ཨེ་མ་ཧོ།
ན་མོ་གུ་རུ་བུདྡྷ་ཛྙྰ་ན་ཡེ། ཉན་རང་ཆོས་ལ་བློ་ཕུག་གཏད།།རྟེན་འབྲེལ་བཅུ་གཉིས་ལུགས་ལྡོག་སྒོམ།།རྒྱུ་འབྲས་ཆོས་ལ་ཡིད་ཆེས་པ།།དབང་པོ་ཐ་མའི་ཡང་དག་ལྟ།།བྱང་ཆུབ་སེམས་ལ་སྨོན་འདུན་བྱས།།ཕྱིན་དྲུག་སྤྱོད་པས་གཞན་དོན་སྒྲུབ།།ཆོས་ཀུན་སྣང་སྟོང་ཟུང་འཇུག་རྟོགས།།དབང་པོ་འབྲིང་གི་ཡང་དག་ལྟ།།སྣོད་བཅུད་ཡུལ་ལ་གཟུང་འཛིན་ཆོས།།བལྟ་བྱ་ལྟ་བྱེད་བལྟས་པ་གསུམ།།དབྱེར་མེད་དབུ་མ་ཉིད་དུ་རྟོགས།།དབང་པོ་རབ་ཀྱི་ཡང་དག་ལྟ།།སྣང་སྲིད་རྣམ་དག་ལྷ་སྐུ་ལ།།གཟུང་འཛིན་བྲལ་བའི་ངང་ནས་སྒོམ།།དག་པ་རབ་འབྱམས་ལོངས་སུ་སྤྱོད།།དབང་པོ་ཡང་རབ་ཡང་དག་ལྟ།།ད་དུང་ཡང་དག་ལྟ་བའི་གནད།།ཕྱག་རྫོགས་གདམས་པའི་མན་ངག་གིས།།འཁྲུལ་རྟོག་བདེ་ཆེན་ཡེ་ཤེས་དང་།།ཆོས་སྐུའི་དགོངས་ཟབ་ཡང་དག་ལྟ།།ཡང་དག་ལྟ་བའི་མིག་ཡོད་ན།།ཡང་དག་སྒོམ་པའི་འོག་འདོན་ནས།།ཡང་དག་ཐར་བའི་གོ་འཕང་ཐོབ།།ཡང་དག་མཛོད་ཅིག་སྙིང་གི་གྲོགས།།
ཞེས་པ་འདི་ཡང་དྲ་ཐོག་ལས་པཎ་ཆེན་ནམ་མཁའ་འོད་གསལ་གྱིས་ཡང་དག་ལྟ་བའི་འཛིན་མཚམས་ཅི་འདྲ་ཡིན་ནམ་ཞེས་པའི་ངོར་ཨེ་མ་ཧོས་ཐོལ་བྱུང་དུ་བྲིས་པས་འགྲོ་བ་ཀུན་ལ་ཡང་དག་ལྟ་བའི་མིག་བཟང་ཐོབ་པའི་རྒྱུ་རུ་གྱུར་ཅིག་གུ།། །།
ཡང་དག་ལྟ་དང་ཡང་མ་དག །
དབང་པོ་ཐ་དང་དབང་པོ་མཆོག །
དབང་པོ་ཡང་རབ་ང་ལ་མེད། །
ཐམས་ཅད་རང་བརྒྱུད་སྦྱར་ནས་སྒོམས། །
སྐྱེས་བུ་ཆུང་འབྲིང་ཆེན་པོ་གསུམ། །
ཐབས་ཀྱིས་འབྱེད་ཀྱིས་ཤེས་རབ་མིན། །
ཤེས་རབ་དབང་པོ་རབ་འབྲིང་ཐ། །
ཤེས་རབས་འབྱེད་ཀྱིས་ཐབས་ཀྱིས་མིན། །
སྐྱེས་བུ་ཆུང་ལའང་ཤེས་རབ་རབ་འབྲིང་ཐ། །
སྐྱེས་བུ་འབྲིང་ལ་དེ་དང་དེ་མཚུངས་གསུམ། །
སྐྱེས་བུ་ཆེ་ལའང་ཤེས་རབ་ཐ་འབྲིང་རབ། །
སྐྱེས་བུ་རྡོར་ཐེག་ཤེས་རབ་ཡང་རབ་བོ། །
རྡོ་རྗེ་ཐེག་གི་རྣམ་འབྱོར་དབང་རྟུལ་དང་། །
རྡོ་རྗེ་ཐེག་གི་རྣལ་འབྱོར་དབང་འབྲིང་དང་། །
རྡོ་རྗེ་ཐེག་ལ་རྣལ་འབྱོར་དབང་རྣོན་སོགས། །
རྡོར་ཐེག་བཞི་ལའང་གསུམ་གསུམ་གསུམ་གྱིས་སྦྱོརད། །
ཨེ་མ་ཧོ་ལགས། ཡག་བྱུང་། གོ་རྒྱུ་འདུག ཐུགས་རྗེ་ཆེ།