ཀླུ་སྨྱོན་ཧེ་རུ་ཀ
ངའི་ཕ་ཡུལ་གྱི་རྩྭ་ཐང་དང་དགོན་པའི་འདྲ་པར།
སྟོན་མཇུག་ཅིག་ལ་ཕ་མ་གཉིས་ཀྱིས་མུན་ནག་ཁྲོད་ནས་འཁོར་བའི་ཞིང་ས་རྨོས། །
ང་ཡི་རྣམ་ཤེས་འཁྱམ་པོ་དེ་ནི་ས་བོན་ལ་བརྫུས་ཁུ་ཁྲག་དཀྱིལ་དུ་སྦས། །
ཟླ་བ་དགུ་དང་ཞག་མ་བཅུ་ལ་གཉིད་མ་སད་དུ་ངལ་གསོ་བརྒྱབ་ནས་བསྡད། །
ཉིན་མཚན་གཉིས་ཀར་བདེ་སྡུག་གང་བྱུང་ཚོར་བས་ཟིན་ཀྱང་རེ་དོགས་མེད་འདི་སྐྱིད། །
རི་ཀླུང་ཐང་གསུམ་རྩྭ་ལྗང་རྦ་རླབས་བར་མེད་གཡོ་བའི་དབྱར་གཞུང་ཉིན་གུང་ཞིག །
ཁོ་བོ་ཨ་མའི་མངལ་ལས་འཇིག་རྟེན་འདི་ལ་ཐོག་མར་བསླེབས་པའི་དུས་ཚོད་དེར། །
ངེད་ཚང་སྦྲ་ནག་ཧྲུལ་བོ་དེ་ཡི་ཀླད་དུ་འཇའ་ཚོན་སྒོར་སྒོར་སྙིང་རྗེ་བོ། །
ཁྱིམ་མཚེས་དག་གིས་མཐོང་སྟེ་བུ་ཞིག་རེད་ཅེས་བརྗོད་ཚུལ་ལོ་མང་རྗེས་སུ་ཐོས། །
ལུས་པོ་ཆུང་ཆུང་རྐང་རྗེས་ཆུང་ཆུང་མེ་ཏོག་ཅིག་གི་འདབ་མ་འདྲའོ་ཞེས། །
དྲིན་ཆེན་ཨ་མས་ཡང་ཡང་གསུངས་ཤིང་ས་རྡུལ་ཁྲོད་དུ་ཕུ་བོའི་མཉམ་དུ་འཚར། །
ལོ་གཅིག་རྗེས་ནས་ནུ་བོ་བཙས་པས་ཨ་མའི་ནུ་ཞོ་འཇིབ་པའི་སྐལ་བ་ཤོར། །
ཡིན་ཡང་ལང་ཚོའི་མེ་ཏོག་ཆུང་ཆུང་ལོ་ཟླའི་ཆུ་བོའི་འགྲམ་དུ་འཚར་ལོངས་བྱུང་། །
བྱིས་པ་ཆུང་ཆུང་བེའུ་ཆུང་ཆུང་རེའུ་ལུ་གུ་ཆུང་ཆུང་མཉམ་དུ་རྩེད་མོ་བརྩེས། །
མེ་ཏོག་སེར་ཆེན་སྐེ་རྒྱན་བསླེས་ནས་ཁྱི་རྒན་རྒྱ་སྟག་སྐེ་ལ་འདོག་པར་བྲེལ། །
ཆུ་རྡེལ་ལེན་དུས་མིག་གཉིས་བཙུམས་ཏེ་ཆུ་ནང་རྡེའུ་དཀར་ནག་མ་འདྲེས་པར། །
སུ་ཡིས་ལེན་ཐུབ་འགྲན་སྡུར་བྱེད་དུས་འཇིག་རྟེན་འདི་ན་དེ་བས་སྐྱིད་ཅིག་མེད། །
ཞོགས་པ་རེ་རེར་དྲིན་ཅན་ཨ་མས་འབྲི་མོ་བཞོ་བའི་དུས་སུ་བསླེབས་པ་ན། །
བེའུ་རེ་རེའི་སྐེ་ཐག་འཇུས་ཏེ་ཕར་འདྲུད་ཚུར་འདྲུད་བྱེད་པའི་དུས། །
