ཡེ་ཤེས།
ཉིན་དང་པོ། ཉི་མ་ལྷ་སར་མ་སོང་བར་ལོ་ངོ་གཉིས་ལྷག་ཙམ་འགོར་སོང་། ལོ་ངོ་གཉིས་པོ་འདིའི་རིང་། ངས་ལྷ་ས་མ་ཡིན་པའི་ཡུལ་གྲུ་གཞན་ནས་རང་གི་ལས་དབང་གི་འགྱུར་བ་མང་པོ་མྱངས་ཤིང་། ལྷ་ས་ན་སྡོད་པའི་རང་ཉིད་ཁོ་ན་ལས་བརྒལ་ཏེ་རང་ཉིད་གཞན་པ་མང་པོ་ཞིག་ཀྱང་མཐོང་། འཚོ་བ་དང་རང་སྟེང་གི་འགྱུར་བ་དེ་དག་ཡོད་ཚད་ནི་ཇི་འདྲའི་ངོ་མཚར་ཆེ་ཞིང་བསམ་ལས་འདས་པ་ཞིག་རེད་ཨང་།
ད་ལྟ་དགོང་མོའི་ཆུ་ཚོད་དགུ་དང་ཕྱེད་ཀ་ཏག་ཏག་རེད། དགོང་མོ་འདིར་ང་རང་ཡང་བསྐྱར་མེ་འཁོར་ཐེངས་Z9816ལ་བསྡད་དེ་ཉི་མ་ལྷ་སའི་ཕྱོགས་སུ་བསྐྱོད་ཀྱིན་ཡོད། ངས་བསམ་ན། གལ་ཏེ་མདང་དགོང་རྨི་ལམ་དེ་འདྲ་ཞིག་མ་རྨིས་པ་ཡིན་ན། ང་སྔོན་མའི་འཆར་གཞི་ལྟར་ཉི་མ་གསུམ་གྱི་རྗེས་སུ་ད་གཟོད་ལྷ་སའི་ཕྱོགས་སུ་ཆས་ངེས་ཡིན་མོད། མདང་དགོང་རྨི་ལམ་དམིགས་བསལ་བ་དེ་འདྲ་རྨིས་པས། དེ་རིང་གྲ་སྒྲིག་ཅི་ཡང་མེད་པའི་སྒོ་ནས་གློ་བུར་ལམ་ལ་མི་ཆས་ཀ་མེད་བྱུང་། འོན་ཀྱང་། འདི་ནི་བདག་གི་བཀོད་སྒྲིག་མ་ཡིན་པར་གནམ་གྱི་བཀོད་སྒྲིག་ཡིན་ཞེས་བཤད་ཆོག་སྟེ། འདི་དག་ཡོད་ཚད་ལ་ངས་འཆར་གཞི་གང་ཡང་འཐེན་མེད། འདི་ལྟར་བསམ་ན། ངས་རང་དབང་མེད་པར་ཉིན་འགའི་སྔོན་ལ་བཀླགས་པའི་ཨ་རིའི་བརྩམས་སྒྲུང་༼ཨར་ཀན་གྱི་གཏམ་རྒྱུད་༽ཅེས་པའི་ཁྲོད་ཀྱི་ཚིག་ཅིག་དྲན་བྱུང་སྟེ། དེ་ནི་མི་ཚེ་ནི་ཆོ་ཀི་ལེ་སྒམ་གང་དང་མཚུངས་ཏེ། ལག་པ་སྒམ་ནང་དུ་འཇུག་དུས་ཁྱོད་ཀྱིས་བྲོ་བ་རིགས་གང་གི་ཆོ་ཀི་ལེ་ལེན་ཐུབ་པ་ནམ་ཡང་རྟོགས་ཀི་མ་རེད་ཅེས་པ་དེའོ།།
བདག་ལ་མཚོན་ན་མཚོ་སྔོན་ནས་ལྷ་སར་འགྲོ་བའི་ལམ་བར་ནི་ནམ་ཡང་བསམ་གཞིགས་དང་འཆར་ཡན་གྱིས་ཕྱུག་པའི་གོ་རིམ་ཞིག་ཡིན། སྐབས་མང་ཤོས་སུ། ལམ་སྐབས་འདི་ནས་ང་རང་གཞན་དང་ཁ་བརྡ་བྱེད་རྒྱུར་སྤྲོ་བ་མེད་ཅིང་། ཁ་པར་དང་གློག་བརྙན་ལ་བལྟས་ནས་དུས་ཚོད་འདའ་རུ་འཇུག་པར་དེ་བས་ཀྱང་སྤྲོ་བ་མེད། གཉིད་ལོག་པའི་གོ་རིམ་ཁྲོད་ནས་རིན་ཐང་ཆེ་ཞིང་སྤྲོ་སྐྱིད་ལྡན་པའི་དུས་ཚོད་འདི་ཕར་ལ་སྐྱེལ་རྒྱུ་ནི་དེ་བས་ཀྱང་བློས་མི་ཐོངས་པ་ཞིག་ཡིན། མེ་འཁོར་གྱི་སྒེའུ་ཁུང་ལས། ངས་རྟག་པར་ཁ་ཁུ་སིམ་མེར་རྒྱ་ཡངས་པའི་ཡུལ་ལྗོངས་དང་། རྒྱང་རིང་གི་གནམ་ས་འདྲེས་མཚམས་སུ་ཁེར་རྐྱང་དུ་འཆར་བའི་མཚམས་སྤྲིན་དམར་པོ་ལ་ལྟ་བཞིན། མི་ཚེ་དང་འཚོ་བ་ལ་བསམ་གཞིགས་བགྱིས་པ་ཡིན་ཞིང་། བདག་ལ་མཚོན་ན།འདི་ནི་བརྗོད་ཐབས་བྲལ་བའི་བདེ་སྐྱིད་ཅིག་ཡིན། འོན་ཀྱང་། སྐབས་ལན་རེར་ཕྱི་རོལ་ལ་མ་བལྟས་པར་རྣམ་ཤེས་རང་གི་མཐའ་འཁོར་ལ་གཏད་ན། རྟག་པར་མི་རྣམས་ཀྱི་བྱ་སྤྱོད་འདྲ་མིན་སྣ་ཚོགས་མཐོང་ཐུབ། ངས་ཁོ་ཚོ་ལ་དཔྱད་བརྗོད་གང་ཡང་སྤེལ་མི་འདོད་ཀྱང་། སེམས་སུ་དྲན་པ་དྲང་མོར་ལབ་ན། ཁོ་ཚོའི་བྱེད་སྟངས་མང་པོ་ཞིག་ནི་དངོས་གནས་ཧ་མི་གོ་བ་ཞིག་རེད་དེ། མི་ཁ་ཤས་ཤིག་མེ་འཁོར་དུ་འཛུལ་མ་ཐག་ནས་གཉིད་ལོག་པ་དང་། མང་ཤོས་ཀྱིས་ལམ་སྐབས་ཧྲིལ་པོར་ཁ་པར་རྩེད། ཁ་ཤས་ཀྱིས་ཉི་མ་མ་ཆོད་པར་ཤོག་ཕེ་རྩེད་པ་དང་གཞན་ལ་ཁ་བརྡ་བྱེད་པ་སོགས་བྱས་ཏེ་ཉི་མ་ཆོད་ཐབས་བྱེད། ཁོ་ཚོར་མཚོན་ན། མེ་འཁོར་ལ་འདུག་པ་ན་ས་ཆ་གཅིག་ནས་ས་ཆ་གཞན་ཞིག་ཏུ་ཐོན་པའི་ཆེད་ཁོ་ན་རེད། ཁོ་ཚོར་མཚོན་ན་མེ་འཁོར་ལ་འདུག་པ་ནི་དམིགས་ཡུལ་ཁོ་ན་ཡིན་པ་བསམ་ན་རང་དབང་མེད་པར་སེམས་སྐྱོ་བ་ཞིག་རེད་དེ། ཆུ་ཚོད་ཉེར་གཅིག་གི་དུས་ཡུན་དེ་ཕར་ལ་སྐྱེལ་ཐབས་ཙམ་བྱས་ན་དེ་ནི་ཇི་འདྲའི་ཆུད་ཟོས་ཤིག་རེད་ཨང་། འོན་ཀྱང་། བསམ་བློ་ཞིབ་ཏུ་བཏང་ན། ཆུ་ཚོད་ཉེར་གཅིག་ཙམ་མ་ཡིན་པར། ང་ཚོ་མི་མང་ཤོས་མི་ཚེ་གང་པོར་འདི་ལྟར་འཚོ་བཞིན་ཡོད་པ་རེད་ཨང་། དངོས་གནས། གལ་ཏེ་ཁོ་ཚོས་འཚོ་བའི་ཆ་ཤས་གཞན་དག་ཏུ་སེམས་པ་ཅུང་ཟད་གཏད་པ་ཡིན་ན། ཁ་པར་དང་ཁ་བརྡ་ལས་བརྒལ་བའི་ལྟད་མོ་མང་པོ་མཐོང་ཐུབ་ཀི་རེད།
