། རྒད་པོ་དེ་ནི་དེ་སྔོན་རྡེརརྡུན་ཁུལ་གྱི་དམག་མི་རྒན་པ་ཞིག་རེད། ཁོ་རང་གི་ཆུང་མ་ཁམས་སྡེ་དགེ་ནས་ཡིན་ཞིང་། ད་ལྟ་ཡ་མུ་ན་གཙང་པོའི་འགྲམ་དེར་སྡོད་ཁང་འབྲིང་ཙམ་གྱི་ནང་འཚོ་བ་སྐྱིད་པོ་རོལ་ནས་བསྡད་ཡོད། དེ་སྔོན་ཡང་རྩོམ་ཡིག་འདི་བཀྲམ་རྗེས་གྲོགས་པོ་ཞིག་གིས་དོ་བདག་གི་རང་གི་པར་དང་བཅས་ཡོད་ན་བཟང་སྐད་བཤད་པ་བཞིན། ཁོ་བོ་ལན་གཅིག་རྒད་པོ་དེར་ཐུག་ཕྲད་དུ་གྲོགས་པོ་ཞིག་གི་འཕྲུལ་རྟ་གཡར་ནས་སོང་མོད་ཀྱང་། དེ་དུས་སྡོད་ཁང་དེར་མི་སུ་ཡང་བསྡད་མི་འདུག་པར་མ་ཟད། ཉིན་དེར་གནམ་གཤིས་ཀྱང་མི་བཟང་བས་ཆར་ལ་འཇིགས་ཏེ་བྲེལ་མྱུར་ཡང་ཕྱིར་ལོག་རྒྱག་དགོས་བྱུང་། གལ་སྲིད་ཁྱོད་ཚོ་འགྲོ་འདོད་ཡོད་ན། རྡེརརྡུན་བོད་པའི་དམག་སྒར་དུ་འགྲོ་བའི་ལམ་ཞོར་ཡ་མུ་ན་གཙང་པོའི་འགྲམ་གྱི་ཌཀཔཏི་ཞེས་པའི་གླིང་ག་དེ་བརྒྱུད་ནས་ཡར་སོང་ན། ཧ་ཅང་སྟབས་བདེ་ཡིན་པས་དེ་དོན་དགོངས་འཇགས་ཞུ།
བོད་ཀྱི་རྒན་པོ་དེས་གསུངས་བའི་གནས་ཚུལ་དང་ཁོ་རང་གི་འདྲ་པར་བཅས་རྒྱ་གར་གྱི་གསར་ཤོག་ཐོག་འགོད་ཐུབ་ན་ནུས་པ་ཞིག་ཐོན་གི་རེད་ལ།བོད་རིགས་ཀྱི་ཁྱད་ཆོས་ཞིག་ཀྱང་མངོན་གི་རེད།
ནམ་མཁའ་ལགས་ཀྱིས་གསུངས་པ་ལྟར་གུས་པས་ཀྱང་བསམས་མོད། ཕྱིས་སུ་རྒན་པོ་དེར་མཇལ་རྒྱུའི་གོ་སྐབས་ཐོབ་མ་སོང་། འོན་ཀྱང་གྲོགས་པོ་འགར་བསྐུལ་མ་བྱས་ན་གོ་སྐབས་དེ་འདྲ་ཡོང་རེ་ཆེ་བས་དེ་ཕྱོགས་ནས་ངས་ཀྱང་ཐབས་རེ་ཨེ་འཁྱོངས་ལྟ་ཡོང་ལགས།