གསལ་ལེ་རྒྱལ།
མྱི་ལྡིང་སྐྱིད་གི། གསེར་གྱི་རི་བོ་ཞིག་ལ་རྒྱབ་གཏད་དེ་ངལ་གསོ་བྱེད་སྟངས་དེ་སྐྱིད་གི། རང་ཉིད་རླུང་ལ་བསྐུར་སྟངས་དེའང་སྐྱིད་གི།
མྱི་ལྡིང་གིས་མིག་བཙུམ་ནས་ཕོར་བའི་ནང་གི་རྩམ་སྐྱ་ལ་ཕུ་བཏབས་ཏེ་རང་ཉིད་ཀྱི་ངོ་གདོང་རྩམ་སྐྱས་དཀར་པོར་བསྒྱུར་རྗེས། ང་ལ་རྩམ་དྲི་ཁ་ཟེར། ད་དུང་མེ་ལོང་དུ་བལྟས་ཏེ་རང་ཉིད་དཀར་པོ་ཡིན་པར་ཡིད་ཆེས་བྱས། ཁང་བའི་ཕྱི་རོལ་ན་རླུང་གཡུག་གིན་པ་ཤེས་ནའང་ཁོ་རང་ག་ལེར་ཕྱི་ལ་ཐོན་བྱུང་།
མྱི་ལྡིང་གིས་ལག་པ་བརླ་ཁུག་ནང་ལ་བཏང་ནས་ཁང་པའི་ཕྱི་ལ་ཐོན་བྱུང་། རྩམ་སྐྱ་དང་རྩམ་དྲི་རླུང་གིས་ཁུར་སོང་། ཁོས་ད་དུང་མི་ལོ་བརྒྱ་དང་བཅུ་གསུམ་ལ་འདུག་དགོས་བའི་མི་དེ་སུ་ཡིན་མིན་ལ་རྩམ་དྲི་ཁ་བའི་མི་དེ་དག་གིས་འདེམས་ཤོག་འཕེན་དགོས་ཟེར། མི་ཚང་མ་གད་མོ་བགད། མྱི་ལྡིང་ནག་འཐོམ་མེར་སོང་། དེ་དུས་རྩམ་སྐྱ་དང་རྩམ་དྲི་རླུང་གིས་ཁུར་ཟིན་པའི་ཤུལ་ན་མྱི་ལྡིང་ལ་ཁ་སྤུ་ལས་ཅི་ཡང་ལྷག་མེད་པས་མྱི་ལྡིང་ནག་འཐོམ་མེར་སོང་། ཁོ་རང་ཅི་བྱ་གཏོད་མེད་དུ་གྱུར་ཏེ་ཆུང་མར་ཁ་པར་བཏང་ནས་ཚོད་ཚོད་ལ་་”ཨ་བ་ཨ་མ”་ཞེས་བཀའ་བཀྱོན་བཏངས།
ཨིན་ཀྲི་ཡ་ནའི་སློབ་ཆེན་གྱི་མགྲོན་ཤོག་ཅིག་གིས་ཁ་མངར་མྱོང་བ་དེ་བརྗེད་མ་ཐུབ་པར། ཝེ་སུ་ཀི་རྒྱ་མ་གང་དང་གཡག་ཤ་སྐམ་པོ་ཁུག་མ་གང་ལྟག་སྒོ་ནས་གནམ་ལ་མཆོད་དེ་ཡང་བསྐྱར་དག་ཞིང་གི་མགྲོན་ཤོག་ཅིག་ལ་རེ་སྒུག་བྱས། “རང་མྱོང་མ་མྱི་དཔྱད་ལ་དགའ་” ཞེས་བ་བཞིན། ཝེ་སུ་ཀི་དང་གཡག་ཤ་སྐམ་པོའི་སྟེང་ལ་སློབ་དཔོན་ཆེན་མོ་ཞིག་གི་རྣམ་ཤེས་འཁོར་ཡོད་པའི་ཡིད་ཆེས་བྱས།
མྱི་ལྡིང་གིས་ད་དུང་དམྱལ་བ་ནི་རྡ་ས་ཡིན་ཞིང་དག་ཞིང་ནི་ཨ་རིའི་དུར་ཁྲོད་ཅིག་ཡིན་པའི་ཚོད་དཔྱག་བྱས། རྡ་ས་ནས་གསེར་གྱི་རི་བོ་ཞིག་ལ་རྒྱབ་གཏད་དེ་ཨ་རིའི་དུར་ཁྲོད་ཀྱི་བེམ་པོ་ཞིག་ལ་དམ་ཚིག་གཙང་མའི་ཁ་བརྡ་བྱས། ཤི་བོ་དང་གསོན་པོའི་བར་ལ་བཟང་ངན་གྱི་འོས་ཤོག་འཕེན་འོས་བའི་གྲོས་གཞི་བཏོན།
ཡིན་ནའང་ཁོས་འདང་མ་བརྒྱབས་པར་”དམྱལ་བ་དང་དག་ཞིང་། མཐོ་རིས་”སོགས་ཐ་སྙད་རྒྱུས་མེད་འགའ་ཁ་ནས་ཤོར་བ་དེས་ཡང་བསྐྱར་མྱི་ལྡིང་ནག་འཐོམ་མེར་བཏང་། “ཆབ་སྲིད་གཏན་ཚིག་རིག་པའི་ཁྱབས་ཁུངས་”ན་མེད་པའི་ཐ་སྙད་ཆ་མེད་དེ་དག་གིས་ད་ཐེངས་མྱི་ལྡིང་ཅི་བཤད་འདི་བཤད་མེད་པར་བཏང་།
08/02/2017 ལ་ཕ་རེ་སི་ནས།
ཡག་གི་ཡ། མི་ཡག་གི་ན་དཀོན་མཆོག་གསུམ།
ཡག་གི་བུ་རྒོད་བྲིས་ན་འདི་མོ་འབྲི་དགོས
དགོད་རྒྱུ་དང་ཀློག་རྒྱུ་གཉིས་ཀ་ཡོད་ཀི