བེའུའི་རྨིག་པ་རྣོན་པོ་དེ་ཡིས་རྐང་པ་ཆུང་ཆུང་སྟེང་དུ་དྲུད་པའི་ཚེ། །
ན་ཟུག་མ་བཟོད་མིག་ཆུ་ཐར་སེ་ངུ་ཡང་མ་ཤེས་དུས་ཚོད་ད་དུང་དྲན། །
ན་མཉམ་བྱིས་པ་མཉམ་དུ་འཛོམས་ཏེ་ཚང་མ་གསར་བུ་གསར་མོ་ཡིན་ཁུལ་གྱིས། །
ཞི་མོ་དག་གིས་ཕྱུ་བའི་ཐུ་ཕྱེས་ཞི་ལིས་རྐང་སྣམ་སྒྱིད་ཁུག་ཏུ་འཕངས་ནས། །
མཇེ་ཚད་གཉའ་ཚད་ཡ་ད་འཛོགས་ཞེས་རང་རང་ཐད་ཀའི་ཞི་མོ་དེ། །
འོག་ཏུ་མནན་ནས་མཇེ་ཉུང་གཉའ་ཆུང་དཀའ་ལས་སྤྲད་པ་དྲན་ན་དགོད་རྒྱུ་ཡོང་། །
སྤེན་མའི་མདའ་གཞུ་ལྕགས་སྐུད་རྣོན་པོའི་མདེའུ་དུ་མ་ལྐོག་ནས་བཟོས་པ་དང་། །
མཚན་དཀྱིལ་རེ་ལ་ཁྱིམ་མཚེས་ཚང་གི་སྦྲ་ནག་ཀླད་དུ་མདའ་མོ་དྲག་ཏུ་འཕངས། །
ཅི་འདི་ག་རེ་ཟེར་བཞིན་བཟའ་ཚང་གང་བོ་སྒོ་ལ་བུད་པ་ཐེངས་གཅིག་མིན། །
དགུན་དུས་ནོར་ནག་ཤི་བའི་རོ་ལ་ཤིག་གསོད་དུག་སྨན་གློག་གཞུའི་སྨན་རྫས་སོགས། །
སྦྱར་དུག་སྣ་ཚོགས་ཕ་མས་མ་ཚོར་ཕྱི་ནང་མེད་པར་བྱུགས་ཏེ་བསྒུགས་པ་ན། །
བྱ་རྒོད་སྣ་ཚོགས་ཁ་བ་འབབ་འབབ་དུས་ཚོད་གཉིས་ཀྱི་རྗེས་སུ་ནམ་མཁའ་ནས། །
འུར་སྒྲ་དང་བཅས་ཐང་དཀར་རྒོད་ཅིག་དུག་གིས་བཟི་ནས་ས་ལ་ལྷུང་བར་བྱས། །
སློབ་གྲྭ་ནས་ཀྱང་སློབ་གྲོགས་མཉམ་དུ་ཁྱི་ལྡོམ་ཞིག་བཟུང་ཐག་རིང་རྒྱ་གྲོང་བསྐྱོད། །
ཨ་རག་བཙན་པོ་དམ་བུ་གང་དང་ཐ་ནག་སྤུས་ཞན་སྒམ་ཆུང་འགར་བཙོངས་ནས། །
སྐྱིད་པོ་དཔེ་མེད་བཏང་བའི་རྗེས་སུ་མགོ་བོ་ན་ཞིང་སྐྱུག་མེར་ལངས་པ་དང་། །
སློབ་གྲྭ་ཁྱི་བདག་གཉིས་ཀར་སྐྲག་སྟེ་གཅིན་ཡང་འཆོར་ལ་ཁད་ཀྱི་འཇིགས་སྐྲག་མྱངས། །
ཙི་ཙི་འཇུས་ནས་ཞི་མོ་ཆུང་ཆུང་ཉལ་གོས་བར་དུ་བཞག་ནས་ངུ་རུ་བཅུག །
གསང་སྤྱོད་ནང་གི་ཟླ་མཚན་ཤོག་བུ་བུད་མེད་དགེ་རྒན་ཞིག་གི་སྒོ་ཁར་སྤུངས། །
