རྩོམ་པ་པོ། རྫ་ཚེ་རིང་བཀྲ་ཤིས།
གླེང་བརྗོད།
མ་གཞི་ཝུའུ་ཏཱ་རོང་(吳達容)དང་འབྲེལ་བའི་ཆར་རླུང་རེ་ཞིག་འཇགས་ཟིན་པ་ལྟར་སྣང་ན་ཡང། འོ་མ་འཕྱུར་བ་བཞིན་མི་རྣམས་གྱི་དྲན་ཡུལ་ནས་ཡལ་ཆོག་ཆོག་ཡིན་པའི་གྲགས་སྐར་(明星)དག་གི་དགའ་རོགས་ཀྱི་གནད་དོན་ལྟ་བུའི་གསར་འགྱུར་སྤྱིར་བཏང་བ་ཞིག་གམ། ཡང་ན་དགོངས་དག་དང་གསལ་བཤད་ཀྱི་གནད་དོན་ཙམ་དུ་བལྟས་ན་མི་འགྲིག། ཝུའུ་ཏཱ་རོང་གི་དོན་རྐྱེན་ནི་མཐར་གཏུག་ན་རིག་གཞུང་དང་ཆོས་ལུགས་ལ་ཐུག་པའི་གནད་དོན་ཞིག་རེད། དེའི་ཕྱིར། གནད་དོན་དེའི་འབྱུང་རྩ་དང་འབྲེལ་བའི་དོན་གནད་ཁ་ཤས་ཀྱི་ཐོག་ལ་ང་ཚོས་མུ་མཐུད་བསམ་གཞིག་འོས་པ་ཡིན། རང་ལ་མཚོན་ན། ད་ཐེངས་ཀྱི་སྤྲུལ་སྐུ་ངོས་འཛིན་དང་འབྲེལ་བ་ཡོད་པའི་གྲགས་འུར་ཆེན་པོ་བྱུང་བའི་ཀྲང་ཐའེ་ལན་(張鐵林)ཁྲི་འདོན་དང་འབྲེལ་ཡོད་ཡི་གེ་རེ་སྔར་ནས་འབྲི་འདོད་ཡོད་པར་མ་ཟད། འབྲེལ་ཡོད་རླུང་འཕྲིན་ལེ་ཚན་དུ་དེའི་སྐོར་ལ་གླེང་མོལ་ཡང་བྱས་ཡོད།
ཀཿཐོག་དགོན་འཛིན་སྐྱོང་ལྷན་ཚོགས་ཀྱི་ངོས་ནས་གསར་འགྱུར་བརྒྱུད་ལམ་དང། སྤྱི་ཚོགས་འབྲེལ་འཐུད་དྲ་བའི་སྤྱི་དམངས་དག་གི་བསམ་ཚུལ་སྣང་མེད་དུ་མ་བཞག་པར་དུས་ཐོག་ཏུ་གནད་དོན་ཐག་གཅོད་ཀྱི་ཐབས་ལམ་བཙལ་ཞིང། མི་མང་ལ་གསལ་བཤད་གནང་འདུག དེ་ནི་འགན་འཁུར་བའི་བྱ་སྤྱོད་ཅིག་རེད། འོན་ཀྱང་དོན་གནད་འགའ་ཞིག་གི་ཐོག་ལ་ད་དུང་གསལ་འདེབས་རེ་མ་བྱས་ཐབས་མེད་ཆགས་འདུག་མོད། ནན་བརྗོད་དགོས་པ་ཞིག་ལ། ངའི་སྐད་ཆ་འདི་དག་མི་བྱེ་བྲག་པ་སུ་ཞིག་ལའང་སྐྱོན་བརྗོད་བྱ་རྒྱུའི་ཆེད་དུ་མིན། སྐྱོན་བརྗོད་དམིགས་ཡུལ་དུ་བཟུང་ནས་རྩོམ་ཡིག་འབྲི་བ་ནི་ཕན་མེད་ཀྱི་ལས་ཀ་ཞིག་རེད།།
ཀཿཐོག་དགོན་པའི་ལངས་ཕྱོགས།
ཀྲང་ཐེ་ལེན་ཁྲི་འདོན་དོན་རྐྱེན་ལ་གླེང་སློང་ཤུགས་ཆེན་བྱུང་བ་དེ་གཙོ་ཆེར་ཀྲང་ཐེ་ལེན་གྱི་རྒྱབ་ལྗོངས་དང་འབྲེལ་བ་ཡོད། ཁོང་ཉིད་སྐད་གྲགས་ཆེ་བའི་འཁྲབ་སྟོན་པ་ཞིག་ཡིན་པ་དེས་མི་ཚོས་ཁོ་དང་འབྲེལ་བའི་གནས་ཚུལ་ལ་རང་བཞིན་གྱིས་དོ་སྣང་ཆེ་བ་བྱེད་པ་རེད། འོན་ཀྱང། གནད་དོན་གཙོ་བོ་ཀྲང་ཐའེ་ལེན་མ་རེད། ཀྲང་ལ་དགག་པ་བྱེད་པ་ནི་ཟུག་གཅོག་གི་སྨན་འཐུང་བ་ཙམ་རེད། དེས་གནད་དོན་འདི་རིགས་ཉུང་དུ་འགྲོ་རྒྱུར་ཁག་ཐེག་བྱེད་མི་ཐུབ། ད་ཐེངས་ཀྱི་གནད་དོན་དེའི་འབྱུང་རྩ་ངོ་མ་ཝུའུ་ཏཱ་རོང་ལ་ཐུག་ཡོད། དེའི་ཕྱིར་ཀཿཐོག་གི་ངོས་ནས་ཀྱང་ཝུའུ་ཏཱ་རོང་ལ་ཐག་གཅོད་དགོས་པའི་ལངས་ཕྱོགས་བཟུང་བ་ཧ་ཅང་གསལ།།
དྲ་དམངས་ཁ་ཡི་ནུས་པ།
གནས་ཚུལ་གང་ཡིན་ཡང་དྲང་ལྡོག་གི་ཤུགས་རྐྱེན་ཆེ་ཤོས་ཤིག་ནི་གསར་ལམ་ཁག་གི་གླེང་སློང་དང་འབྲེལ་བ་ཡོད། ཁྱད་པར་དུ་དེང་སང་གི་དུས་འདིར་སྤྱི་ཚོགས་འབྲེལ་མཐུད་དྲ་བའི་དྲྭ་འབངས་ཀྱི་ལྟ་རྟོག་ནི། རྣོ་ངར་ཆེ་ལ་ནུས་པ་ལྡན་པའི་ཁྲིམས་འཛིན་ལས་ཁུངས་ཚགས་ཚུད་པོ་ཞིག་དང་འདྲ། འདིའི་ཐད་གུས་པས་ཉེ་སྔོན་འཕྲིན་ཕྲན་གྱི་རྒྱབ་ངོས་སུ། དྲྭ་དམངས་དག་གི་ལྡོག་ཕྱོགས་ཀྱི་གླེང་སློང་དང་སྐྱོན་བརྗོད་མང་པོ་ཞིག་གིས་ང་ཚོའི་ལས་དོན་མང་པོ་ཞིག་སྔར་ལས་ཚགས་ཚུད་དུ་གཏོང་ཞིང། ལས་ཀ་མང་པོ་ཞིག་གི་སྤུས་ཀ་སོགས་ལ་ལྟ་སྐུལ་གྱི་ནུས་པ་ལེགས་ཤོས་ཐོན་གྱི་ཡོད། ཁྲིམས་དང་ལུགས་གང་ལ་ཡང་མི་སྐྲག་བསམ་མཁན། དངུལ་དང་དབང་ཚད་ལ་ཀུན་ནུས་སུ་འདོད་མི་དག་ཀྱང་དྲྭ་དམངས་དག་གི་ཁ་ཁོ་ན་ལ་ཞེད་ཀྱི་ཡོད། གསར་འགྱུར་རང་དབང་མེད་པ་དང། གསར་འགྱུར་གྱིས་ཡར་རྒྱས་མ་གཏོགས་མི་བཤད་པའི་ས་ཁུལ་ཞིག་ལ་མཚོན་ན་དྲྭ་དམངས་ཀྱི་ཁ་ནི་དཀོན་མཆོག་གི་གནང་སྦྱིན་ཞིག་དང་འདྲ། ཞེས་བྲིས་ཡོད།
སྲིད་གཞུང་ཞེད་ས་གཞུང་དམངས་ཡིན།
ཐ་ན་སྲིད་དབང་སྒེར་འཛིན་གྱི་སྲིད་གཞུང་གིས་ཀྱང། སོ་སོའི་རྩ་བའི་ལངས་ཕྱོགས་དང་མི་འགལ་བའི་ཐོག་ནས་དྲ་དམངས་ཀྱིས་དོ་ཁུར་བྱེད་པའི་སྤྱི་ཚོགས་ཀྱི་གནད་དོན་ཁག་ལ་དོ་སྣང་དང་ཐག་གཅོད་བྱེད་དགོས་པ་ཆགས་ཡོད། གནད་དོན་གང་ཡིན་ཡང། གསལ་པོ་བཟོས་ནས་རྩིས་སྤྲོད་འབྱུང་རྒྱུར་དྲ་དམངས་དག་གིས་ནམ་ཡང་སེམས་ཤུགས་ཆེན་པོས་བརྩོན་ལེན་བྱེད་པ་ཡིན།
དེ་ཡང་ཐག་ཉེ་ས་ནས་བཤད་ན། ཟླ་བ་འགའི་སྔོན་ལ་བྱུང་བའི་དྲ་ཐོག་གི་གླེང་སློང་ཞིག་སྟེ། (༢༠༡༦ ཟླ་༡ ཚེས་༧ )རེབ་ཀོང་ཁུལ་གྱི་ཞང་དབྱིན་祥雲)གསོལ་མགྲོན་ཁང་ཟེར་བའི་ཚད་ཐིག་དོན་ཚན་ལྔ་པ་ཞེས་པའི་ལས་བྱེད་མི་སྣའི་སྒྲིག་ཡིག་ཏུ། ལས་ཀའི་ཁོར་ཡུག་ཏུ་བོད་སྐད་བེད་སྤྱོད་བྱས་ན་ཆད་པ་སྒོར་ལྔ་བརྒྱ་གཅོད་རྒྱུ་ཡིན། ཞེས་པའི་དོན་ཚན་ཞིག་ཡོད་པ་དྲ་ལམ་དུ་ཁྱབ་རྗེས་དྲྭ་དམངས་ཀྱི་ངོ་རྒོལ་ཤུགས་ཆེན་བྱུང་བ་དང། ཆུ་ཚོད་ཉེར་བཞིའི་ནང་ལ་མགྲོན་ཁང་གི་ངོས་ནས་རྗེས་སོར་ནོར་འཛོལ་དེ་རིགས་ཡོང་མི་འཇུག་རྒྱུའི་དམ་བཅའ་དང་དགོངས་སེལ་ཡིག་ཐོག་ནས་ཞུས་མིན་ལ་མ་ལྟོས་པར། ས་གནས་རྫོང་སྲིད་གཞུང་གིས་མགྲོན་ཁང་སྒོ་རྒྱག་དགོས་པའི་ཐག་གཅོད་དང་འབྲེལ། རང་སྐྱོང་ས་ཁུལ་གྱི་སྐད་གཉིས་སློབ་གསོའི་སྐོར་ལ་ཤུགས་སྣོན་བྱེད་པའི་རྩ་འཛིན་གྱི་བཀའ་རྒྱ་བཀྲམ་ནས་སྤྱི་ཚོགས་ཀྱིས་བསྔགས་བརྗོད་ཐོབ་ཡོད།
ཞང་དབྱིན་གསོལ་མགྲོན་ཁང་གི་དགོངས་སེལ་ལ་ཁ་ཞེ་གཉིས་མེད་ཡིན་མིན་དང། གསལ་བཤད་དེས་དམངས་སེམས་ཀྱི་རྨ་ཁ་ཡོངས་སུ་གསོ་ཐུབ་མིན་བཤད་ཚོད་མི་ཐིག་ན་ཡང། མ་མཐའ་ཡང་མི་མང་གི་སྐད་ཆ་ལ་ཉན་འཇོག་བྱས་ཏེ་དུས་ཐོག་ཏུ་བརྡ་ལན་སྤྲད་པའི་བྱ་སྤྱོད་མངོན་པར་བྱས་ཡོད། ཁོང་ཚོས་ཚིག་བརྗོད་ཀྱི་ཐོག་ནས་རྒྱ་ཆེའི་དྲྭ་དམངས་ལ་འཛིན་པའི་རྣམ་འགྱུར་དེ་ཀཿཐོག་དགོན་པའི་ལས་ཁུངས་ཀྱིས་དྲྭ་དམངས་ལ་འཛིན་པའི་རྣམ་འགྱུར་ལས་ལེགས་པ་བྱུང་འདུག
དྲ་དམངས་ནི་སྒྲིག་འཛུགས་ལྡན་པའི་ལས་ཁུངས་ཤིག་མིན་པར་སྤྱིར་བཏང་སྤྱི་ཚོགས་མི་སྣས་གྲུབ་པ་ཞིག་ཡིན་སྟབས། ཚོར་སྣང་གི་སྐད་ཆ་ཤོད་པ་སོགས་ཡོང་སྲིད་མོད། འབྲེལ་ཡོད་དག་གིས་ནམ་ཡང་བཟང་སྤྱོད་ལྡན་པའི་ཐོག་ནས་དྲ་དམངས་ལ་གནད་དོན་གསལ་བཤད་དང་དོན་དངོས་ར་སྤྲོད་བྱེད་པའི་ལངས་ཕྱོགས་འཛིན་དགོས་པ་ལས། མཐོང་ཆུང་དང་དམའ་འབེབས། སྣང་མེད་བཅས་བྱ་མི་ཆོག
ཀཿཐོག་དགོན་པའི་བསྒྲགས་ཡིག་དེའི་ནང་དུ་དྲ་དམངས་ལ་དྲ་འབུ་ཞེས་ཐེངས་མང་བོས་ཡོད་ཅིང། ཐ་ན་གསལ་བཤད་བྱ་ཡུལ་ཡང་ཀཿཐོག་ལ་བློ་དཀར་སྙིང་ཉེ་ཡིན་པའི་རྙིང་མ་པ་ཁག་ཅིག་ལས་རྒྱ་ཆེའི་དྲྭ་དམངས་ལ་གསལ་བཤད་བྱས་པ་མིན་པ་དང། དྲྭ་ཐོག་གི་གཞི་རྒྱ་ཆེ་བའི་གླེང་སློང་དག་དོ་སྣང་བྱ་རིན་མེད་པ་ཞིག་ཡིན་པ་ནན་བརྗོད་བྱས་འདུག