བདག་གི་སྔོན་མའི་འཆར་གཞི་ནི་ཚེས་པ་ཉེར་དགུ་ཉིན་ཏེ། ཏག་ཏག་ཉི་མ་གསུམ་གྱི་རྗེས་ནས་ལྷ་སར་བསྐྱོད་རྒྱུ་དེ་ཡིན་ཞིང་། ཚེས་པ་ཉེར་བདུན་ཉིན་ད་གཟོད་ལམ་ལ་མ་ཆས་གོང་སྒྲུབ་དགོས་པའི་དོན་དག་ཡོད་ཚད་བསྒྲུབ་རྒྱུ་དེ་ཡིན། དཔེར་ན་ཚེས་པ་ཉེར་བདུན་ཉིན་ལབ་ཙེ་ཁ་རུ་སོང་ནས་བསང་ཕུད་རྗེས། དགོང་མོ་དེར་ཨ་པ་བླ་མ་ཚང་ནས་ཞག་འདུག་བྱེད་པ་དང་། ཕྱི་ཉིན་ཨ་པ་བླ་མར་རླངས་འཁོར་ལས་བཙན་མོ་རུ་སྐྱེལ་དུ་འཇུག་རྒྱུ་ལྟ་བུའི་འཆར་གཞིའོ།། ཡིན་ཡང་། ང་འཆར་གཞི་ལྟར་མ་སོང་པར་ཁ་སང་ལབ་ཙེ་ཁ་རུ་སོང་པ་དང་ཨ་པ་བླ་མ་ཚང་ལའང་ཁ་སང་སོང་། དེ་ནི་འགྲིག་སྟེ།གལ་ཏེ་ཁ་སང་མ་སོང་པ་ཡིན་ན་ང་ད་ཐེངས་ལབ་ཙེ་ཁ་རུ་བསང་ཕུད་དུ་འགྲོ་མ་ཐུབ་པ་རེད། འདི་དག་ཡོད་ཚད་ངོ་མཚར་ཆེ་བ་ཞིག་རེད།
ཉིན་འགའི་སྔོན་ལ་ངས་རང་ཉིད་ལ་དམ་བཅའ་ཞིག་གནང་སྟེ། ཉི་མ་དེ་རིང་ནས་བཟུང་ནན་ནན་ཏིག་ཏིག་གིས་བདག་གི་མིག་མདུན་དུ་བྱ་བ་ཅི་ཞིག་ཐོན་ན་དེ་བསྒྲུབ་རྒྱུ་ཡིན་ལ། བདག་གི་བརྩོན་འགྲུས་ལ་འབྲས་བུ་འཐོབ་མིན་སོགས་ཀྱི་སེམས་ཁྲལ་དང་དྲི་བ་ཡོད་ཚད་རྗེ་བཙུན་སྒྲོལ་མ་ཁོ་ནར་བཅོལ་ཏེ། རང་ཉིད་ཀྱིས་དེ་དག་གི་ཕྱོགས་སུ་ཁ་ཡ་མི་བྱེད་རྒྱུ་བྱས། དེ་ནས་བཟུང་། བདག་གི་ནང་སེམས་སུ་སྔར་མེད་པའི་བདེ་བ་ཞིག་ཐོབ། ལྷག་པར་ཨ་རིའི་བརྩམས་སྒྲུང་༼ཨར་ཀན་གྱི་གཏམ་རྒྱུད༽ཅེས་པའི་བརྩམས་སྒྲུང་གིས་ང་ལ་རང་ཉིད་དང་རྗེ་བཙུན་སྒྲོལ་མའི་བར་གང་གིས་ཀྱང་མ་ཆོད་པའི་དད་པ་དང་ཡིད་ཆེས་བསྩལ། བདག་ལ་མཚོན་ན་རྗེ་བཙུན་སྒྲོལ་མ་ནི་རང་ཉིད་དང་འབྲེལ་བའི་ལས་ཕྲ་རགས་ཡོད་དོ་ཅོག་ཡིན་ཞིང་། རང་གི་བསམ་བློ་ཐམས་ཅད་ཀྱི་སྦུབས་སུ་བསྐུངས་པའི་འགྱུར་མེད་ཀྱི་རང་བཞིན་དེའང་ཡིན། བརྩམས་སྒྲུང་ཁྲོད་ཀྱི་མི་སྣ་གཙོ་བོ་ཨར་ཀན་ནི་མི་རྣམས་ཀྱི་མིག་ནང་དུ་གླེན་པ་གླེན་རྐྱང་གི་མི་ཞིག་ཡིན་མོད། དོན་དངོས་སུ་ཁོ་ནི་བློ་གྲོས་ཀྱིས་ཕྱུག་པའི་མི་ཞིག་རེད། ཁོའི་བློ་གྲོས་ནི་རང་དང་འབྲེལ་བ་ཡོད་མེད་ཀྱི་ལས་དང་དོན་དག་ཅི་རིགས་ལ་དཔྱད་བརྗོད་གང་ཡང་མི་སྤེལ་བར། ནན་ཏན་དང་རྣམ་དག་གིས་ད་ལྟའི་ཁྲོད་ཀྱི་དོན་དག་དག་ལ་འཇུག་རྒྱུ་དེའོ།། དེ་ནི་རང་ཉིད་དང་གཞན་གྱི་བར་གང་གིས་ཀྱང་མ་ཆོད་པར།ཐད་ཀར་གཞན་དང་འབྲེལ་བ་བྱེད་པའི་བློ་གྲོས་ཤིག་ཡིན།