དགེ་རྒན་ངོ་ཚས་ཉི་མ་གང་བོར་སློབ་ཁྲིད་བྱེད་དུ་མ་ཡོང་ནང་དུ་འཛུལ། །
ཁྱི་དང་བྱི་ལ་མཉམ་དུ་སྦྲེལ་ཏེ་ལྷན་དུ་མངགས་ནས་འཛིང་དུ་བཅུག །
ས་དང་ཤིང་གི་སྒམ་ཆུང་མང་པོ་སྦལ་བ་ཐག་པས་སྦྲེལ་ནས་འཐེན་དུ་བཅུག །
བྱེའུ་དག་གི་གཤོག་པ་གཉིས་པོ་ཤིང་ཐུར་ཕྲ་མོས་བརྒྱངས་ཏེ་ལྕགས་ཁབ་བཙུགས། །
འགྱིག་མདའ་བཟུང་ནས་བྱེའུ་ཨབ་པྲ་རིག་རིག་ཐུག་ཚད་གསོད་པའི་ལས་ལ་ཞུགས། །
འདི་དག་བསམས་ན་དེ་རིང་ད་དུང་མ་ཎི་ཡིག་བརྒྱ་མཚམས་མེད་འདོན་པར་བྲེལ། །
མཛེས་སྡུག་ལྡན་པའི་ཕ་ཡུལ་དང་རྩྭ་ཐང་འདི་མཐོང་དུས་གྲོགས་བློ་བཟང་ཉི་མ་དྲན་བྱུང་ངམ།
ཆུང་བྱིས་པའི་དུས་ཀྱི་མི་ལས་དགུ་ལས།
དར་གཞོན་ནུའི་དུས་ཀྱི་མི་བཤད་དགུ་བཤད།
ན་རྒས་པའི་དུས་ཀྱི་མི་བསམ་དགུ་བསམ།
ཚེ་གཞུག་གི་སེམས་ཀྱི་མི་འཆར་དགུ་འཆར།
ད་མི་བྱེད་དགུ་བྱེད་ཅིག་བྱས་པ།
ད་བཅོ་ལྔའི་ཚེས་ལ་བཤགས་པ་ཕུལ།
ད་ཕྱིར་འདངས་མ་བྱེད་ཕྱི་མ་བསམ།
ད་དེ་རིང་བཤགས་ན་དགུ་འགྱུར་ཆེ།
སྡོམ་ཆེན་བཟུང་ནས་རྐུབ་ལ་ཚེར་མས་འཛེར།།
རང་ཉིད་རྐང་རྗེན་སྨན་པ་ཡིན་ནོ་སྙམ།།
རྐང་དྲུག་བཟུང་ནས་རྐང་པ་བཅད་པ་ནས།།
མགོ་མེད་མཇུག་མེད་བཟོས་པ་འཐོལ་ལོ་བཤགས།།
སྦལ་བ་བཟུང་ནས་རྡོ་ཐོག་བང་བསྒྲིགས་ནས།།
རེ་རེའི་མགོ་ལ་ཚྭ་ལྡོག་བཞག་པ་ན།།
གཅིག་ལས་གཅིག་གི་སྐད་མགོ་མཐོར་བཏེགས་ནས།།
ན་ཟུག་སྐད་ངན་ཕྱུང་པ་འཐོལ་ལོ་བཤགས།།
ར་ཁང་ནང་དུ་སོང་ནས་ལྕམ་འོག་གི།
བྱེའུ་ཕྲུག་དམར་འབྱར་ཚང་ལ་ཉལ་བ་ནི།།
རྩེ་གཉིས་ཅན་གྱི་ཤིང་གི་ཚེབ་བཙུགས་ནས།།
ས་ལ་འཕངས་པ་ཐམས་ཅད་འཐོལ་ལོ་བཤགས།།
ཁྱི་མོ་བཟུང་ནས་ཁྱི་ཕོ་འབྱར་དུས་སུ།།
གཉིས་ཀའི་བར་དུ་རྡོ་རྡུང་བཏང་ནས་ནི།།
བཙན་ཀ་ཁ་ཁ་ཕྱེས་ནས་ཁྲག་འཐོར་ཚེ།།
ཧབ་ཆ་ཏིར་རེ་བགད་པ་འཐོལ་ལོ་བཤགས།།
བོང་མ་བཟུང་ནས་བོང་གསེབ་མང་པོ་ལ།།
གཅིག་རྗེས་གཅིག་གི་མཐུད་ནས་འཛགས་བཅུགས་ནས།།
བོང་མའི་སྙ་མ་ཚོད་མ་གློ་ལེབ་ལྟར།།
ཉ་རེ་ཉེ་རེ་བྱས་པ་འཐོལ་ལོ་བཤགས།།
སྐྱག་པ་ཚ་བོ་འགྱིག་ཤོག་ནང་དུ་བཏང་།།
འགྱིག་ཤོག་གསར་ཐ་གུས་དམ་པོར་བསྡམས།།
དགེ་རྒན་ཚང་གི་ཤིང་གི་ཅོག་ཙེ་སྟེང་།།
ཕན་ཚུན་བལྟ་བཞིན་བཞག་པ་འཐོལ་ལོ་བཤགས།།
རྒྱ་ཡིག་དགེ་རྒན་ཉམ་ཆུང་སླེབས་པའི་ཚེ།།
འཛིན་ཁང་སྒོ་ཡི་ཡ་ཐེམ་སྟེང་དུ་ནི།།
གྱོ་མོ་གྲུ་བཞི་བཞག་ནས་སྒུག་པ་ན།།
དགེ་རྒན་མགོ་ལ་ཕོག་པ་འཐོལ་ལོ་བཤགས།།
ལ་ཕུག་ཙོང་དང་སྒོག་པ་གང་མཐོང་ཡང་།།
ཐམས་ཅད་མིག་གི་ཡུལ་ན་རྐུན་མའི་ཟས།།
བྱ་ཕོ་སྒོ་ང་ལ་སོགས་ཡོད་ཚད་པོ།།
རྐང་འཇབ་ལག་འཇབ་རྐུས་པ་འཐོལ་ལོ་བཤགས།།
དབྱར་གྱི་དུས་སུ་སྲེན་མའི་ཞིང་ཁ་ན།།
སྲེན་མ་ཟོས་ནས་གྲོད་ཁོག་རྒྱག་པ་ན།།
ཞིང་གཉའ་ནས་བཟུང་ཞིང་གི་མཐའ་ཀ་བར།།
འགྱུ་རེས་སྲེན་ཞིང་བཅགས་པ་འཐོལ་ལོ་བཤགས།།
ཨ་ཕས་རང་ཉིད་བཅུམ་པའི་སླད་དུ་ནི།།
རྒྱུགས་པས་རྡུང་རྡེག་ཕོགས་ཚེ་ཕྱིར་བྲོས་ནས།།
ཕྱིར་ལ་འཇབ་ནས་ནང་གི་སྒེའུ་ཁུང་ནང་།།
རྡོ་རྡུང་བཏང་པ་ཐམས་ཅད་འཐོལ་ལོ་བཤགས།།
དགོན་དུ་འདུག་ཚེ་བན་ཆུང་བརླ་ལ་འཇབས།།
གྲོང་དུ་འདུག་ཚེ་ན་ཆུང་སྟུ་ལ་འཇབས།།
ཨ་རིར་འདུག་ཚེ་གྲོ་ལོ་ལྗང་ཁུར་འཇབས།།
འཇབས་ཉེས་ཤོར་བ་ཐམས་ཅད་འཐོལ་ལོ་བཤགས།།
ཨ་རོག་སྡིག་བཤགས་ནམ་ཁ་འབྲུག་གྲགས་ཚོ་སྐུ་ཁམ་བཟང་ང་ཡང་ཡོང་གི་ཡིན།
ཁ་ནས་གང་དྲན་སྨྲས་པ་འཐོལ་ལོ་བཤགས།
ལག་ནས་གང་བྱུང་འདྲེས་པ་འཐོལ་ལོ་བཤགས།
སེམས་ནང་གང་དྲན་བྱས་པ་འཐོལ་ལོ་བཤགས།
ལུས་ངག་ཡིད་གསུམས་སྡིག་པ་ཐམས་བཅད་བཤགས།
མྱུར་དུ་སངས་རྒྱས་གོ་འཕང་ཐོབས་པར་ཤོགས