དྲ་དམངས་དང་དྲ་འབུའི་ཁྱད་པར།
དྲ་འབུ་ལ་དབྱིན་སྐད་དུ་ཝ་རི་སི་ཟེར་ཞིང། རྒྱ་སྐད་དུ་པེང་ཏུའུ་(病毒)ཟེར། འདི་དང་(網民)ཝང་མིན་ཏེ། དྲ་དམངས་གཉིས་མི་འདྲ། སྔ་མ་ནི་གནོད་ལྡན་གྱི་དྲ་དུག་ཡིན་ཞིང། དེ་ནི་རྩིས་འཕྲུལ་གྱི་མ་ལག་ལ་འཇབ་རྒོལ་གྱིས་དྲ་ཐོག་གི་གསང་བ་རྐུ་འཁྱེར་དང། མི་གཞན་གྱི་རྩིས་འཕྲུལ་མ་ལག་གི་བྱེད་ནུས་ལ་གཏོར་སྐྱོན་གཏོང་མཁན་ཞིག་རེད། དྲ་དམངས་ནི་དྲ་བ་བེད་སྤྱོད་བྱེད་མཁན་གྱི་རྒྱ་ཆེའི་དྲར་ཞུགས་མཁན་གྱི་མི་སྣ་ཚང་མར་གོ།
དེས་ན་གསལ་བཤད་བྱེད་སར་དངོས་སུ་སླེབས་སྐབས་སྤོབས་པ་ཆེན་པོས་བདེན་ལུགས་བཤད་པ་ལས་གཞན། སྒམ་ཚུགས་གཏོད་དེ་གཞན་ལ་སྣང་ཆུང་དང། དོན་དངོས་ཀྱི་གནས་ཚུལ་ཁག་ཅིག་གལ་ཆུང་དུ་འཇོག་པ་ནི་གནད་དོན་རྩིས་སྤྲོད་བྱེད་སྟངས་ཀྱི་ཀུན་སྤྱོད་ཡག་པོ་ཞིག་མ་རེད། སྐད་ཆ་འདི་དམིགས་ཀྱིས་བཀར་ནས་བཤད་པར་རྒྱུ་མཚན་མེད་པ་མིན། གང་ཡིན་ཟེར་ན་བསམ་བློ་གཏོང་སྟངས་འདིས་ང་ཚོའི་གལ་ཆེའི་དབང་འཛིན་པའི་སྡེ་ཁག་གིས་མང་གཙོའི་རིན་ཐང་དང་བྱེད་ནུས་ཀྱི་ཐད་ལ་ནོར་འཛོལ་བྱུང་བ་ཞིག་མངོན་བཞིན་ཡོད་པས་འདིའི་ཐད་གསལ་བཤད་གང་འཚམས་ཤིག་བྱེད་པ་ནི་སྐབས་སུ་བབས་པ་ཞིག་རེད།
དྲང་མོར་བཤད་ན། ད་ཐེངས་ཝུའུ་ཏཱ་རུང་དང་དེ་འབྲེལ་གྱི་གནད་དོན་ལ་ཀཿཐོག་དགོན་པས་ཐག་གཅོད་དགོས་པ་ཞིག་དང། སྙིང་ཉེ་བློ་དཀར་དག་སེམས་ན་དགོས་པ་ཞིག་བྱུང་བ་འདིའང་དྲྭ་དམངས་དག་གི་གླེང་སློང་དང་ཐེར་འདོན་གྱིས་གྲུབ་འབྲས་རེད། ཞིང་ནང་དུ་རྩྭ་ཡན་སྐྱེ་གིན་ཡོད་ཅིང། རྩྭ་ཡན་དེ་ཉིད་ཀྱི་རྩ་བ་མ་བཏོགས་ན་རྩེ་མོ་བྲེགས་པ་ཁོ་ནས་གནས་སྐབས་ཙམ་གྱི་ཕན་པ་ལས་མེད།།
ཁྲིམས་ལུགས་རིག་པའི་ངོས་འཛིན་གྱི་ཚད་གཞི།
ཁྲིམས་ལུགས་རིག་པའི་གོ་དོན་གྱི་ངོས་ནས་བཤད་ན། ཝུའུ་ཏཱ་རོང་པདྨ་འོད་གསལ་དུ་གྱུར་པ་ནི་ཀཿཐོག་གི་ཐོན་རྫས་ཤིག་ཡིན་པ་བསྙོན་ཤིན་ཏུ་དཀའ། ཀཿཐོག་དགོན་པའི་དགོན་ལག་ཅིག་གི་བླ་མས་ངོས་འཛིན་བྱས་ཤིང། དེ་ལ་ཀཿཐོག་མ་དགོན་གྱི་བླ་ཆེན་གྱིས་རྒྱབ་གཉེར་གནང་བ་རེད། འདིའི་སྐོར་ཀཿཐོག་རྨོག་རྩ་ཚང་གིས་དོན་རྐྱེན་འདི་དང་འབྲེལ་བའི་སྒེར་གྱི་གསལ་བཤད་དུའང་གཞི་འཛིན་ས་དེ་ག་རང་ཡིན་ཞེས་བྲིས་ཡོད། འོན་ཀྱང་གསལ་བཤད་དགོས་པ་ཞིག་ལ། ཀྲུང་གོ་གཟའ་རེའི་གསར་དེབ་(中國新聞周刊)གྱི་གསར་འགོད་པས་རྒྱུས་ལོན་བྱེད་སྐབས། འབྲེལ་ཡོད་དགོན་པ་དེས་ངོས་འཛིན་དང་ཁྲི་འདོན་སོགས་བྱས་པར་ངོས་ལེན་བྱས་མི་འདུག གལ་ཏེ་ཁོང་ཚོས་ངོས་ལེན་བྱས་མེད་པ་དོན་དངོས་ཡིན་པའི་དབང་དུ་བཏང་ན། བླ་ཆེན་ཞིག་གིས་རྒྱ་མི་ཞིག་ལ་དཔང་རྟགས་ཅི་ཡང་མེད་པའི་ཐོག་ནས་ཚིག་ཙམ་ལ་ཡིད་ཆེས་བྱས་ཏེ་ངོས་ལེན་གྱི་ཡི་གེ་སྤྲད་པ་ཡིན་དགོས་ཤིང། དེ་ནི་དེ་བས་ཀྱང་ནོར་འཁྲུལ་ཆེ་བ་ཞིག་བཟོས་པ་རེད།
ཡང་ཁོང་གིས་ངོས་ལེན་བྱས་ཀྱང་ངོས་འཛིན་མ་བྱས་ཞེས་གསུང་ན་ཡང། དབང་ཚད་ལྡན་པའི་ངོས་ལེན་གྱི་ཡི་གེ་ལ་ངོས་འཛིན་གྱི་གོ་དོན་ཡོད་ཅིང། མ་མཐའ་ཡང་པདྨ་འོད་གསལ་དང་པདྨ་འོད་གསལ་གྱི་རིག་གནས་ཀྱི་ཁྱབ་ཁོངས་སུ་འདི་ནི་ཚད་ལྡན་གྱི་གཞི་འཛིན་ས་ཞིག་ཆགས་ཡོད། དཔེར་ན། མི་ཞིག་གིས་ཐོན་རྫས་གསར་པ་ཞིག་ཐོན་སྐྱེད་བྱས་ཤིང། དེར་འབྲེལ་ཡོད་ལས་ཁུངས་ཀྱིས་བརྟག་དཔྱད་དང་ཞིབ་འཇུག་བརྒྱུད་རྗེས་གོང་རིམ་ལས་ཁུངས་ལ་ཆོག་མཆན་གྱི་ཐོ་བཀོད་ཟིན་པ་དང། ཆེས་མཐོའི་འབྲེལ་ཡོད་ཀྱི་ས་ནས་ཐོན་རྫས་དེ་ཁྲོམ་རར་ཚོང་འགྲེམ་ཆོག་པའི་ཡི་གེ་དང་ཐམ་ཀ་ཐོབ་ན། ཅ་ལག་དེར་རྒྱལ་ཁབ་ཀྱིས་ངོས་འཛིན་ཡོད་པ་ཟེར། དེ་ནས་བཟུང་སྟེ་(國家認證)རྒྱལ་ཁབ་ཀྱི་ངོས་འཛིན་ཐོབ་པ་ཟེར་བའི་ཚིག་རང་བེད་སྤྱོད་གཏོང་ཆོག་པ་རེད། ངས་འདི་ལྟར་བཤད་པ་དེ་ཀཿཐོག་དགོན་པར་ནག་ཉེས་ངོས་ལེན་འཇུག་འདོད་ཀྱི་བསམ་བློ་ཡོད་པ་མིན། གནད་དོན་འདི་སུ་ལ་ནག་ཉེས་ཡོད་མེད་ཀྱི་རྩོད་པ་ཞིག་མ་རེད། འོན་ཀྱང། ང་ཚོས་ཅི་ཞིག་བྱས་ན་དོན་ལ་ནག་ཉེས་ཆགས་ཀྱིན་འདུག་པ་དེ་ངེས་པར་ཧ་གོ་དགོས་ཀྱི་འདུག
གྲོགས་པོ་ཁ་ཤས་ཀྱིས་ཤ་ཞེན་དང་ལ་རྒྱ་བྱས་ནས་ད་ཐེངས་ཀྱི་ངོས་འཛིན་སོགས་དང་འབྲེལ་བའི་གནང་སྟངས་འདི་རིགས་དེ་ཙམ་གལ་ཆེན་མ་རེད་སྙམ་པའི་བསམ་ཚུལ་འཛིན་པ་མཐོང་དུས། ངའི་སེམས་ལ་འདར་སིག་རྒྱག་པར་མ་ཟད། ཡི་མུག་ཀྱང་སྐྱེས་བྱུང་། དེ་ནི་{ནགས་ཀྱི་དབུས་ན་སྤྲེའུ་སྐྱིད་སྙམ་ཏེ།། ནགས་མཐའ་མེ་ཡིས་སྐོར་རོ་དིང་རི་བ་}རང་རེད།
ཐ་སྙད་བེད་སྤྱོད་གཏོང་བར་གཟབ་དགོས་པ།
མཚམས་འདི་ནས་ཀཿཐོག་རྨོག་ཚ་རིན་པོ་ཆེས་གནང་བའི་ཞབས་བརྟན་གྱི་ཚིག་རིས་དེའི་སྐོར་ལ་བསམ་བློ་ཞིག་མ་བཏང་ཁ་མེད་ཡིན། གནད་དོན་གང་ཡིན་ཡང་ཆེ་བཞག་ཆུང་ལེན་གྱི་ལན་འདེབས་ནི་ཕན་ཐོགས་མེད་པ་ཞིག་རེད། ཕུགས་རྒྱང་རིང་པོར་བསམ་བློ་བཏང་ནས་བསྟར་སྲེག་གི་ན་ཚ་སྲན་ཐུབ་པ་ཞིག་དགོས། ཞབས་བརྟན་གསོལ་འདེབས་དེར་ཚིག་བཞི་ཙམ་ལས་མེད་ན་ཡང། དེའི་ནང་དུ། པདྨའི་རྒྱལ་ཚབ་འགྲོ་བ་ཡོངས་ཀྱི་མགོན།། ཞེས་པའི་ཡི་གེ་ཆེ་ཐག་ཆོད་ཅིག་བྲིས་ཡོད། རྒྱ་ཡིག་ཏུ་ཡང་ནང་དོན་དེ་ཀ་རང་བསྒྱུར་འདུག སྐྱེས་བུ་དམ་པ་ཁོང་རྣམ་པ་ལྟ་བུས་ཕངས་སེམས་མེད་པར་ཝུའུ་ཏཱ་རོང་ལ། པདྨའི་རྒྱལ་ཚབ་དང། འགྲོ་བའི་མགོན་པོ་ཞེས་པའི་ཚིག་བེད་སྤྱོད་བཏང་ཡོང་དུས་ང་ཚོའི་སེམས་ལ་ཚོར་བ་མ་བདེ་བ་ཞིག་ཏན་ཏན་སླེབས་ཀྱི་རེད། མི་ལ་ངོས་སྦྱོར་སྤྲོད་སྐབས་དང། གཞུང་འབྲེལ་གྱི་ཡི་གེ་འབྲི་སྐབས། གོ་ཐོབ་ཆེན་པོ་ཡོད་པའི་མིས་གོ་གནས་ཀྱི་ཐོག་ནས་གཞན་ལ་སྐད་ཆ་ཤོད་པའི་སྐབས་བཅས་སུ་ཐ་སྙད་བེད་སྤྱོད་གཏོང་སྟངས་འདི་ལ་ཧ་ཅང་གཟབ་དགོས།
ཐ་ན་ང་ལྟ་བུའི་མི་ཆུང་ཆུང་གིས་ཀྱང་འདི་རིགས་ཀྱི་ཕྱོགས་ལ་བསམ་བློ་ནན་ཏན་གཏོང་གི་ཡོད། ལོ་འགའི་སྔོན། དབྱིན་ཡུལ་དུ་བཞུགས་པའི་ཆོས་གྲོགས་ཤིག་གིས་ཁོང་ལ་ཞབས་བརྟན་གསོལ་འདེབས་ཤིག་ཕྲིས་ཟེར། ངས་ཐ་མ་དེར། མི་ཚང་མ་ཚེ་རིང་པོར་མི་འདོད་མཁན་སུ་ཡང་མེད་ན་ཡང། ཚེ་རིང་པོར་སྡོད་པ་ལ་འཕྲོད་བསྟེན་མེད་ན་ཁག་པོ་རེད། འོན་ཀྱང་ངས་ཁྱེད་རང་ཚེ་རིང་པོ་ཡོང་བར་ཤོག་ཅེས་སྨོན་ལམ་འདེབས་རྒྱུ་ཡིན་ཞེས་ལབ་པ་ཡིན། དེ་ལས་གཞན་གདེང་འཇོག་གི་ཚད་གཞི་ལས་བརྒལ་བའི་བརྗོད་ཚིག་གཅིག་ཀྱང་སྤྱད་མེད། ཡིག་ཐོག་ཏུ་འབྲི་བ་ནི་ཁ་ནས་བཤད་པ་ལས་ཀྱང་འགན་འཁྲིའི་འདུ་ཤེས་ཆེན་པོ་ཡོད་པ་དང། རིག་པ་སྒྲིམ་དགོས་པ་ཞིག་རེད།