ཉིན་གཉིས་པ། ད་ལྟ་ཡང་བསྐྱར་ཞོགས་པའི་དུས་ཚོད་ལ་སླེབས་པ་དང་། ཕྱི་རོལ་དུ་ཉི་འོད་ཆེམ་ཆེམ་འཕྲོ། གལ་ཏེ་ཀན་ལྷོའི་བོད་མི་དེས་སྐད་གསང་མཐོན་པོས་སྐད་ཆ་དེ་འདྲ་མང་པོ་མ་ལབ་པ་ཡིན་ན། ང་ད་དུང་མུ་མཐུད་དུ་ཆུ་ཚོད་འགའ་ལ་གཉིད་འདོད་མོད། ཁོས་བདག་གི་འགྲམ་ནས་ལམ་ཐག་ཧྲིལ་པོར་རྒྱ་ནང་ནས་སླེབས་པའི་སྨད་རྒྱ་དེ་དག་ལ་སྐད་ཆ་མང་པོ་ལབ་སོང་བས། ང་རང་གཉིད་ཡག་པོ་ཁུགས་སུ་མ་བཅུག ངས་དང་ཐོག་སྐད་ཆ་མང་ཞིང་གཞན་ལ་མཛུབ་སྟོན་སྣ་ཚོགས་བྱེད་པར་སྤྲོ་བར་གཞིགས་ན། མི་འདི་ཡུལ་སྐོར་སྣེ་ཤན་པ་ཞིག་མིན་ནམ་སྙམ་ཡང་། རྗེས་ཀྱི་སྐད་ཆར་བརྟག་ན་ཁོ་ཡུལ་སྐོར་སྣེ་ཤན་པ་མ་རེད། སྐབས་འདིར་ཕྱི་རོལ་གྱི་ཡུལ་ལྗོངས་ནི་ཧ་ལས་ཤིང་ཧང་སངས་པ་ཞིག་རེད་དེ། རྒྱང་རིང་གི་མཐའ་ཡས་པའི་རྩྭ་ཐང་དང་རི་བོ་དག་གིས་དབྱར་གྱི་ཁ་དོག་བསྣབས་ཤིང་། ཞོགས་པའི་ཉི་ཟེར་གྱི་ཁྲོད་ན་དེ་དག་ནི་ལྗང་མདོག་གི་རིན་པོ་ཆེ་རེ་རེ་དང་མཚུངས་པར་ལྗང་མདོག་གི་འོད་ཟེར་ལམ་ལམ་འཕྲོ། ཡུལ་འདིའི་ནམ་མཁའ་ནི་བདག་གི་ཕ་ཡུལ་མཚོ་སྔོན་པོའི་ནམ་མཁའ་ལས་ཀྱང་སྔོ་ཞིང་དྭངས་པ་ཞིག་རེད་ལ། རྒྱང་རིང་གི་རི་བོ་དག་གི་སྐེད་དུ་དར་དཀར་ལྟ་བུའི་སྨུག་པ་སྲབ་མོ་རེ་འཐེན་འདུག ཕྱི་རོལ་གྱི་ཡུལ་ལྗོངས་མཐོང་སྟེ་རྒྱ་མི་དག་གིས་དགའ་སྤྲོ་མནོན་པ་ཐུབ་པར་འུར་རྒྱག་མགོ་བརྩམས་བྱུང་ལ། འཁོར་སྒམ་ནང་སྔར་ལས་ཀྱང་འུར་ཆིལ་ལེར་གྱུར་སོང་བས། ད་ནི་གཉིད་ཐུབ་པའི་རེ་བ་དེ་བས་ཀྱང་མི་འདུག ལམ་སྐབས་ཀྱི་ཡུལ་ལྗོངས་ཀྱིས་བདག་ལ་རང་ཉིད་ཀྱི་ཕ་ཡུལ་དྲན་དུ་བཅུག ལོ་ངོ་འདི་དག་ལ། ང་དང་ཕ་ཡུལ་གྱི་བར་ཐག་ཇེ་ཉེར་ཕྱིན་ཅིང་ངས་ཕ་ཡུལ་གྱི་པང་ནས་སྔར་མ་རྙེད་པའི་མཛེས་སྡུག་དང་བརྩེ་བ་མང་པོ་རྙེད་སོང་། ད་ལྟ་ང་གང་དུ་སོང་ན་ཕ་ཡུལ་དྲན་ཞིང་ཕ་ཡུལ་ལ་ཞེན་ཞིང་ཆགས། ལྷག་པར་དུ་ད་ནིང་དོ་ཚིགས་ལ་ནད་ཡམས་ཀྱི་རྐྱེན་གྱིས་ཡུན་རིང་ཕ་ཡུལ་བསྡད་པ་དེས། ངས་སྔར་ལས་ལྷག་པའི་སྒོ་ནས་ཕ་ཡུལ་ལ་འབྲེལ་བ་གསར་བ་ཞིག་འཛུགས་ཐུབ་པ་བྱུང་། དེ་བས་མེ་འཁོར་ལས་ཕ་ཡུལ་དང་རྒྱང་ཐག་ཇེ་རིང་ནས་ཇེ་རིང་དུ་སོང་བ་དང་བསྟུན་ནས་ང་ལ་གར་ཡོང་མི་ཤེས་པའི་ཁེར་རྐྱང་གི་ཚོར་བ་ཞིག་སྐྱེས། འོན་ཀྱང་། འབྱུང་བཞིན་པ་དང་མ་འོངས་པར་འབྱུང་སྲིད་པའི་འགྱུར་བ་ཡོད་ཚད་འབྱུང་འོས་པ་ཁོ་ན་རང་ཡིན་པས། དེ་དག་ཡོད་ཚད་རྗེ་བཙུན་སྒྲོལ་མས་མཁྱེན།བདག་གིས་བཟང་ངན་གྱི་དཔྱད་བརྗོད་གང་ཡང་མི་སྤེལ་ཞིང་ཁོང་མོའི་ལས་ཀ་ལ་ཐེ་གཏོགས་ཅི་ཡང་མི་བྱེད།
བསམ་གཞིགས་དང་འཆར་ཡན་ཁྲོད་ནས། ང་ཡང་བསྐྱར་ཉི་མ་ལྷ་སའི་ཕྱོགས་སུ་བསྐྱོད་ཅིང་། ཐེངས་འདིར་ང་ནི་ཐེངས་སྔོན་མ་དག་དང་མི་མཚུངས་པར། རང་གི་བསམ་བློའི་ཁྲོད་ཀྱི་ཉི་མ་ལྷ་ས་དེ་བརྗེད་པར་བྱས་ཏེ། བྱིས་པ་ཞིག་གི་ངང་ཚུལ་འོག་ནས་ཉི་མ་ལྷ་ས་ལ་མཇལ་བར་འགྲོ་བཞིན་ཡོད།
ཉིན་གསུམ་པ། མདང་དགོང་གློག་འོད་ཁྲོད་ཀྱི་ཕོ་བྲང་པོ་ཏ་ལ་རྒྱང་མཇལ་བྱས། ཕོ་བྲང་པོ་ཏ་ལ་དང་མཇལ་རྒྱུ་ནི་བདག་གི་གྲོགས་པོ་མཱར་ཁི་ལགས་ཀྱི་རེ་བ་ཆེ་ཤོས་ཤིག་ཀྱང་ཡིན་མོད། ད་ལྟ་ཁོང་བོད་དུ་ཡོང་བར་དཀའ་ངལ་སྣ་ཚོགས་འདུག་པས། ད་རེས་ངས་ཁོང་གི་ཚབ་བྱས་ཏེ་མཆོད་མཇལ་མང་པོར་ཕྱིན་པ་ཡིན། ཕོ་བྲང་པོ་ཏ་ལ་དང་ཇོ་ཁང་། བརྟན་རྒྱས་གླིང་། རྨེ་རུ་རྙིང་མ་དགོན་སོགས་སུ་མཆོད་མཇལ་དུ་འགྲོ་དུས། ང་གང་དུ་ཐོན་ན་གྲོགས་པོ་མཱར་ཁི་ལ་གནས་དེའི་འདྲ་པར་བསྐུར་པ་ཡིན་ཞིང་། ཁོང་ལ་གནས་རེ་རེའི་གསལ་བཤད་ཉུང་ངུ་རེའང་བྱས་པ་ཡིན། གྲོགས་པོ་མཱར་ཁིས་ང་ལ་ཁོང་རང་ཉིད་ཀྱི་རྣམ་ཤེས་ད་ལྟ་ང་གང་དུ་ཐོན་གྱིན་ཡོད་པ་དེ་རུ་ཡོད་ཅེས་གསུངས་བྱུང་བས། ངས་སྔར་ལས་ལྷག་པའི་སྒོ་ནས་ནན་ཏན་དང་གཟབ་ནན་གྱིས་མཆོད་མཇལ་བླངས། བརྟན་རྒྱས་གླིང་གི་སྒྲོལ་མ་དཀར་མོ་ལ་མཇལ་དུས། ངས་མདོག་སྣ་ཚོགས་ཀྱི་མེ་ཏོག་ཉོས་ཏེ་མཆོད་རྫས་སུ་འཕུལ་ཞིང་། གྲོགས་པོ་མཱར་ཁི་ལགས་ཀྱི་རེ་བ་ལྟར་ཁོང་གི་ཚབ་བྱས་ནས་ཀྱང་སྒྲོལ་མ་དཀར་མོ་ལ་མེ་ཏོག་གི་མཆོད་རྫས་འཕུལ་བ་ཡིན།
ཕོ་བྲང་པོ་ཏ་ལའི་གཟི་བྱིན་དང་མཛེས་སྡུག་ནི་ངོ་མཚར་བསམ་གྱིས་མི་ཁྱབ་པ་ཞིག་རེད་ལ། རྒྱང་རིང་ནས་གཅིག་པུ་ཁ་ཁུ་སིམ་མེར་ཡར་ལངས་ཏེ་ཕོ་བྲང་པོ་ཏ་ལ་ལ་ལྟ་དུས། ང་རང་དངོས་གནས་མེས་པོ་ཚོའི་བློ་གྲོས་དང་མཛད་རྗེས་ལ་དད་པ་སྐྱེས། མངོན་སུམ་གྱི་མཛད་རྗེས་དག་གིས་ང་ལ་བོད་མི་རིགས་ནི་འཛམ་གླིང་གི་མི་རིགས་བླ་མེད་དེ་དག་དང་མཚུངས་པར། ངོ་མཚར་བའི་རང་བཞིན་དང་བློ་གྲོས་ལྡན་པའི་མི་རིགས་ཤིག་རེད་སྙམ་པའི་སྤོབས་པ་དང་ཡིད་ཆེས་བསྩལ། དགོང་མོ་ཕྱིར་མགྲོན་ཁང་དུ་ཐོན་དུས། ངས་དྲི་བ་མང་པོ་ཞིག་ལ་བསམ་གཞིགས་བྱས། ང་ཚོའི་མེས་པོ་དག་གིས་བོད་མི་རིགས་ནི་མ་གཞི་ནས་རླབས་ཆེན་དང་སྔོན་ཐོན་གྱི་མི་རིགས་ཤིག་ཡིན་པ་མངོན་སུམ་གྱིས་ར་སྤྲོད་གནང་འདུག་པས། ང་རང་ཉིད་ཀྱང་བོད་པ་ཞིག་ཡིན་པའི་ཆ་ནས་ཁོང་ཚོ་དང་ཆ་འདྲ་བའི་མི་ཞིག་འཁྱོངས་བར་བརྩོན་དགོས་ལ། དེ་འདྲ་ཡོང་བར་ག་རེ་བྱས་ན་འགྲིག་གམ། ངས་བསམ་ན་བོད་མི་རེ་རེས་ང་རྒྱལ་དང་སྙོམ་ལས་ཡོད་ཚད་དོར་ཏེ། ཁེངས་སྐྱུང་གི་སྒོ་ནས་རང་གི་མིག་མདུན་གྱི་བྱ་བ་ལ་ནན་ཏན་གྱིས་འཇུས་པ་ཡིན་ན། ང་ཚོས་མེས་པོ་ཚོ་ལ་འོས་མེད་བྱས་མེད་སྙམ། དངོས་གནས།མི་རིགས་ཀྱི་ལས་དབང་ནི་གླེང་དགོས་པ་ཞིག་མ་རེད་ལ། དེ་ནི་གཞན་ལ་ཁག་དཀྲི་དགོས་པ་ཞིག་དེ་བས་ཀྱང་མ་ཡིན་པར། སོ་སོས་རང་ངོས་ཁོ་ན་ནས་མགོ་བརྩམས་ཏེ་ལྷིང་འཇགས་ཀྱི་གྲུ་ཟུར་རེ་རེ་ནས་བརྩོན་པ་རྒྱག་དགོས་པ་ཞིག་རེད། དེ་ལ་སོ་སོའི་རུས་པའི་ནང་ན་རྐང་ཞིག་དགོས་པ་རེད་ལ། དེ་གཞན་ལ་ངོམས་དགོས་པ་ཞིག་མ་ཡིན་པར་རང་ཉིད་ཁོ་ནས་རྟོགས་ན་ཆོག དཔེར་ན་ཉི་ཧོང་མི་རིགས་དང་ཡཱ་ཧུ་ད་པའི་མི་རིགས་ལྟ་བུའོ།།