བླ་ཆེན་དག་གི་དྲུང་ཡིག་དང་ཉེ་གནས་རྣམ་པར་དོན་རྐྱེན་འདི་རིགས་ཡོང་དང་མི་ཡོང་ལ་གལ་ཆེའི་ནུས་པ་འདོན་སྤེལ་བྱེད་པའི་གོ་སྐབས་ཡོད་པ་རེད། མདོར་ན། དྲུང་ཡིག་དང་ཉེ་གནས་འདི་དག་གིས་རང་གི་བླ་མ་སྲུང་སྐྱོབ་ཡག་པོ་ཞིག་བྱེད་དགོས་ལ། སྲུང་སྐྱོབ་བྱེད་སྟངས་གལ་ཆེ་ཤོས་ཤིག་ནི་གཞན་གྱི་བེད་སྤྱོད་ཀྱི་ལག་ཆར་མ་གྱུར་པ་ཞིག་བྱ་རྒྱུ་དེ་རེད། བླ་མ་རང་ལ་ཡང་གཙོ་བོའི་འགན་འཁུར་ཡོད་པ་ཐུགས་བརྗེད་ཁུར་མི་ཉན་པ་ནི་ཨ་ཅང་ཅང། འདིའི་ཐད་དོ་དན་མ་བྱས་ན་མཇུག་འབྲས་ནི་ཧ་ཅང་ཚབས་ཆེན་རེད།།
སྒོར་ཁྲི་གཅིག་ལབ་ན་ཁྲི་གཅིག་ཡིན་དགོས།
ད་དུང་གསལ་ཙམ་ཞུས་ན། བོད་པའི་གོམས་གཤིས་ཁྲོད། ཞབས་བརྟན་གསོལ་འདེབས་ལྟ་བུ་ཞིག་བྲིས་ན་དེར་རང་བཞིན་གྱིས་ཚིག་མཐོན་པོ་བེད་སྤྱོད་གཏོང་གི་རེད། དེ་ནི་གོམས་གཤིས་ཤིག་གམ། ཡང་ན་རྟེན་འབྲེལ་གྱི་ཚིག་བརྗོད་ཅིག་དང། དད་པ་དག་སྣང་གི་གསུང་སྟངས་ཤིག་རེད། དཔེར་ན། ས་སྟེང་མཁས་པ་ཡོངས་ཀྱི་གཙུག་རྒྱན་ཟེར་བ་ལྟ་བུ་སྟེ། དངོས་ཡོད་ཀྱི་གཞི་འཛིན་ས་ཞིག་ཡོད་མི་དགོས་པ་འདྲ། འོན་ཀྱང་གཞུང་འབྲེལ་ཡིག་ཆའི་འབྲི་སྟངས་དེ་འདྲ་མ་རེད། ལས་ཤོག་དང་ཐམ་ཀ་ཡོད་པའི་ཡི་གེར་དེ་འདྲ་བྱས་ན་ཆོག་གི་མ་རེད། མགོ་སེར་དག་གི་གནས་སྟངས་ཁ་གསལ་མ་ཤེས་ཀྱང། རྒྱ་རིགས་དེ་ཚོར་དེ་འདྲའི་ཡི་གེ་བྲིས་ནས་སྤྲད་ན་ཁོང་ཚོས་གོ་བ་གཞན་ཞིག་བླངས་ཏེ་བེད་སྤྱོད་ཀྱང་གཞན་ཞིག་གཏོང་གི་རེད། སྲོལ་རྒྱུན་གྱི་ཚིག་གི་ནང་དུ་ཞལ་ཟས་རོ་བརྒྱ་ལྡན་པ་ཞིག་འབུལ་ལབ་ན། རོ་བརྒྱ་ཚང་མི་ཚང་གིས་བདའ་དེད་གཏོང་མཁན་ཞིག་ཕལ་ཆེར་ཡོང་གི་མ་རེད། འོན་ཀྱང། གན་རྒྱའི་ཡི་གེའམ། བྱུང་འཛིན་ཞིག་གི་ཐོག་ཏུ་སྒོར་ཁྲི་གཅིག་ཅེས་ལབ་ཡོད་ན་ཁྲི་གཅིག་ཡིན་དགོས་པ་རེད། འདིའི་རིགས་ལ་གཞུང་འབྲེལ་གྱི་ཡི་གེ་འབྲི་སྟངས་ཟེར་ཞིང། འདི་ལ་ཁྲིམས་ཀྱི་འགན་འཁྲི་ཡོད་པ་རེད།།
རྒྱའི་རིག་གནས་བསམ་བློའི་ཁྲོད་ཀྱི་ང་ཚོའི་ཐ་སྙད།
ཁྱད་པར་རྒྱ་ནག་གི་རིག་གནས་ཀྱི་ཁྱབ་ཁོངས་སུ་ང་ཚོས་བསམ་བློ་དེ་འཁུར་མི་རུང། དེ་ལ་རྒྱུ་མཚན་ཁ་ཤས་ཤིག་ཡོད། རྒྱུ་མཚན་དང་པོ། དེ་ཡང་མང་པོ་ཞིག་ལ་བོད་ཀྱི་རིག་གནས་ལ་གསང་བ་ལྐོག་གྱུར་གྱི་འདུ་ཤེས་དང། དངོས་ཡོད་ལས་བརྒལ་བའི་འཛིན་སྟངས་ཤིག་ཡོད་པས། རིན་པོ་ཆེ་དང་ཧྭོ་ཧྥོ་(活佛)ཟེར་ན་ཧ་ལས་ཤིང་ཧོན་ཐོར་གྱི་ཡོད་པ་སྟེ། ཚིག་བརྗོད་དམིགས་བསལ་བ་དེ་འདྲ་ཁོང་ཚོའི་ལག་པར་སླེབས་ན་ཁོང་ཚོར་དེ་མ་ཐག་ལོག་པའི་ང་རྒྱལ་དང་མངོན་པའི་ང་རྒྱལ་དེ་ཚོ་སྐྱེ་གི་རེད།
རྒྱུ་མཚན་གཉིས་པ། ཁོང་ཚོར་ཚོང་ལས་ཀྱི་བསམ་བློ་དང་སྒྲིག་འཛུགས་ཀྱི་བསམ་བློ། ལས་ཁང་གི་བསམ་བློ་དེ་ཚོ་ཤུགས་ཆེན་པོ་རེད། ཁོང་ཚོས་འབྲོག་པའི་སྔུན་ལ་གཡག་ཤ་ཚོན་པོ་བཞག་པ་བཞིན། ང་ཚོས་སྤྲད་པའི་ཡིག་ཆ་དེ་ཚོ་བེད་སྤྱོད་བྱས་ནས་ལས་ཀ་མང་པོ་ཞིག་བྱ་རྒྱུའི་བསམ་བློ་འཁོར་གྱི་ཡོད། ཁོང་ཚོས་འདི་རིགས་ཁྲིམས་མཐུན་ཅན་དུ་སྒྱུར་རྒྱུའི་ལམ་ཁ་འཚོལ་ངེས་ཡིན་པར་མ་ཟད། ལས་སླ་པོས་གཞན་གྱིས་དང་ལེན་བྱེད་པའི་ཐབས་ལམ་རྙེད་ཀྱི་ཡོད།
བོད་པ་ཚོས་སྤྲུལ་སྐུ་ནི་མངོན་མཁྱེན་གྱིས་ཐག་བཅད་དེ་ངོས་འཛིན་དགོས་པ་ཞིག་ཏུ་མཐོང་གི་ཡོད། དངོས་ཡོད་ཀྱི་ཆ་ནས་བཤད་ན་ཡང། ཆོས་ཕྱོགས་ཀྱི་འགྲོ་སྟངས་ཚད་ལྡན་གྱིས་ཡང་སྲིད་བཙལ་བ་དེ་འདྲ་བྱུང་ཡང་ཡོད་ངེས་རེད། འོན་ཀྱང། རྒྱ་མི་རིགས་དང་རྒྱ་ནག་གཞུང་གིས་ཡོད་ཚད་ལམ་ལུགས་ཀྱིས་ཐག་གཅོད་དགོས་པ་ཞིག་ཏུ་ངོས་འཛིན་བྱེད་པ་ཁོ་ན་ཤས་ཆེ་ལ། དེ་ལྟར་ལག་བསྟར་བྱས་ཏེ་ཁོང་ཚོར་དགོས་པའི་གྲུབ་འབྲས་ཐོན་པ་ཡང་མི་ཉུང་བ་ཞིག་བྱུང་ཡོད།
རྒྱ་མི་རིགས་གཞན་ལྟ་ཅི། ཐ་ན་བོད་བརྒྱུད་ནང་བསྟན་ལ་དད་པ་ཡོད་མཁན་ཞིག་ཡིན་ནའང། ལམ་ལུགས་ཀྱི་ཐོག་ནས་འགྲེལ་བཤད་བྱེད་པ་དེ་གོ་བ་ལེན་བདེ་བ་དང། དང་ལེན་བྱེད་ཐུབ་པ་ཞིག་ཏུ་ངོས་འཛིན་མཁན་ཤིན་ཏུ་མང། བོད་ཚིག་ཐོག་དང་རྒྱ་ཡིག་ཐོག་ཟེར་བའང་དེ་འདྲ་ཞིག་ལ་གོ རྒྱུ་མཚན་དེས། རྒྱུས་ངེས་ཅན་ཞིག་ལོན་པ་དང་ཁོང་ཚོར་འདི་ནི་ང་ཚོ་རང་གིས་བྱེད་ཐུབ་པ་ཞིག་རེད་སྙམ་པའི་བསམ་བློ་འཁོར་དུ་འཇུག་གི་ཡོད་ཅིང། རིམ་གྱིས་ལག་ལེན་བྱེད་མགོ་འཛུགས་ཀྱི་ཡོད།།
བློ་ཁོག་ཆེ་ཆུང་མི་འདྲ་བའི་རྩེད་མོ་བ་གཉིས།
རྒྱ་ཡུལ་ནས་སྒོར་མོ་ཁ་ཤས་བླངས། དེ་བོད་ཡུལ་གྱི་ས་གནས་ཁུག་ཀྱོག་གི་དགོན་པ་རེར་སྤྲད། དེ་ནས་སྣེ་ལེན་ཕེབས་བསུ་སོགས་ཀྱི་པར་རེ་བླངས། དེ་རྒྱ་ཡུལ་དུ་བསྟན་ནས་སླར་ཡང་རྙེད་པ་འཚོལ་བ་སྟེ། རྔ་མ་ཐུང་ངུ་ལས་མེད་པའི་སྣོག་ལས་བྱེད་མཁན་བོད་པའི་ནང་ལ་ཡང་ཡོད་མོད། བློ་ཁོག་དང་ས་ཆོད་ཀྱི་ཆ་ནས་བོད་མི་ཆོས་ཀྱི་མིང་ཐོག་ནས་རྒྱ་རིགས་དང་རྩེད་མོ་རྩེ་མཁན་ཚོའི་ནང་ན་ཨང་དང་པོ་ཐོབ་མཁན་ཞིག་མི་ཡོང། མང་ཆེ་བ་བརྒྱུད་ཚོང་ཁང་དུ་ཞུགས་པའི་འབྲོག་པ་ཚོ་ནང་བཞིན་རིམ་གྱིས་ཕམ་ཉེས་ཀྱི་ཕྱོགས་སུ་འགྲོ་བ་ཡིན། འདི་ལ་ཡང་རྒྱུ་མཚན་ཆེན་པོ་ཡོད།
དེ་ཡང་། རྩེད་མོ་རྩེད་མཁན་གཅིག་དེར(རྒྱ་རིགས)། ༡ བྱང་ཚད་ཡོད་པ་དང་། ༢ གསར་གཏོད་ལ་དགའ་བ། ༣ ཆོག་མི་ཤེས་པ། ༤ མིག་རྒྱང་རིང་བ། ༥ འཛེམས་ཟོན་མེད་པ་བཅས་ཀྱི་གཤིས་ཀ་ཡོད།
གཞན་དེར(བོད་མི)། ༡ ཉམས་མྱོང་ཞན་པ། ༢ འཆར་གཞི་དང་གོ་རིམ་སྒྲིག་འཛུགས་བཅས་ཞིབ་ཚགས་མེད་པ། ༣ གསར་གཏོད་ཀྱི་གོམས་གཤིས་མེད་པ། ༤ འཕྲལ་གྱི་ཁེ་ཕན་ལ་སེམས་པ་ཆེ་བ། ༥ འཕག་ཚག་ཤུགས་ཆེན་པོ་རྒྱག་རྒྱུར་བློས་གཏོང་གིས་མི་འདང་བའི་གཤིས་ཀ་ཞིག་ཡོད། ཞིབ་བསྡུར་རང་གཞིན་གྱི་རྒྱུ་མཚན་འདི་དག་གི་ཐོག་ནས་བལྟས་ནའང། གལ་ཏེ་བོད་ཀྱི་ཡང་སྲིད་ལམ་ལུགས་འདི་མི་རིགས་གཞན་གྱི་ལག་པར་སླེབས་ན་དམིགས་བསལ་གྱི་ཉེན་ཁ་ཧ་ཅང་ཆེན་པོ་ཡོད་པ་ཞིག་རེད།།
ཁ་དན་ཚིག་ལ་གནས་པ།
ཡང་སྲིད་ངོས་འཛིན་རང་གི་རྩ་བའི་གཏན་ཚིགས་ཀྱི་ངོས་ནས་བསམ་ན། རྐུན་མ་དང་སངས་རྒྱས་གར་ཡོད་མི་ཤེས་ཟེར་བ་རེད། ཅིག་བྱས་ན་ཝུའུ་ཏཱ་རོང་དང་ཝུའུ་ཏཱ་རོང་ལྟ་བུ་དེ་ཚོ་སངས་རྒྱས་དང་བྱང་སེམས་ཀྱི་སྤྲུལ་བ་ཡིན་ནའང་ཐང། ཡིན་མི་ཆོག་པ་ཞིག་མ་རེད། མཛད་པ་གནང་སྟངས་འགའ་ཞིག་བླ་མ་སྤྲུལ་སྐུའི་མཛད་པ་རེད་ཅེས་ཆོས་ཕྱོགས་ཀྱིས་འགྲེལ་བརྗོད་བྱས་ན་དེ་ཡང་རྒྱུ་མཚན་མེད་པ་ཞིག་མ་རེད། རྒྱ་རིགས་ཤིག་སྤྲུལ་སྐུ་རེད། བླ་མ་རེད་ཅེས་ལབ་ན་ཧང་སང་བ་དང། བོད་མི་ཞིག་བླ་མ་སྤྲུལ་སྐུ་རེད་ལབ་ན་ཡིན་ཤག་ཤག་བྱེད་པ་དེ་ཡང་གོམས་གཤིས་འཐད་ལྡན་དུ་གྱུར་པ་ཙམ་རེད། དེས་ན་ཚོར་སྣང་དང་ཞེན་ཁོག་ཁོ་ནས་ཝུའུ་ཏཱ་རོང་སྤྲུལ་སྐུ་ཡིན་རྒྱུ་མ་རེད་ཟེར་ན་དེ་ནི་བློ་བཟུ་བོར་མ་གནས་པ་རེད།
རྒྱ་བོད་སུ་ཡིན་ནའང་ཡིན། དང་པོ་ངོས་འཛིན་བྱས་ཚར་རྗེས་མི་དེས་བྱ་སྤྱོད་ག་འདྲ་ཆགས་ཀྱང་འདི་སྤྲུལ་སྐུ་ཡིན་པར་ཐེ་ཚོམ་མེད་ཅེས་དམ་བཅས་པ་ཡིན་ན། སྤྲུལ་སྐུ་ངོས་འཛིན་གྱི་རིན་ཐང་གི་ངོས་ནས་དང། བླ་མ་ཞིག་གི་འོས་བབས་ཀྱི་ཆ་ནས་མ་མཐའ་ཡང། ཁ་དན་ཚིག་ལ་གནས་པ་ཞེས་པའི་མི་ཆོས་ཀྱི་དམ་ཚིག་དེ་མ་བརླགས་པ་ཙམ་ཡོང་གི་རེད།
སྤྲུལ་སྐུའི་མིང་གནས་འབུལ་ལེན་བྱེད་པ་ནི་ཆབ་སྲིད་ཀྱི་རྩེད་མོ་ཁོ་ན་ཡིན།
ཝུའུ་ཏཱ་རོང་ཡིན་ནའང་འདྲ། དེ་ལས་གཞན་པ་ཡིན་ནའང་རུང། དང་པོ་ངོས་འཛིན་བྱས། དེ་ནས་ཏོག་ཙམ་མ་འགྲིག་པར་ཞབས་འདྲེན་གྱི་གསར་འགྱུར་འདྲ་ཐོན་པའམ། སྒེར་གྱི་རྙོག་གྲའི་དབང་གིས་སྣང་བ་མི་འགྲོ་བ་བྱུང་དུས། ངོས་འཛིན་བྱེད་མཁན་དེ་ཚོས་ངོས་འཛིན་རྩིས་མེད་ཡིན་ཟེར་ནས་མིང་དེ་ཡར་བསྡུས་འགྲོ་བ་ལྟ་བུའི་བྱེད་སྟངས་ཡོད་པ་དེ་ནི་ཧ་ཅང་མི་རིགས་པ་ཞིག་རེད། གལ་ཏེ་དེ་འདྲ་ཡིན་ན། དེ་ནས་བཟུང་སྟེ་སྤྲུལ་སྐུའི་ལམ་ལུགས་འདི་ལ་ཆོས་ཕྱོགས་ཀྱི་སྐྱེ་བ་སྔ་ཕྱིའི་ལྟ་གྲུབ་དང། ཤེས་རྒྱུན་གཅིག་པའི་གང་ཟག་གི་ཡང་སྲིད་ཡིན་པའི་གཏན་ཚིགས་ཀྱི་གཞི་འཛིན་ས་གང་ཡང་མེད་པའི་རྩེད་མོ་ཞིག་ཏུ་གྱུར་ཟིན་པ་རེད།
འཇིག་རྟེན་མི་ལུགས་ཀྱི་དབང་དུ་བྱས་ན་ཡང། རྒྱབ་ལྗོངས་གང་ཡིན་ལ་མ་ལྟོས་པར་ཕ་རོལ་པོ་དེ་ངོས་འཛིན་བྱས། ཁྲི་སྟོན་བཞག ཁེ་ཕན་བླངས། གང་བྱེད་དགོས་པ་ཚང་མ་བྱས་ཚར་བ་དང། སྐྱོན་དང་མི་ཁ་འཁོར་དུས་ཡང་རྩིས་མེད་ཡིན་ཟེར་ན། དེ་ནི་བཤད་མཁན་ལས་ཉན་མཁན་ངོ་ཚ་དགོས་པ་ཞིག་རེད།
གོ་གནས་སོགས་དང་འབྲེལ་བ། ཆོས་ཚོགས་དང་འཛིན་སྐྱོང་གི་ལས་འགན་ལྟ་བུ་འགའ་ཞིག་བྱེད་སྟངས་མ་འགྲིག་པས་གོ་གནས་ཕབ་ཟེར་བ་དེ་འདྲ་ཡོང་ཆོག་པ་ཞིག་ཡིན་སྲིད་ན་ཡང། ཆོས་ཕྱོགས་ནས་ངོས་འཛིན་དང་ངོས་ལེན་བྱས་གཞག་པ་དེ་དག་ནི་རང་གར་རྩིས་མེད་གཏོང་ཐབས་ཡོད་པ་ཞིག་ག་ལ་ཡིན།
ངོས་ལེན་གྱི་ཚད་གཞི་བསྙོན་མེད།
ཟླ་འགའི་སྔོན་ལ། པདྨ་འོད་གསལ་ལ་སྐྱོན་བརྗོད་བྱེད་པ་ནི་ཏང་དང་རྒྱལ་ཁབ་ལ་རྒྱབ་གཏོད་པ་ཡིན། ཟེར་བའི་མགོ་བརྗོད་འཁོད་པའི་རྩོམ་ཡིག་ཁྱད་མཚར་ཞིག་མིག་སོན་བྱུང། རྩ་བའི་ཆ་ནས་རྩོམ་ཡིག་དེ་གླེང་རིན་ཡོད་པ་ཞིག་མིན་ན་ཡང། རྩོམ་ཡིག་དེར། བོད་རིགས་དང་བོད་ཀྱི་དགོན་པ། བོད་ཀྱི་བླ་མ་དག་ད་ནས་བློ་གཏད་བྱ་ཡུལ་ཞིག་མིན་པ་ཤེས་སོང། ཁོང་ཚོ་ནི། ཁེ་ཕན་ཚང་མ་ཟོས། སྒོར་མོ་ཚང་མ་བླངས་ནས་ད་གཟོད་རང་གིས་བྱས་པ་རང་གིས་ཁས་མི་ལེན་པ་ཞིག་རེད་ཅེས་ཚོར་ཤུགས་ཆེན་པོས་བྲིས་འདུག ངས་བལྟས་ན་ཚོར་བ་དེ་ཡང་རྒྱུ་མཚན་གཏན་ནས་མེད་པ་ཞིག་མ་རེད།
ཝུའུ་ཏཱ་རོང་གིས་ཡུན་རིང་པོར་ཁོའི་པོད་ཕྲན་དུ་དཔང་རྟགས་སུ་ངོམ་པའི་ཀཿཐོག་དྲི་མེད་ཞིང་སྐྱོང་གིས་ཝུའུ་ཏཱ་རོང་ལ་གཟིགས་གསོལ་གནང་སྐབས་དང། རྨོག་རྩ་རིན་པོ་ཆེའི་ཕྱག་ཡིག་དང་དབུ་ཞྭ་སོགས་ཀྱི་བརྙན་ཐུང་ཁག་གསུམ་བཞི་ཞིག་ཞིབ་ཏུ་བལྟས་པ་ཡིན། དེའི་ནང་དུ་ཀཿཐོག་གི་བླ་མ་དེ་དག་ལས་གཞན་ད་དུང་ཡོ་རོབ་ཏུ་བཞུགས་མཁན་ས་སྐྱའི་བླ་མ་ཆེན་པོའི་མཚན་གནས་ཁུར་མཁན་ཞིག་གིས་ཀྱང་ཝུའུ་ཏཱ་རོང་ལ་ཚད་ལས་བརྒལ་བའི་བསྟོད་པ་བྱས་འདུག དེ་ཚོ་ང་ཚོས་ནང་ཁུལ་ནས་མ་མཐོང་ཁུལ་བྱས་ནས་བསྡད་པ་ཙམ་ལས་ང་ཚོ་བོད་ཀྱི་བླ་མ་ཚོས་དོན་ཆེན་འགག་ལ་ཐུག་དུས་གང་བྱས་པ་དེ་ཝུའུ་ཏཱ་རོང་ཁོ་རང་གི་སེམས་ལ་གསལ་ལེ་ཧྲིག་གེར་ཡོད་པ་རེད།
ཕན་ཐོགས་འདུག་བསམ་པའི་སྐབས་སུ་ངོས་ལེན་གནང། གསོ་སྐྱོང་དང་མངའ་གསོལ་གཟེངས་བསྟོད་ཚད་མཐོན་པོ་བྱས། ཁྲི་མཉམ་པར་བསྡད་པ་སོགས་བྱས་པ་དངོས་ཡོད་རེད། ཕྱིའི་རྣམ་པ་ལས་ནང་གི་རྒྱུད་ཚོད་མི་རྟོགས་མཁན་གྱི་རྒྱ་རིགས་ལྟ་བུ་བླ་ཆེན་ཁོང་རྣམ་པར་ཡིད་ཆེས་བྱེད་མཁན་ཚོས་ང་ཚོའི་བླ་མས་ཀྱང་འདི་ཙམ་རྩ་ཆེ་ཆེ་གནང་གི་འདུག་ཁོང་མ་འདྲ་བ་ཞིག་ཡིན་ཐག་ཆོད་རེད་བསམ་ངེས་རེད།
འདི་ཡང་ངོས་འཛིན་མིན་ན་ཡང་ངོས་ལེན་ཞིག་ཆགས་ཀྱི་ཡོད། གང་རེད་ཟེར་ན། དཔེར་ན་མི་ཞིག་འབུམ་རམས་སློབ་ཐོན་པའི་མིང་ཐོག་ནས་སྤྱི་གཉེར་ཁང་ཞིག་ཏུ་ལས་ཀ་འཚོལ་བའི་བྱེད་སྒོ་ཞིག་ལ་ཞུགས། སྤྱི་གཉེར་ཁང་དེས་ཀྱང་བསླབས་འཕངས་དང་རྗེས་འབྲེལ་གྱི་ངོས་ལེན་བྱས། ལས་རིགས་དེའི་ཁྱབ་ཁོངས་སུ་གོ་གནས་དང་ལས་ཀའང་སྤྲད་པ་ཡིན་ན། སྤྱི་གཉེར་ཁང་དེ་འབུམ་རམས་པའི་ལག་འཁྱེར་སྤྲོད་མཁན་མིན་ན་ཡང། ལག་འཁྱེར་དེ་ལ་ངོས་ལེན་དང་ཚད་འཛིན་བྱེད་མཁན་ཞིག་ཆགས་པ་རེད། དེས་ན་འདི་ཡང་དེང་གི་རིག་གནས་ཁྲོད་དུ་བསྙོན་དུ་མེད་པའི་ངོས་ལེན་གྱི་ཚད་གཞི་ཞིག་རེད། གསལ་བོ་ཆགས་སོང་ངམ།།
ཡང་སྲིད་ལམ་ལུགས་རྒྱ་ལག་ཏུ་ཤོར་བའི་ཉེ་དམིགས།
༡ རྡོར་འཆང་རྫུན་མ་ཡི་ཡུན་གའོ་ (義雲高)དང་དེའི་ངོས་འཛིན་ཡི་གེ
མཚམས་འདི་ནས་ངས་པདྨ་འོད་གསལ་ཙམ་མིན་པར་དེ་ལས་མང་བའི་ང་ཚོས་ཕར་སྤྲུལ་སྐུའི་མིང་བཏགས་པ་དང། དེས་མཇུག་འབྲས་ག་འདྲ་བསྐྱེད་བཞིན་པ་བཅས་ཀྱི་ཐད་ལ་དཔེ་མཚོན་ཁ་ཤས་ཤིག་ཞུས་ན་བསམ། འདི་ནི་ང་ཚོས་གནད་དོན་འདིའི་ཚབས་ཆེའི་ངོ་བོ་ངོས་འཛིན་པར་མ་བཤད་ཐབས་མེད་རེད།
ཡི་ཡུན་གའོ་ནི་ཕྱི་ལོ་༡༩༥༡ ལོར་སྐྱེས། རྒྱ་ནག་སི་ཁྲོན་གྱི་མི་ཡིན་པ་དང། འཛིན་བཟུང་བཀའ་རྒྱ་ཕོག་པའི་ཉེས་ཅན་ཞིག་རེད། ཁོས་ག་ལེར་བྱས་ནས་སྤྲུལ་མིང་བླངས་པར་མ་ཟད། ད་ཆ་ཁོས་རང་ཉིད་འཛམ་བུ་གླིང་དུ་ངོས་འཛིན་ཡིག་ཆ་མང་ཤོས་དང། ཁྲིམས་མཐུན་གྱི་ནུས་པ་ཆེ་ཤོས་ཀྱི་སྤྲུལ་སྐུ་ཡིན་པར་ཁྱབ་བསྒྲགས་བྱེད་ཀྱི་ཡོད། ཁོས་རང་འཚམས་ཀྱིས་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞིའི་བསྟན་བདག་གི་ཆོས་རྗེ་བཞི་ངོས་འཛིན་བྱས། ད་དུང་ཁོས་རང་ཉིད་ཀྱི་བུ་མོ་ཡང་ཁྲི་སར་བཀོད་དེ། མིང་ལ་སྦྱིན་པ་རིན་པོ་ཆེ་ཞེས་མིང་བཏགས་ཤིང། འཇིག་རྟེན་ན་ཁྱད་ཆོས་ཆེ་ཤོས་ལྡན་པའི་ལོ་ན་ཆེས་གཞོན་པའི་རིན་པོ་ཆེ་ཞིག་ཡིན་པ་དང། ཁོང་མོས་ལོ་བཅུ་གཉིས་ཀྱི་ཐོག་ནས་ཡུམ་ཤེར་ཕྱིན་ཐོགས་མེད་དུ་འཆད་ནུས་ཞེས་བསྒྲགས།
ཁོ་པ་ངོས་འཛིན་བྱེད་མཁན་ནམ་རྒྱབ་གཉེར་ཡིག་ཆ་སྤྲོད་མཁན་གྱི་ཁྲོད་ན་ཆོས་བརྒྱུད་ཁག་མང་པོའི་བླ་མ་ཡོད། དུལ་མོང་ཆོས་རྗེ་དང། མཁན་པོ་ཨ་ཁྱུག རྡོ་གྲུབ་ཆེན། ཨོ་ཤེར་སོགས་ཀྱི་ཕྱག་ཡིག་ཡིན་ཞེས་པ་ཧ་ཅང་མང་པོ་ཡོད། གྲུབ་དབང་པད་ནོར་རིན་པོ་ཆེས་དེབ་ལ་འབྱོར་ལན་ཕྱག་ཡིག་བསྩལ་ཡོད་ཅིང། ས་སྐྱ་༧བདག་ཁྲི་རིན་པོ་ཆེས་ཡི་གེ་དེ་གཤམ་འོག་གི་མིས་རྫུན་བཟོ་ཡིན་པའི་ཁུངས་སྐྱེལ་གནང་བ་ཙམ་ལས་གཞན། བླ་མ་དེ་དག་དང་དེ་དག་གི་རྗེས་འཇུག་བཅས་སུས་ཀྱང་ད་བར་ངོས་འཛིན་བྱས་ན་བྱས་ལུགས་དང། མ་བྱས་ན་མ་བྱས་ལུགས། རྒྱབ་གཉེར་སྤྲད་ན་སྤྲད་ལུགས་དང། མ་སྤྲད་ན་མ་སྤྲད་ལུགས་ཀྱི་ཐད་དངོས་ཡོད་ཀྱི་གཞི་འཛིན་ས་ཡོད་པའི་གསལ་བཤད་ཅིག་གནང་མེད། འདིའི་སྐོར་འོག་གི་ནང་གསེས་དོན་ཚན་བཞི་པ། གསལ་བཤད་དང་ལན་འདེབས་མེད་པ་ནི་ངོས་ལེན་ཡིན། ཞེས་པར་ཡང་མུ་མཐུད་གླེང་རྩིས་ཡོད།
འགའ་ཞིག་གིས་ཡི་གེ་འབྲི་བཞིན་པ་དང། འཛུབ་ཐེལ་རྒྱག་བཞིན་པ། ད་དུང་ཁོས་ཕྱོགས་སྒྲིག་བྱས་པའི་ཁོ་རང་ངོས་འཛིན་གྱི་ཡི་གེའི་དེབ་ཆེན་ལག་ཏུ་སྣམ་བཞིན་པ་ཚུན་ཆད་ཀྱི་དཔར་ག་ཚད་ཅིག་བརྒྱབ་ཡོད། དེ་དག་ཚང་མ་ང་ཚོས་བརྗེད་པ་སྐད་དུ་བྱས་ཀྱང། ཁོང་ཚོས་ཉིན་རེ་བཞིན་བརྒྱུད་ལམ་ཆེ་ཆུང་ཚང་མ་ན་གཏོང་བཞིན་ཡོད། ན་ཉིན་ཧོང་ཀོང་གི་རྒྱ་བྱ་གསར་འགྱུར་ཁང་གིས་ཁོང་ཚོར་ཐེར་འདོན་གྱི་རྩོམ་ཡིག་ཅིག་སྤེལ་བའི་ལན་དུ། ཁོང་ཚོས་ཡ་གླིང་གཟའ་རེའི་གསར་འགྱུར་ཚགས་དེབ་བེད་སྤྱད་དེ་གཞི་རྒྱ་ཆེ་བའི་ཡ་ལན་བྱས་འདུག སྐབས་དེར་རྒྱུ་ཆ་འདི་དག་ཡོངས་ཁྱབ་ཏུ་འགྲེམ་སྤེལ་བྱས་པ་ད་ལྟའང་ང་ཚོའི་མཐོང་སར་ཡོད། གལ་ཏེ་ཡིད་མ་ཆེས་ན། གྷོ་གྷལ་བཤེར་འཚོལ་གྱི་དྲ་ངོས་སུ་ཁོ་པ་ངོས་འཛིན་དང་འབྲེལ་བའི་གནད་ཚིག་གཅིག་བརྒྱབ་པ་ཙམ་གྱིས་ང་ཚོས་གང་བྱས་པ་ཚང་མ་འཛམ་བུ་གླིང་གི་མིག་ལམ་དུ་ཁྲ་ལམ་མེར་འཆར་བ་ཞིག་བཟོས་འདུག།།
༢ བཀའ་གདམས་རྫུན་མ་ཀྲོང་ཐོའུ་(种菟仁波切 )ཨ་ར་ཅན།
ཡང་ཐའེ་ཝན་དང། སེང་ག་པོར་སོགས་སུ་རྒྱལ་སྤྱིའི་བཀའ་གདམས་པ་ཟེར་བའི་མིང་ཐོག་ནས་ལྟེ་གནས་མང་པོ་འཛུགས་མཁན་འགག་ཤན་ལྗང་གུ་ཅན་གྱི་ཚོགས་པ་ཞིག་ཡོད། ཁོང་ཚོའི་མགོ་དཔོན་དུ་ཀྲོང་ཐོའུ་རིན་པོ་ཆེ་ཆེན་པོ་ཟེར་བའི་མི་ཨ་ར་ཅན་ཞིག་ཡོད། དེས་ཀྱང་ཐོག་མར་རང་ཉིད་ཁྲི་སྤྲུལ་ཟེར་བའི་དོལ་རྒྱལ་རྗེས་འབྲངས་པ་ཞིག་གིས་ངོས་འཛིན་བྱས་པར་བསྒྲགས་སྐད། ཁྲི་སྤྲུལ་པས་ཀྱང་དང་པོ་རང་ཉིད་ལ་སྡོང་གྲོགས་རྒྱབ་རྟེན་ཞིག་རྙེད་ཆེད་ཆོས་ལུགས་ཀྱི་ཆབ་སྲིད་ཅིག་འཁྲབ་པ་ཡིན་ངེས་ན་ཡང། དེ་ཡང་དེང་སང་ཕར་བལྟས་ཚོད་ལ་ནི་ཁོ་རང་གིས་ཡར་བཞག་པའི་ཀྲོང་ཐོའུ་རིན་པོ་ཆེ་ཟེར་བ་དེ་རང་ཁོ་རང་ཚོའི་སྒྲིག་འཛུགས་དེའི་དཔོན་པོར་སླེབས་ཏེ་ཁོ་རང་བག་ལ་ཞ་བཞིན་འདུག ཨ་ར་ཅན་ཁོས་ཁོ་རང་གི་སྐྱེས་རབས་ཀྱི་གྲལ་དུ་ཡང། འབྲོམ་སྟོན་ཆོས་ཀྱི་རྒྱལ་པོ་དང། འགྲོ་མགོན་ཆོས་རྒྱལ་འཕགས་པ་ནས་བཟུང་སྟེ། ཆེ་ཆེ་གཉན་གཉན་ཁོ་ན་བཞག་ཡོད་པ་རེད།
མ་གཞི་དེང་སང་མང་པོ་ཞིག་གིས་སྤྲུལ་སྐུ་ངོས་འཛིན་བྱེད་པ་དེ་རང་ཉིད་ཀྱི་ཤོག་ཁག་རྒྱ་བསྐྱེད་དང་དབང་ཆ་སྲ་བརྟན་གྱི་ཆེད་དུ་བསམས་ཏེ། བོད་ཀྱི་མཁས་པ་རོང་ཟོམ་པས་གསུངས་པ་ལྟར། ཤིང་ཆེན་པོ་རླུང་གིས་བསྐྱོད་ན། ཤིང་སྐྱབས་སུ་ཤིང་གྱུར་ཟེར་བ་དེ་ཡོང་བའི་རེ་བ་བརྒྱབ་ཡོད་ན་ཡང། གཟབ་གཟབ་མ་བྱས་ན། ད་ཆ་མགོ་རྔ་ལོག་སྟེ། ཤིང་ཆེན་པོ་མེ་ཡིས་ཚིག་ན། ཤིང་གཤེད་དུ་ཤིང་གྱུར་པ་ཟེར་བ་ལྟར། གཅིག་གིས་གཅིག་བརླགས་པ་ཞིག་མི་ཡོང་བའི་ངེས་པ་གཏན་ནས་མི་འདུག་གོ།
༣ མཚོ་སྐྱེས་མིང་འཛིན་ལིའུ་ཧྲིན་དབྱན (劉勝願
དེ་ལས་གཞན་པ་ཞིག་ནི་ལུའུ་སིན་ཡན་རེད། ཁོ་ཡང་ཐོག་མར་བོད་བརྒྱུད་བླ་མ་སྤྲུལ་སྐུ་གདན་དྲངས་ནས་མཛད་སྒོ་སྤེལ། དེ་ནས་ཁོ་རང་དེ་དག་གི་ཁྲི་འགྲམ་དུ་བསྡད་དེ་འབུལ་བ་ཕུལ། དེ་ནས་རིམ་གྱིས་བོད་ཀྱི་བླ་སྤྲུལ་དག་དང་འབྲེལ་བ་བྱུང། ཐ་མ་དེར་ཁོང་རང་ཉིད་བོད་བརྒྱུད་གསང་སྔགས་ཀྱི་བསྟན་པའི་བདག་པོ་མཐར་ཐུག་ཡིན་པར་འུད་སྒྲོགས་བྱས་ཤིང། ད་ཆ་གཞན་ལ་ལྟོས་མེད་ཀྱིས་རང་ཉིད་ཀྱིས་ཀྲིན་ཧྥོ་ཙུང་ (真佛宗) ཟེར་བའི་ཆོས་བརྒྱུད་ཀྱང་གསར་གཏོད་བྱས་ཚར། ད་དུང་ན་ཉིན་ཁོས་ཆེས་ཐོག་མར་ངོས་འཛིན་བྱས་པའི་ཀྲིན་ཧྥོ་ཙུང་ཆོས་བརྒྱུད་ཀྱི་སྤྲུལ་སྐུ་ཡིན་ཞེས་བརྗོད་དེ་རྒྱ་ཕྲུག་ཅིག་ངོས་འཛིན་དང་ཁྲི་འདོན་གྱི་བྱེད་སྒོ་སྤེལ་བ་ཐའེ་ཝན་གྱི་གསར་ལམ་ཁག་མང་པོར་ཐོན་ཡོད།
ཁོས་ཕྱོགས་གཅིག་ནས་བོད་བརྒྱུད་ནང་བསྟན་གྱི་ནང་དོན་བེད་སྤྱོད་བྱས་ཤིང། ཁོ་རང་གི་མིང་གིས་སྤེལ་བའི་མཚན་སྔགས་ཡིན་པ་སྐད་ཀྱི་ཡི་གེ་དེ་ཚོ་ཡང་བོད་ཡིག་གི་ཐོག་ཏུ་བྲིས་ཡོད། ཁོས་རང་ཉིད་ལ་བོད་ཀྱི་ནང་ཆོས་ཀྱི་བརྒྱུད་པ་ཡོད་པའི་ཁུངས་སྐྱེལ་བྱེད། བོད་བརྒྱུད་ནང་བསྟན་གྱི་བརྒྱུད་པ་གལ་ཆེ་ཤོས་ཤིག་ཀརྨ་པ་བཅུ་དྲུག་རིག་པའི་རྡོ་རྗེ་དང། དེ་བཞིན་དགེ་ལུགས་ཀྱི་བླ་མ་ཐུབ་བསྟན་ཆོས་དར་ཟེར་བ་ཞིག་ལས་བླངས་ཞེས་སྒྲོགས། འོན་ཀྱང། ཁོ་རང་གིས་བྲིས་པའི་སྒེར་གྱི་མི་ཚེའི་ལོ་རྒྱུས་ལྟར་ན། ཞལ་མཇལ་གསུང་ཐོས་ཙམ་བྱུང་ཡོད་ན་ལས། དེ་ལས་དངོས་སུ་བོད་བརྒྱུད་ནང་བསྟན་གྱི་ཕྱག་ལེན་གཞིར་བཟུང་གིས་ཞུས་པའི་དབང་ལུང་ཁྲིད་གསུམ་གྱི་བརྒྱུད་པ་ཞིག་དེ་དག་གི་མདུན་ནས་ཐོབ་མི་འདུག
འོན་ཀྱང། ཁོས་མ་ལེ་ཤི་ཡར་དུས་འཁོར་དབང་མོ་ཆེ་ཟེར་བ་སྐུར་རྒྱུ་ཡིན་ཞེས་རྩེད་ཐང་ཆེན་མོ་རེའི་ནང་ཡོངས་རྫོགས་ཁེངས་པ་ཙམ་གྱིས་མི་བསྡུ་བར་བྱེད་ཅིང། ཁོའི་ལག་ཆ་ནི་ང་ཚོ་ཡིན། ཡང་བྱེས་ཀྱི་བོད་མིའི་གྲོས་ཚོགས་ཀྱི་གནད་ཡོད་མི་སྣ་ཨ་ལགས་འཇིགས་མེད་ཅེས་ཆེ་བརྗོད་དང་བཅས་ཁོང་དང་དེ་རིགས་ཁ་ཤས་ཤིག་ཁོང་ལ་སྐྱབས་སྡོམ་ཞུས་པའི་སློབ་མའི་ཁོངས་སུ་བགྲངས་ཡོད། བོད་བརྒྱུད་ནང་བསྟན་གྱི་གལ་ཆེའི་བླ་སྤྲུལ་ཁོང་གི་སློབ་མར་གྱུར་པའི་ཐོག་ནས་རང་ཉིད་ལ་བོད་བརྒྱུད་ནང་བསྟན་ཁྲོད་ཚད་མཐོའི་ངོས་ལེན་ཡོད་པ་མཚོན་ཐབས་བྱས་ཡོད།
མདོར་ན་ཁོས་ང་ཚོ་དང་ང་ཚོས་རིག་གཞུང་ཚོང་རྫས་སུ་བྱེད་ཅིང་ཡོད། ངས་བསམ་ན་ཁོས་བཤད་པའི་བོད་ཀྱི་བླ་མ་དེ་དག་ཀྱང། ཐོག་མར་ཁོ་དང་དངུལ་དངོས་ཀྱི་འབྲེལ་བ་བཞག་སྟེ་ཕན་ཚུན་ངོ་ཤེས། ག་ལེར་ཁོས་ཆོས་ཕྱོགས་ཀྱི་བྱེད་སྒོའི་མགྲོན་ཤོག་ཕུལ། དེ་ནས་ཁོ་ཁྲི་ཁར་བསྡད་སྟབས་རང་བཞིན་གྱིས་ཁོའི་ཆོས་བཤད་སའི་འཁོར་དུ་གྱུར། མཐར་ཁོས་ཁོང་ཚོ་ངའི་སློབ་མ་ཡིན་ཞེས་ཁྱབ་བསྒྲགས་བྱས་པ་སྟེ། ཕལ་ཆེར་ཡོང་སྟངས་དེ་འདྲ་ཞིག་ཡིན་རྒྱུ་རེད་དྲན།།
༤ བྱམས་པ་རྡོ་རྗེའམ་བྱམས་པ་རྫུན་མ།