དེ་རིང་ཞོགས་པར་ཇོ་མཇལ་བླངས་ཤིང་། དེའི་རྗེས་སུ་བརྟན་རྒྱས་གླིང་ལ་ཕྱིན། ཉིན་གུང་སིལ་ཏོག་སྣ་ཚོགས་ཉོས་ཏེ་རྨེ་རུ་རྙིང་མ་རུ་ཡོད་པའི་ཨ་ཁུ་ངོ་ཤོས་ཁོང་དང་མཇལ་བར་ཕྱིན། ང་སོང་དུས་ཨ་ཁུའི་ལྷ་ཁང་གི་ཉིས་ཐོག་ལ་གཙང་སྒྲ་བྱེད་ཀྱིན་འདུག་པས། ངས་ཀྱང་ཁོང་ལ་རོགས་བྱས་ཏེ་གཙང་སྒྲ་བྱས་པ་ཡིན། ཨ་ཁུ་ཁོང་ནམ་ཡང་བབ་ཆགས་དང་མངོན་ཆུང་གི་མི་ཞིག་ཡིན་ཏེ། སྔོན་ཆད་ཁོང་གིས་འབྲས་སྤུངས་དགོན་པ་ནས་ནང་བསྟན་གྱི་གཞུང་ལ་སློབ་སྦྱོང་མང་པོ་གནང་ཡོད་པ་རེད་ལ། མཐར་ཕྱིན་དམ་བཅའ་ཡང་བཞག་ཡོད་པ་རེད། རྗེས་སུ་རྨེ་རུ་རྙིང་པ་རུ་བསྡད་དེ་ཉི་མ་རེ་རེར་ལྷ་མདུན་དུ་མཆོད་པ་བཤམས་པ་དང་། ལྷ་ཁང་གི་ཕྱི་ནང་ཀུན་དུ་གཙང་སྦྲ་བྱེད་ཀྱིན་ཡོད་པ་རེད། གཙང་སྦྲ་བྱས་རྗེས་ཨ་ཁུས་ང་ལ་ཇ་མངར་མོ་བླུགས་བྱུང་བས། ངས་ཇ་མངར་མོ་འཐུང་ཞོར་ཨ་ཁུས་མཆོད་པ་བཤམས་པར་བལྟས་པ་ཡིན། དུས་ཚོད་ཕྱེད་ཀ་ཙམ་གྱི་ཡུན་རིང་ལ། ཨ་ཁུས་ཐེངས་དུ་མར་མཆོད་པ་བཤམས་སོང་། ཁོང་གིས་འདི་དག་ཡོད་ཚད་གཅིག་གཅིག་གཉིས་གཉིས་ཀྱིས་བསྒྲུབས་སོང་སྟེ། ཐོག་མར་ལྷ་མདུན་གྱི་སྒོར་མོ་དག་ཤོག་སྒམ་ནང་དུ་འཕངས་པ་དང་དེ་རྗེས་མཆོད་པ་བཤམས་སའི་སྟེགས་བུ་གཙང་མར་ཕྱིས། དེ་རྗེས་ཐེབ་ཙེ་ཆེན་པོ་དུ་མའི་ནང་དུ་མཆོད་པ་བཤམས་པ་དང་། མཆོད་པ་བཤམས་ཚར་རྗེས་ནང་དུ་ཤུག་པ་དང་སྤོས་བདུགས་བྱུང་། སྐར་མ་ཁ་ཤས་ཀྱི་རྗེས་ནས་ཡང་བསྐྱར་ཆུ་གཙང་མ་བླངས་ཏེ་མཆོད་པའི་ནང་དུ་ཆུ་གསར་དུ་བརྗེས། ཨ་ཁུས་ལོ་ངོ་མང་པོར་ལས་ཀ་འདི་ཁོ་ན་ལས་ནས་བསྡད་པ་རེད་ལ། ཉི་མ་རེ་རེ་ཕར་ཞོག་ཐེངས་མ་གཅིག་ཀྱང་མ་ཆད་པར་འདི་ལྟར་ལྷ་མདུན་དུ་མཆོད་པ་བཤམས་པ་དང་ལྷ་ཁང་ཕྱི་ནང་ཀུན་གཙང་སྦྲ་བྱས་ནས་བསྡད་པ་རེད། ལྷིང་འཇགས་ཀྱི་གྲུ་ཟུར་རེ་རེ་ནས་སྙོམ་ལས་དང་དཀྱིས་མའི་ལྟ་ཚུལ་དག་སྤངས་ཏེ། ནན་ནན་ཏིག་ཏིག་གིས་འཚོ་བ་རོལ་བཞིན་པའི་མི་རྣམས་ཀྱིས་རྟག་པར་ང་ལ་རེ་བ་དང་ཡིད་ཆེས་སྩོལ།
ཕྱི་དྲོ་ལྷ་ས་ནས་གཞིས་ཀ་རྩེ་ལ་ཆས། མེ་འཁོར་དུ་ངས་གློག་ཀླད་བླངས་ཏེ་ཉིན་ཐོ་འབྲི་མགོ་བརྩམས་ཤིང་། མཐའ་འཁོར་དུ་བོད་པ་མང་པོ་ཡོད་ཀྱང་ཁོ་ཚོས་བོད་ཡིག་ཡག་པོ་མི་ཤེས་བསམ་བཞིན། ཁོ་ཚོའི་མདུན་ནས་ནང་དོན་ཅི་ཞིག་འབྲི་བ་ལ་འཛེམ་དོགས་གང་ཡང་མ་བྱས། དྲང་མོར་བཤད་ན། སྐབས་འདིར་ང་ལ་མཐོང་ཆུང་གི་བསམ་བློ་ཅུང་ཟད་ཀྱང་འདུག་སྟེ། བོད་ཀྱི་རིག་གནས་ལ་སྤྲོ་བ་མེད་པའི་བོད་མི་རྣམས་ལ་ང་ཡང་སྤྲོ་བ་ཆེར་མི་འདུག