བྱམས་པ་རྡོ་རྗེ་ནི་མགོ་སེར་གྱི་མི་ཞིག་ཡིན་འདུག་ཅིང། འདིས་ཀྱང་དུས་ཡུན་ངེས་ཅན་ནང་རང་ཉིད་བྱམས་པའི་སྤྲུལ་པ་ཡིན་ཞེས་ཁྱབ་བསྒྲགས་བྱས། བོད་ཀྱི་དགེ་ཕྱོགས་ཀྱི་བླ་མ་དེ་འདྲས་དངུལ་ལ་བལྟས་ནས་ཡིག་ཆ་སྤྲོད་པ་དང། བོད་ཁམས་ལི་ཐང་གི་ཕྱོགས་སུ་བསྐྱོད་དེ་ཁྲི་འདོན་མངའ་གསོལ་སོགས་བྱས་པར་མ་ཟད། ཐ་ན་དྷ་ས་རང་དུ་ཡང་ཁོས་ཆོས་ཚོགས་བརྒྱབ་པར་གསར་འབྱོར་མང་པོ་ཞིག་དང་ཕན་ཚུན་གཅིག་གིས་གཅིག་བེད་སྤྱོད་བྱེད་རེས་ཀྱི་གཏམ་རྒྱུད་དགོད་བྲོ་ལ་ངུ་ཡང་བྲོ་བ་ཅི་རིགས་རེ་བསྐྲུན། ད་ཆ་ཁོས་ལོ་ན་མ་སོན་པའི་བུ་མོ་ཞིག་ལ་བཙན་གཡེམ་བྱས་པའི་ཉེས་མིང་འོག་བཙོན་དུ་ཡོད་སྐད་ཐོས། ཁོས་༧གོང་ས་མཆོག་ལ་མཇལ་ཁའི་སྙན་གསེང་ཞུས་སྐབས་བྱམས་པ་རྡོ་རྗེའི་མིང་ཐོག་ནས་ཞུས་ན་སྤྲོད་ཐུབ་པ་ལས། ༧གོང་ས་མཆོག་སྤྱན་རས་གཟིགས་ཀྱི་སྤྲུལ་པ་ཡིན་པ་དང། ཁོ་རང་བྱམས་པ་མགོན་པོའི་སྤྲུལ་པ་ཡིན་པ་ལྟ་བུའི་ཐོབ་ཐང་གི་ཐོག་ནས་མཇལ་ཁ་གནང་ཐབས་མེད་ཅེས་དྲུང་ཡིག་ལས་ཁུངས་ཀྱིས་བཀག་སྟེ་དངོས་སུ་མཇལ་མ་ཐུབ་པ་རེད་སོགས་ཟེར་མོད། ངེས་གསལ་གྱི་སྡོམ་ཚིག་ཞུ་ཐབས་བྲལ།།
རྫུན་མ་བདེན་འགྱུར་གྱི་ཉེན་ཁ།
འདི་དག་གི་ཐད་ཚབས་ཆེ་ཤོས་ཤིག་ནི། རྒྱལ་དབང་༧ཀརྨ་པའི་རྗེས་འཇུག་སློབ་བརྒྱུད་དག་ཡིན་ནའང་འདྲ། ཨ་ལགས་འཇིགས་མེད་ཡིན་ནའང་འདྲ། ཡི་ཡུན་གའོ་ཡི་ངོས་འཛིན་དང་འབྲེལ་བ་ཡོད་མཁན་ཚོ་ཡིན་ནའང་འདྲ། ཁོ་ཚོས་བེད་སྤྱོད་བྱ་ཡུལ་དུ་གྱུར་པའི་ས་དགེ་བཀའ་རྙིང་སུས་ཀྱང་ཕར་ཕྱོགས་ཀྱི་གཏམ་སྤྱོད་དེ་རིགས་ལ་ལན་དང་གསལ་བཤད་ཀྱི་ཡིག་འཇོག་ཙམ་ཡང་མི་བྱེད་པ་དེ་རེད། གལ་ཏེ་འདི་བཞིན་ལུས་པ་ཡིན་ན། དུས་ཡུན་རིང་པོའི་རྗེས་སུ་ཁོང་ཚོའི་བཤད་སྟངས་དེ་རིགས་ལོ་རྒྱུས་ཀྱིས་ངོས་འཛིན་ཐོབ་རྒྱུའི་ཉེན་ཁ་ཡོད། ཁྲིམས་ཀྱི་ཐོག་ནས་ཀྱང། དཔེར་ན་ཚགས་ཤོག་ལྟ་བུ་ཞིག་ཏུ་ཚོགས་པ་དང་མི་སྒེར་བ་ཞིག་ལ་སྐྱོན་འཛུགས་བྱས་པ་ཞིག་ལ་གསལ་བཤད་དང་ཡ་ལན་མེད་པར་དེ་མུར་ལྷག་པ་ཡིན་ན། དུས་ཡུན་ངེས་ཅན་སོང་རྗེས་གཞན་གྱི་སྐྱོན་འཛུགས་དེ་དག་གཞི་འཛིན་ས་ངེས་ཅན་ཞིག་ཆགས་སྲིད་པ་ཁྲིམས་དོན་མཁས་པ་ཚོས་ཤོད་ཀྱི་ཡོད།།
ཕྱི་སྐྱོན་ནང་གསང་ནི་རྣ་བ་བཀབ་ནས་དྲིལ་བུ་བརྐུ་བ་ཡིན།
བླ་མ་འགའ་རེས། སོ་སོས་སྤྱི་ཚོགས་དང་སྐད་ཡིག་གཞན་གྱི་ཁྱབ་ཁོངས་སུ་ནོར་འཛོལ་དང་འབྲེལ་བའི་གླེང་ཕྱོགས་ཀྱི་ས་བོན་བཏབ་ཡོད་ཀྱང། གནས་སྐབས་བོད་པ་ཚོས་དོ་སྣང་མ་བྱུང་བ་ཙམ་གྱིས་སྣང་མེད་དུ་བཞག་ན་འགྲིག་པར་སྙམ་གྱི་ཡོད། སྔོན་ཆད་དེ་འདྲ་ཡིན་སྲིད་ན་ཡང། དེང་སང་བརྡ་འཕྲིན་གྱི་ཆ་རྐྱེན་དང་མི་དག་གི་གནས་ཚུལ་རྒྱུས་ལོན་བྱེད་པའི་ཚོར་ཤེས་སོགས་སྔ་ས་ན་བསྡད་མེད་པས། འདིའི་རིགས་ཀྱང་མ་གོ་ཁུལ་བྱས་ནས་སྡོད་པ་ནི་རང་མགོ་རང་གིས་གཡོག་པ་དང། མིག་རྒྱང་ཧ་ཅང་ཐུང་བའི་བསམ་སྤྱོད་རེད། མདོར་ན། བྱེད་སྟངས་དེ་ནི་རང་གི་རྣ་བ་བཀབ་ནས་དྲིལ་བུ་བརྐུ་བ་དང་འདྲ།།
ངོས་འཛིན་གྱི་འཇོན་ཐང་མེད་ན་ངོས་ལེན་གྱི་ཐོབ་ཐང་མེད།
ཀུན་གྱིས་ངོས་ལེན་དང། ལོ་རྒྱུས་ཀྱི་རྒྱབ་ལྗོངས་ཡོད་པའི་བླ་མ་ཞིག་ཡིན་ན་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་བྱེད་པའི་དབང་ཚད་ཡོད་སྲིད་ན་ཡང། ཡང་སྲིད་ངོས་འཛིན་བྱེད་པའི་ཆོས་ལུགས་ཀྱི་གཞི་རྩའི་གཏན་ཚིགས་ཀྱི་ངོས་ནས་བཤད་ན། རང་གིས་ངོས་འཛིན་བྱས་པའི་ཡང་སྲིད་ལ་ཡང་བསྐྱར་རང་གིས་ངོས་ལེན་མེད་པའི་གསལ་བསྒྲགས་སྤེལ་མི་ཆོག རང་གིས་ཀྱང་ངོས་ལེན་བྱེད་མི་ཐུབ་པ་ཞིག་ལ་ངོས་འཛིན་གྱི་རྒྱབ་གཉེར་དེ་བས་ཀྱང་བྱེད་མི་འོས། གལ་ཏེ་ངོས་འཛིན་མི་བྱེད་ཀྱང་གཞན་གྱིས་ངོས་འཛིན་བྱས་པ་ལ་ཡིད་ཆེས་ཡོད། དེའི་ཕྱིར་ངས་རྒྱབ་གཉེར་སྤྲོད་ཀྱི་ཡིན་ཟེར་ན། ཐོག་མར་གཞན་གྱིས་ངོས་འཛིན་བྱས་པ་ཟེར་བའི་བརྒྱུད་རིམ་ལ་ཞིབ་འཇུག་སོང་བ་ཞིག་དགོས་ཤིང། དེ་མིན་མཛོ་སྦྲེལ་གཡང་ལྷུང་གི་ལས་ཀ་དེ་རིགས་ད་ནས་ངེས་པར་མཚམས་འཇོག་གནང་རོགས་ཞེས་ཟེར་རྒྱུ་ཡིན།།
མེད་པ་གསུམ་གྱི་མཐའ་ཟེར་བ་ཅི་ཞིག་ཡིན།
ཉེ་ཆར་རྒྱ་ནག་གི་མཁས་པ་ཞིག་གིས་བྲིས་པའི་( 愷댕莖價) རིན་ཐང་གཞལ་མེད་བཞི་ཟེར་བའི་རྩོམ་ཡིག་ཅིག་ཐོན་ཡོད་ཅིང། དེའི་ནང་དུ་རྒྱ་ནག་གི་དྲ་འབངས་ཀྱིས་དོ་སྣང་ཆེན་པོ་བྱས་པའི་དོན་རྐྱེན་བཞིའི་སྐོར་ལ་སྐྱོན་བརྗོད་བྱས་པའི་དུས་མཚུངས་སུ། དོན་རྐྱེན་དེའི་འབྱུང་རྩ་ལ་དབྱེ་ཞིབ་བྱས་འདུག དབྱེ་ཞིབ་མཁན་གྱིས་ཐ་མ་དེར། གནད་དོན་འདི་དག་གི་འབྱུང་རྩ་ངོ་མ་དེ་ལེགས་བྱང་ཉམས་རྒུད་དུ་གྱུར་བ་ལས་བྱུང་ཞིང་། དེ་ཡང་རྒྱ་ནག་གི་ལེགས་བྱང་ཉམས་རྒུད་དུ་གྱུར་པའི་ཚད་ནི་རྒུད་པའི་ཚད་ལས་བརྒལ་ཏེ་ཡོངས་སུ་ཉམས་ཟིན་པའི་ཚད་དུ་སླེབས་ཡོད་པ་སྟེ། དེ་ཡང་ལེགས་ཉེས་བླང་དོར་གྱི་ཕྱོགས་མི་ཤེས་པའི་རྨོངས་པ། ཉེས་སྤྱོད་ལ་ཉེས་སྤྱོད་དུ་ཤེས་ཀྱང་དེར་འཇུག་པར་ཡ་ང་བག་ཚ་མེད་པས་མི་འཇིགས་པ། ནོར་འཁྲུལ་རི་ཙམ་བསགས་ཀྱང་དེ་ལ་གནོང་འགྱོད་ཀྱི་བསམ་པ་ཙམ་ཡང་མི་སྐྱེ་བས་ངོ་ཚ་བ་མེད་པ་སྟེ། ཀྲུང་གོའི་ལེགས་བྱང་གི་ཚད་གཞི་དེ་ད་ཆ་無列、無管、無恥མེད་པ་གསུམ་གྱི་ཆེས་ཐ་མའི་རིམ་པར་སླེབས་ཡོད་ཅེས་མཇུག་སྡོམ་བརྒྱབ་པ་རེད།
ད་དུང་གོ་བདེ་བར་བཤད་ན། མི་ཞིག་གིས་རང་གི་བྱ་སྤྱོད་ནོར་འཁྲུལ་ཅན་བྱེད་བཞིན་པར་ཤེས་ཚོར་མེད་པའི་བླུན་རྨོངས་རང་བཞིན་གྱི་བྱ་སྤྱོད་མངོན་ཚེ། དེ་ནི་ཀུན་སྤྱོད་སློབ་གསོ་དང་ལེགས་བྱང་གི་རིན་ཐང་ཉམས་པའི་སྣང་ཚུལ་དང་པོ་རེད། གལ་ཏེ་ནོར་འཁྲུལ་བྱེད་བཞིན་པའི་སྐབས་སུ་ནོར་འཁྲུལ་ཡིན་པར་ཤེས་ཚོར་ཐུབ་ན་ཡང་མུ་མཐུད་ནོར་འཁྲུལ་གྱི་ལམ་དུ་འཇུག་རྒྱུར་ཐེ་ཚོམ་དང་ཡ་ང་བག་ཚ་བ་མེད་པ་ནི། ལེགས་བྱང་གི་རིན་ཐང་ཉམས་པའི་མངོན་རྟགས་གཉིས་པ་རེད། ཐ་མ་དེར་ནོར་འཁྲུལ་གྱི་བྱ་སྤྱོད་སྤེལ་བ་གོམས་གཤིས་ཅན་དུ་གྱུར་ཏེ་ངོ་ཚ་བའི་བསམ་པ་གཏན་མེད་དུ་གྱུར་པ་ནི་ལེགས་བྱང་གི་ཉམས་རྒུད་ཤིན་ཏུ་ཚབས་ཆེན་དུ་གྱུར་པའི་མངོན་རྟགས་ཐ་མ་དེ་ཡིན། ཁོས་ཟེར་ན་ད་ལྟའི་ཀྲུང་གོའི་ལེགས་བྱང་གི་གནས་སྟངས་རིམ་པ་ཐ་མའི་སྐབས་སུ་སླེབས་ཡོད་ཅེས་ཟེར། ངས་བལྟས་ན་ང་ཚོ་བོད་ཀྱི་སྤྲུལ་སྐུའི་ལམ་ལུགས་ཀྱི་ངོས་འཛིན་གྱི་འགྲོ་སྟངས་འདི་ཡང་ཕལ་ཆེར་དེ་འདྲ་ཞིག་ཏུ་སླེབས་འདུག།
ཡང་སྲིད་ལམ་ལུགས་ཀྱི་ནད་རྟགས་དྲུག
འདིའི་ཐད་ཆེས་མངོན་གསལ་ཆེ་བའི་སྣང་ཚུལ་ཁ་ཤས་ཤིག་བཤད་ན། དཔེར་ན། བླ་མ་ཞིག་སྐུ་འདའ་ཁར་ངའི་ཡང་སྲིད་ཟེར་བ་ཞིག་བླུ་མི་དགོས། ང་ཡིན་ཟེར་མཁན་ཞིག་བྱུང་ན་ཁྱེད་ཚོས་ངོས་ལེན་གཏན་ནས་མི་དགོས། ཐ་ན་རྡོ་བདའ་བྱས་ནས་ཡུལ་ཕུད་དགོས་ཞེས་ཡོངས་གྲགས་སུ་མངགས་ཆ་བྱས་ནས་ཅང་མ་འགོར་བ་ན་སོ་སོའི་ཉེ་འཁོར་ཚ་བརྒྱུད་ལས་དེའི་ཡང་སྲིད་རེ་ངོས་འཛིན་བྱེད་པ་དང་གཅིག
ཡང་མི་འགའ་རེས། སོ་སོར་བླ་མ་ཞིག་གི་ཡང་སྲིད་ཀྱི་མིང་རག་པ་དང་དེ་བེད་སྤྱོད་བྱས། ཡང་དེས་བློ་ཁ་མ་ཁེངས་པར་གཞན་པ་ཞིག་ལ་མིང་བསྒྱུར་བྱས། དེས་ཀྱང་འདོད་པ་མ་ཚིམས་པར་དེ་ལས་ཆེ་བའི་མིང་ཞིག་ཁུར་ནས་མི་རེ་རེས་བླ་མ་གསུམ་རེའི་མིང་བརྗེས་ནས་མུ་མཐུད་ཆོས་ཀྱི་རྒྱལ་པོའི་ཁྲི་ལ་བག་ཕེབས་སོས་དལ་གྱིས་ལྷང་ངེ་ལྷན་ནེ་ལྷམ་མེར་བསྡད་ཀྱང། དེ་ལ་ཁྲིམས་དང་ལུགས་སྲོལ། ཀུན་སྤྱོད་དང་འགན་འཁྲི་གང་གིས་ཀྱང་བདའ་དེད་མེད་པ་དང་གཉིས།
ཡང། བླ་མ་གཅིག་འདས་གསོན་གང་ཡིན་མ་གོ་བཞིན་དེའི་ཡང་སྲིད་ངོས་འཛིན་བྱེད་ཅིང། བླ་མ་འདས་དུས་ཀྱི་དུས་ཚིགས་མ་ངེས་པའི་ཐོག་ནས་འོས་སྤྲུལ་གྱི་སྐྱེ་ཚེས་བླ་མ་མ་འཁྲུངས་པའི་སྔོན་ལ་ཆགས་པ་སོགས་བྱུང་ཞིང། མཐར་གནས་ཚུལ་དེ་ཁ་གསལ་དུ་གྱུར་པའམ། ངོས་འཛིན་ཟིན་པའི་བླ་མ་དེའི་སྐུ་སྔ་མ་འཚོ་ཞིང་བཞེས་པ་མཐོང་བཞིན་དུ་ཡང། ཡང་སྲིད་ཕྱི་མ་དང། ཡང་སྲིད་ངོས་འཛིན་མཁན་ཚང་མར་དོགས་པ་བྱེད་མཁན་ཡོད་མི་དགོས་པ་དང་གསུམ།
ཡང་སྤྲུལ་སྐུའི་མིང་ཐོགས་པའམ། སྤྲུལ་སྐུའི་སྲས་ལ་སྤྲུལ་སྐུ་ཞེས་བཏགས་པ་འགའ་རེས། མི་གཏའ་ཉར་ནས་ཚེ་སྲོག་གི་འཇིགས་སྐུལ་བྱེད་པ་སོགས་རང་བཞིན་གྱི་མིས་ཀྱང་བསམ་མི་ཕོད་པ་རེ་བྱས་ནས་བཙོན་ཁང་དུ་སོང། གཞན་གྱིས་མྱི་ཤུགས་རྒྱུ་ཤུགས་ཀྱིས་བཙོན་ཁང་ལས་བཏོན་ཏེ་སླར་ཡང་དགོན་པས་བསུ་སེར་སྦྲེང་བྱས་ནས་གདན་འདྲེན་བྱེད་ཀྱང་དེ་ལ་ཆོས་འཇིག་རྟེན་གཉིས་ཐད་ནས་སྟངས་འཛིན་བྱེད་མཁན་མེད་པ་དང་བཞི།
ཕན་ཚུན་གཉིས་ཆ་ནས་སྤྲུལ་རྫུན་བཟོས་རྗེས་གཅིག་གིས་གཅིག་ལ་གལ་ཏེ་ཁྱོད་ཀྱིས་ངས་ངོས་འཛིན་བྱས་པའི་སྤྲུལ་སྐུར་ངོས་ལེན་མ་བྱས་ན་ངས་ཀྱང་ཁྱོད་རང་གིས་ངོས་འཛིན་བྱས་པ་དེར་ངོས་ལེན་བྱེད་ཀྱི་མིན་ཞེས་སྡིགས་ར་སྐུལ་ཞིང། མཐར་ཁྱི་རྐུན་འོ་ཟངས་ཁ་ནས་མཐུན་ཏེ་ཡ་ང་བག་ཚ་བ་མེད་པའི་ཟློས་གར་ལུ་གུ་རྒྱུད་དུ་འཁྲབ་ཆོག་པ་དང་ལྔ།
འབྲེལ་ཡོད་དབང་འཛིན་སྡེ་ཁག་གི་ངོས་ནས་ཀྱང། འཐབ་ཕྱོགས་གཅིག་གྱུར་གྱི་དགོས་མཁོ་དང་རྒྱལ་གཅེས་ཆོས་གཅེས་ཀྱི་ལངས་ཕྱོགས་ཟེར་བ་ལྟ་བུའི་ཆབ་སྲིད་ལྟེ་བར་བཞག་ནས་ཡང་སྲིད་ངོས་འཛིན་གྱི་ལམ་ལུགས་ལ་ཐེ་ཚོམ་སྤུ་ཙམ་མེད་པར་ལག་པ་འཆང་བ་ལས། ཆོས་ལུགས་ཀྱི་དམིགས་བསལ་དར་སྲོལ་ཞིག་ཡིན་པའི་མ་མཐའི་རྩི་བཀུར་ཡང་མི་དགོས་པར་གྱུར་པ་དང་དྲུག་སྟེ། ཕྱོགས་བསྡུས་རང་བཞིན་གྱི་ཕྱི་ནང་གི་ནད་རྟགས་འདི་དྲུག་གི་ཐོག་ནས་བལྟས་ནའང། གོང་དུ་རྒྱའི་རྩོམ་ཡིག་དེ་ལས་བཤད་པ་ལྟར། ད་ཆ་སྤྲུལ་སྐུའི་ལམ་ལུགས་འདི་ཉིད་དེ་ལྟར་ཚབས་ཆེ་བའི་ནོར་འཁྲུལ་གྱི་བྱ་སྤྱོད་རྒྱུན་ལྡན་ཅན་དང། ཐ་ན་ངོམ་སོ་བྱེད་པ་དང། འཇོན་ཐང་དུ་བརྩི་བའི་ས་ཚོད་དུ་བརྒྱབ་སྟེ། རིམ་པ་གསུམ་པའི་མཐར་སླེབས་འདུག་སྙམ།།
ཡང་སྲིད་ལམ་ལུགས་དང་ཆབ་སྲིད་སྒེར་སྡོམ།
རྩོམ་ཡིག་འདིའི་ནང་ནས་བརྗོད་འདོད་པའི་སྐད་ཆ་གཙོ་བོ། ཡང་སྲིད་ངོས་འཛིན་གྱི་ལམ་ལུགས་འདི་རྒྱ་རིགས་དག་གི་ལག་པར་ཤོར་ན་དེ་ལས་ཆེ་བའི་རྙོག་གྲ་དང་དཀའ་ལས་བཟོ་ངེས་ཡིན་པ་འདིར་བྱ་(སྔོན་བརྡ་)ཞིག་ཐོངས་ན་སྙམ་པ་དང། ང་ཚོས་ལས་སྟངས་མང་པོ་ཞིག་གིས་བསམ་བཞིན་དང་བསམ་བཞིན་མ་ཡིན་པའི་ཐོག་ནས་ཁོང་ཚོར་གོ་སྐབས་སྤྲོད་ཅིང། མཐུན་རྐྱེན་བསྐྲུན་བཞིན་པ་འདིའི་སྐོར་གསལ་རྟོགས་ཐུབ་པ་ཞིག་ཡོང་རྒྱུའི་ཆེད་འབད་བརྩོན་ཕྲན་བུ་ཞིག་བསྟེན་འདོད་དེ་ཡིན།
རྒྱ་རིགས་མི་མང་གིས་རང་གི་སྒེར་གྱི་ཁེ་ཕན་ཆེད་སྤྲུལ་སྐུའི་མཚན་གནས་འདི་ཇི་ལྟར་བེད་སྤྱོད་བྱེད་སྲིད་པའི་སྐོར་གོང་དུ། བློ་ཁོག་མི་འདྲ་བའི་རྩེད་མོ་བ་གཉིས། ཞེས་པ་དང། ཡང་སྲིད་ལམ་ལུགས་རྒྱ་ལག་ཏུ་ཤོར་བའི་ཉེས་དམིགས། ཟེར་བའི་དོན་ཚན་དེ་དག་གི་ཁོངས་སུ་གང་ཐུབ་ཅིག་ཞུས་ཟིན་མོད། དེ་ལས་གཞན་ཆབ་སྲིད་ཀྱི་དབང་དུ་བྱས་ན་ཡང། ཡང་སྲིད་ལམ་ལུགས་འདི་ལ་གཞུང་འབྲེལ་གྱིས་ཐེ་ཇུས་བྱས་པའི་མཇུག་འབྲས་ནི་སྤྲོ་བ་འདྲེན་པ་ཞིག་མ་ཡིན།
ཉེ་ས་ནས་བལྟས་ན། ཉེ་ཆར་གྱི་རྙོག་གྲ་དེ་ལས་འཕྲོས་ཏེ། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཟེར་བས་ཀྱང་སྤྲུལ་སྐུ་བཤེར་འཚོལ་དྲ་བ་ཟེར་བ་ཞིག་བཟོས་ནས་ཤར་གཏོང་བྱས་འདུག་ལ། སྤྲུལ་སྐུ་དག་རྫུན་གྱི་ཐ་མའི་ངོས་འཛིན་ནི་གཤེར་འཚོལ་རེའུ་མིག་འདིའི་ནང་དུ་ཡོང་མིན་དེ་ཡིན་ཞེས་བཤད་ཡོད། སྤྱིར་སྤྲུལ་སྐུའི་ལམ་ལུགས་འདི་ལམ་ལུགས་ཤིག་ཡིན་པའི་ཆ་ནས་གཅིག་གྱུར་རང་བཞིན་ལྡན་པའི་ཁྲིམས་ཀྱི་སྲུང་སྐྱོབ་དགོས་པ་ནི་གལ་ཆེན་ཡིན་མོད། ང་ཚོར་མཚོན་ན། འདི་ནི་ཉེན་ཁ་གཞན་ཞིག་རེད། ད་བར་གཞུང་གིས་ཆེས་མཐོའི་ཆོས་ལུགས་ཀྱི་གོ་གནས་དང་ལག་འཁྱེར་མང་པོ་ཞིག་ནི་འཐབ་ཕྱོགས་གཅིག་གྱུར་གྱི་དགོས་མཁོ་དང་འཚམས་མིན་དང། རྒྱལ་གཅེས་ཆོས་གཅེས་ཀྱི་དགོངས་དོན་དང་འགྲིག་མིན་ལྟེ་བར་བྱས་ཏེ་ཐག་གཅོད་བྱེད་ཀྱི་ཡོད། ཉེ་ཆར་ཝུའུ་ཏ་རོང་ཡང་ཐ་མའི་ལས་དབང་གྲོགས་མེད་ཁེར་རྐྱང་དུ་གྱུར་མིན་ལ་མ་ལྟོས་པར། ཐོག་མར་ཁོས་ཆོས་ཕྱོགས་ནས་ཀཿཐོག་ཚང་དང། སྲིད་ཕྱོགས་ནས་འཐབ་ཕྱོགས་གཅིག་གྱུར་ཁང་དང་མཉམ་དུ་དུས་ཐུང་གི་རྩེད་མོ་སྙིང་རྗེ་པོ་ཞིག་རྩེ་བཞིན་པའི་དུས་སྐབས་དེར། འཐབ་ཕྱོགས་གཅིག་གྱུར་གྱི་ཀྲུའུ་ཝེ་ཆོན་སོགས་དང་ལག་རྟགས་སྤྲོད་ལེན་བྱས་པའི་པར་རིས་སོགས་ཡོངས་ཁྱབ་ཏུ་གྱུར་ཡོད།
དེ་བཞིན། བོད་རིགས་དང་རྒྱ་རིགས་ཀྱི་དོལ་རྒྱལ་རྗེས་འབྲངས་པ་གངས་བླ་རྒྱ་བོ་དང། རྒྱ་མི་ཀྲོང་ཐོའུ་རྒྱ་བོ་སོགས་ཀྱང་བོད་ལ་སྐྱོད་སྐབས་ཆེད་དུ་ཀྲུང་གུང་ཆོས་དོན་ལས་ཁུངས་དང། འཐབ་ཕྱོགས་གཅིག་གྱུར་ཁང་གིས་རྒྱས་སྤྲོས་ཆེ་བའི་སྣེ་ལེན་བྱེད་ཀྱི་ཡོད། འདི་ཚོ་ཚང་མ་ཁོང་ཚོའི་འབྲེལ་ཡོད་དྲ་རྒྱ་སོགས་ན་ངོམ་སོ་བྱེད་བཞིན་པའི་ཡོངས་གྲགས་གནས་ཚུལ་རེད། འདིའི་ཐོག་ནས་ཀྱང། གཞུང་འབྲེལ་གྱིས་སྤྲུལ་སྐུ་དག་རྫུན་འབྱེད་པའི་བཤེར་འཚོལ་དྲ་བས་ནང་ཆོས་ཀྱི་རིན་ཐང་དང་སྤྲུལ་སྐུའི་ལམ་ལུགས་ཀྱི་དོན་མཐུན་གྱི་ལག་ལེན་གཞི་ལ་བཞག་ནས་ལས་ཀ་བྱེད་མིན་གསལ་བརྗོད་བྱས་ཡོད། འོན་ཀྱང། ལེ་ཚན་དེའི་འཁྲབ་གཞུང་བཟོ་མཁན་ནས་འཁྲབ་སྟོན་པ་ཚང་མའི་ནང་དུ་ང་ཚོ་ཚང་མ་བློ་སེམས་རྩེ་གཅིག་གིས་མཉམ་ཞུགས་བྱེད་བཞིན་ཡོད། མཉམ་ཞུགས་བྱས་པ་དེས་ད་གཟོད་གྲུབ་འབྲས་འདི་དག་སྨིན་པ་སྟེ། ལྡོག་ཏུ་མེད་པ་ནི་འབྲས་བུ་རེད།།