འདི་ནི་ཕྱོགས་རུས་ཤིག་ཀྱང་མིན་པ་འདྲ་སྟེ། གལ་ཏེ་སོག་པོ་ཞིག་གིས་སོག་པོའི་སྐད་ཡིག་མི་ཤེས་ཤིང་སོག་པོའི་རིག་གནས་ལ་འདང་ཞེན་དང་སྤྲོ་བ་མེད་པ་ཡིན་ན། ང་དེ་འདྲའི་སོག་པོ་ལའང་སྤྲོ་བ་ཆེན་པོ་ཡོད་མི་སྲིད། ངས་བསམ་ན་ང་ཚོས་ཅིས་ཀྱང་ཐོག་མར་རང་ཉིད་ལ་བརྩི་བཀུར་དང་གདེང་འཇོག་བྱེད་ཤེས་དགོས་ལ། དེའི་རྗེས་སུ་ད་གཟོད་གཞན་གྱིས་རང་ལ་གཅེས་པར་རེ་བ་བྱས་ཀྱང་མི་འགྲིག་པ་ཞིག་མ་རེད། འདི་ནི་བརྩེ་དུང་ཁྲོད་ཀྱི་བུད་མེད་ཚོས་ཤེས་དགོས་པ་ཞིག་ཀྱང་རེད་སྙམ།
སྐབས་ཤིག་ལ། བདག་གི་འགྲམ་གྱི་སྐྱེས་པ་དེས་ལྷ་སའི་སྐད་ཀྱིས་ཡུལ་གྲུ་འདི་གང་རེད་ཅེས་དྲིས་བྱུང་ལ། ངས་མགོ་ཕར་ལ་གཡོན་ཙམ་བྱས་ནས་ལྟ་དུས་ཁོས་ཁ་པར་ལས་དགེ་ཆོས་ཀྱི་རྩོམ་ཡིག་ཅིག་ཀློག་གིན་འདུག་ཅིང་། རྩོམ་ཡིག་ཏུ་ས་མིང་ཐོས་མ་མྱོང་བ་ཞིག་འདུག་པས་ཁོས་དེ་ང་ལ་འདྲི་བཞིན་འདུག དེའི་རྗེས་སུ་ང་ཚོའི་བོད་ཡིག་དང་བོད་སྐད་བོད་ཀྱི་ཁ་བརྡ་མང་པོ་བྱས་པ་ཡིན། ཁོ་ནི་ཞིང་པ་ཞིག་རེད་ལ་མཐོ་འབྲིང་གི་རྗེས་སུ་སློབ་གྲྭར་འགྲོ་མཚམས་བཞག་པ་རེད་ལ། ཡིན་ཡང་། ཁོ་ལ་དགའ་ཕྱོགས་ཤིག་ཡོད་པ་ནི་ཉི་མ་རེ་རེར་བོད་ཡིག་གི་སྙན་ངག་ཀློག་རྒྱུ་དང་བོད་ཀྱི་ལོ་རྒྱུས་ལ་སློབ་སྦྱོང་བྱེད་རྒྱུ་དེ་ཡིན། ཁོས་ཉི་མ་རེ་རེར་བོད་ཡིག་གི་ལམ་ནས་སྙམ་ངག་ཀློག་རྒྱུ་མཚམས་ཆད་མ་མྱོང་ཟེར། ཁོས་བཤད་པ་ལྟར་ན་འདི་ནི་གཅིག་ནས་རང་གི་དགའ་ཕྱོགས་ཤིག་ཡིན་ཞིང་། གཉིས་ནས་རང་གི་བྱིས་པའི་ཆེད་ཡིན་ཏེ། རང་གི་བྱིས་པའི་རྒྱུད་ལ་བོད་ཀྱི་རིག་གནས་ཀྱི་བག་ཆགས་ལེགས་པོ་འཇོག་ཆེད་ཡིན་ཟེར།
འདི་ལྟར། ངས་ཡང་བསྐྱར་ལག་པའི་ནང་གི་ཆོ་ཀི་ལེ་དེ་བྲོ་བ་རིགས་གང་ཡིན་པ་རྟོགས་མ་བྱུང་ལ། ལག་པའི་ཁ་འབྱེད་ཐེངས་རེར་སེམས་སུ་དྲན་མྱོང་མེད་པའི་བྲོ་བ་དེ་དག་གིས་ང་རང་རྟག་པར་ཡ་མཚར་དུ་འཇུག་གོ།