ག་རེ་བྱས་ནས་ཝུའུ་ཏཱ་རོང་ཐེར་འདོན་བྱུང་བ།
ཐ་མ་དེར་ང་ཚོས་བསྐྱར་དུ་ཝུ་ཏཱ་རོང་གི་སྐོར་ལ་བསམ་བློ་ཞིག་གཏོང། ཝུའུ་ཏཱ་རོང་ནི་རྒྱ་ནག་སྐམ་ས་ནས་ཧོང་ཀོང་དུ་གནས་སྤོ་བྱས་པའི་སྤྱིར་བཏང་གི་ཚོང་པ་ཞིག་བོད་བརྒྱུད་ནང་བསྟན་གྱི་སངས་རྒྱས་གསོན་པོ་ཆགས་པ་དང། དུས་ཐུང་ནང་ཆོས་ཀྱི་རྒྱལ་པོ་ཞེས་པའི་མཚན་གནས་བེད་སྤྱོད་བྱས། གྲགས་སྐར་དང་ཁེ་ལས་པ་སོགས་ཀྱི་སློབ་མའང་མི་ཉུང་བ་ཞིག་བསྡུས། ཆོས་ཕྱོགས་ནས་བོད་ཀྱི་བླ་མ་དང་དགོན་པ་ཁག་ཅིག་གིས་བེད་སྤྱོད་བྱས་ཤིང། སྲིད་ཕྱོགས་ནས་འཐབ་ཕྱོགས་གཅིག་གྱུར་ཁང་གི་གྲོགས་པོར་གྱུར། འོན་ཀྱང། ཀྲང་ཐའེ་ལན་ཁྲི་འདོན་གྱི་བརྙན་ཐུང་ཞིག་དྲ་ངོས་སུ་ཁྱབ་པ་དེའི་ཉེར་ལེན་གྱིས་ནང་བསྟན་གྱི་རྗེས་འབྲངས་ཡིན་པའི་རྒྱ་བོད་མི་རིགས་ཀྱི་ཁྲོད་དུ་ཧ་ཅང་ཛ་དྲག་གི་ལྟ་སྟངས་བྱུང་ཞིང། གསར་འགྱུར་བརྒྱུད་ལམ་མང་པོ་ཞིག་གིས་གཅིག་རྗེས་གཉིས་འཐུད་དུ་དེའི་བརྒྱུད་རིམ་རྩད་གཅོད་བྱས། ཐ་མ་དེར་མང་སྣེ་ཉུང་གིས་མ་བརྟེན་པར་ཁོས་དགོངས་དག་ཞུས་པར་མ་ཟད། དེ་ཡང་ལམ་ལྷོང་མ་བྱུང་བར་རྦད་དེ་སྤྱི་ཚོགས་ལས་ཟུར་དུ་ཐོན་དགོས་བྱུང། ཁོའི་ངོས་འཛིན་གྱི་བརྒྱུད་རིམ་དང་ཁྲི་འདོན་གྱི་ཆོ་ག་སོགས་ཆོས་ཕྱོགས་ཀྱི་ལམ་སྲོལ་དང་མི་མཐུན་པ་དང། རྒྱལ་ཁབ་ཀྱི་རྩ་དོན་དང་འགལ་ཟླ་ཆགས་ཡོད་སྟབས་ཐ་མ་དེར་སྔར་གྱི་ཆོས་སྲིད་གཉིས་ཀྱི་ལག་གདངས་སྦྲེལ་ཡུལ་དག་ཀྱང་རྒྱང་རིང་དུ་བྱོལ།
མཚོ་སྔོན་དང་ཀན་སུའུ། དཀར་མཛེས་སོགས་ཁོ་དང་འབྲེལ་བ་ཡོད་པའི་ས་ཁུལ་དེ་དག་གི་གཞུང་འབྲེལ་ཆོས་དོན་ལས་ཁུངས་ཁག་ལ་གསར་འགྱུར་ཚན་པས་དྲི་རྩད་བྱས་ཤིང། ཁོང་ཚོས་དེ་མུར་ཝུའུ་ཏཱ་རོང་ངོས་འཛིན་ཟེར་བ་ཞིག་བྱུང་མྱོང་མེད་པ་དང། དེ་རྒྱལ་ཁབ་ཀྱི་ཆོས་ཕྱོགས་ཀྱི་རྩ་དོན་དང་འགལ་ཡོད་པའི་ཁྱབ་བསྒྲགས་བྱས། དེ་ནི་ཝུའུ་ཏཱ་རོང་ལ་མཚོན་ན་ཆེས་གནོད་ཚབས་ཆེ་ཤོས་ཀྱི་ངོ་རྒོལ་སྟོབས་ཤུགས་ཡིན་པ་དང། གསར་ལམ་ཁག་ལ་མཚོན་ན་ཆེས་ཆེ་བའི་རྒྱབ་རྟེན་ཆགས་ཀྱི་ཡོད། རྒྱུ་མཚན་དེས་མི་མང་གི་མིག་ལམ་ནས་ཝུའུ་ཏཱ་རོང་མ་ཡལ་རང་ཡལ་དུ་གྱུར་ཅིང། ད་ཆ་ཁོའི་མིང་ཐོག་ཏུ་ཡོད་པའི་སྒེར་གྱི་པོད་ཕྲན་སོགས་ཀྱང་སྒོ་བརྒྱབ་ཟིན། འོན་ཀྱང་ངས་འདིར་ནན་ཏན་གྱིས་བརྗོད་དགོས་པ་ཞིག་ནི། ཝུའུ་ཏཱ་རོང་རྫུན་མ་ཆགས་པ་དང། ས་གནས་སྲིད་གཞུང་ཁག་གིས་རྫུན་མ་ཡིན་པར་བསྒྲགས་པ་དེས་ང་ཚོས་བྱས་པའི་ལས་ཀ་དེ་དག་རྩིས་མེད་ཆགས་པ་དང། ང་ཚོ་དཀར་པོ་ཆགས་པ་ཞིག་རེད་དམ་ཞེ་ན། གཏན་ནས་མ་རེད།།
ཝུའུ་ཏཱ་རུང་ཕམ་པས་ང་ཚོ་རྒྱལ་བར་རྩི་མི་རུང་།
ཝུའུ་ཏཱ་རོང་ལ་ངོས་འཛིན་བྱས་པ་ནས་ངོས་སྦྱོར་སྤྲད་པའི་བར་ཚང་མར་ཆོས་ལུགས་ཀྱི་ལམ་སྲོལ་མེད་པར་མ་ཟད། ཆབ་སྲིད་ཀྱི་ཆ་ནས་རྒྱལ་ཁབ་གཞུང་གི་ངོས་ལེན་དང་བཀའ་ཁྲོལ་མེད་པར། འཁྲབ་ཁྲིད་པ་དང་འཁྲབ་སྟོན་པ་གཉིས་ཀས་ས་སྟོང་ལུང་སྟོང་ནས་ལས་ཀ་འདི་དག་བྱས་པ་དེས་རང་བཞིན་གྱིས་གཞུང་འབྲེལ་གྱི་ཐོག་ནས་རྩིས་མེད་ཆགས་པ་ཞིག་རེད་ལ། གནད་འགག་འདི་འདྲ་ཞིག་ལ་ཐུག་དུས། གཞུང་འབྲེལ་གྱི་ཁྲིམས་འགལ་ཡིན་པ་ཞིག་ལ་ས་གནས་ཀྱི་བླ་མ་ཁག་ཅིག་གིས་སྒེར་ངོས་ནས་སྤྲད་པའི་ཡིག་ཆ་རེ་སྟོན་རྒྱུ་ཡོད་ཀྱང་མཇུག་འབྲས་ལྡོག་ཕྱོགས་ནས་ཐོན་རྒྱུ་ཡིན་པ་དེ་ཝུའུ་ཏཱ་རོང་གིས་ཀྱང་ཤེས་ཀྱི་ཡོད། རྒྱུ་མཚན་དེས་ཁྲིམས་དང་བརྙན་སྦྱོར་ཚན་པའི་ཚ་འདེད་ཀྱི་འོག་ན་ཁོ་རང་བཞིན་གྱིས་ཕམ་ཁ་ཉོ་མཁན་ཆགས་ཤིང། དེ་ནི་ཁོ་ལ་ཡིག་ཆ་སྤྲོད་མཁན་དག་ལ་མཚོན་ན་ལམ་འགྲོ་ཆེན་པོ་ཞིག་བརྒྱུགས་པ་རེད།
ད་དུང་ཝུའུ་ཏཱ་རོང་ནི་ཧོང་ཀོང་གི་རྒྱ་མི་ཞིག་ཡིན་ཞིང། རྨོག་རྩ་ཚང་ལ་མཚོན་ན། མ་མཐའ་ཡང། དཀར་མཛེས་ཁུལ་གྱི་ཆོས་དོན་ལས་ཁུངས་ཙམ་ལ་ཤུགས་རྐྱེན་ལེགས་པོ་ཡོད་ངེས་ཡིན་པ་རེད། རྒྱུ་མཚན་ནི། ཁུལ་ཆོས་དོན་ལས་ཁུངས་ཀྱི་གྲུབ་ཆ་ནི་ཁམས་ཁུལ་གྱི་བླ་སྤྲུལ་དགེ་བཤེས་ཁོ་ན་གཙོ་བོ་ཡིན་པ་ཚང་མས་ཤེས་པ་ཞིག་རེད། རྒྱུ་མཚན་དེས། ཁུལ་ཆོས་དོན་ལས་ཁུངས་ཀྱིས་ཀྱང་རྨོག་རྩ་རིན་པོ་ཆེ་སྲུང་སྐྱོབ་བྱེད་པའི་ལངས་ཕྱོགས་རྩལ་འདོན་གྱིས་རྨོག་རྩ་རིན་པོ་ཆེའི་གསལ་བཤད་ལ་སྒྲ་ཇི་བཞིན་པའི་ངོས་ལེན་བྱེད་ངེས་ཡིན་པ་དང། དེ་ལྟར་བྱུང་བའང་རེད།
ཝུའུ་ཏཱ་རོང་གིས་ཀྲུའུ་ཝེ་ཆོན་ལ་ལག་པ་འཇུས་ཏེ་རྒྱལ་སྟོན་གྱི་སྐུ་མགྲོན་དུ་ཞུགས་ཡོད་ན་ཡང། ཁོ་རང་གི་ངོས་འཛིན་ཡི་གེ་དང་རྒྱབ་གཉེར་ཡི་གེ་དེ་ཚོ་ལེན་པར་བླ་མ་དགོན་པ་དག་ལ་ལྷ་མཆོད་ཀླུ་གསོལ་གཙོ་བོར་བྱས་པ་ལས། གཞི་རིམ་གཞུང་འབྲེལ་ཁྲིམས་མཐུན་རྒྱབ་གཉེར་རག་ཐབས་ཀྱི་འཁྲབ་ཚན་གལ་ཆེན་དེ་ཆད་པ་རེད། དེ་ནི་ཐེངས་འདིར་ཝུའུ་ཏཱ་རོང་ཕམ་ཉེས་འབྱུང་སའི་ལྟེ་བ་ངོ་མ་རེད། གཞུང་གིས་ངོས་ལེན་མེད་པ་ཡིན་ན་ཁྲིམས་དང་སྨྱན་སྦྱོར་གྱི་བདའ་དེད་འོག་བླ་མ་སྤྲུལ་སྐུ་དག་གི་ངོས་སྦྱོར་ལ་ནུས་པ་གང་ཡང་མེད། མ་མཐའ་ཡང་གནས་སྟངས་དེ་འདྲ་ཞིག་ཏུ་གྱར་བའི་སྐབས་སུ་དེ་བས་ཀྱང་ཁོ་སྐྱོབ་ཐུབ་ཀྱི་མ་རེད། བོད་ཁུལ་གྱི་ས་གནས་རིམ་པའི་ཆོས་ལུགས་ལས་ཁུངས་དག་གིས་གསར་ཁང་དག་ལ་འདེབས་པའི་ལན་ནི་ཧ་ཅང་སླ་སྟེ། ང་ཚོའི་ཡིག་ཚགས་སུ་དེ་འདྲའི་སྤྲུལ་སྐུ་ཞིག་ངོས་འཛིན་བྱེད་མྱོང་མི་འདུག ཧ་གོ་གི་མེད་ཟེར་བ་དེ་རེད། རྒྱལ་ཁབ་ཀྱི་ངོས་ནས་དང་ཁྲིམས་ལུགས་ཀྱི་ངོས་ནས་བཤད་ན་ཆོས་ལུགས་ལས་ཁུངས་ཀྱི་ཐོ་ནང་དུ་མེད་ན་མེད་པ་རེད། དེ་ནི་ཁོང་ཚོའི་བདེན་དོན་མཐར་ཐུག་པ་རེད།
གསར་འགྱུར་ལས་ཁུངས་ཁག་གིས་ས་གནས་ཁག་ལ་ཆེད་དུ་རྩད་གཅོད་བྱས་ནས་བཏོན་པའི་ཞིབ་ཕྲའི་གསར་འགྱུར་དང། ས་གནས་ཆོས་ལུགས་ལས་ཁུངས་ཁག་གི་གསལ་བཤད། ད་དུང་ཁོ་རང་གིས་པོད་ཕྲན་སྒོ་མ་བརྒྱབ་སྔོན་དུ་དྲ་ཐོག་ཏུ་བཀོད་པའི་སྒྲུབ་ཕྱོགས་ཀྱི་དཔར་དཔང་དང་བརྙན་དཔང་བཅས་ཚང་མར་ལྟ་རྟོག་ཞིབ་ཏུ་བྱས་ནས་ངས་སྡོམ་ཚིག་འདི་དག་འགོད་ཀྱི་ཡོད།
མདོར་ན་དེ་ནི་ང་ཚོར་མཚོན་ན་ལྟས་དབང་གིས་ཐོབ་པའི་རྒྱལ་ཁ་ཞིག་ཡིན་མོད། ང་ཚོས་བཟོས་པའི་བྱས་ཉེས་དེ་དག་སྔར་བཞིན་བྱས་ཉེས་རང་ཡིན་ཞིང། ད་ནས་གལ་ཆེ་བའི་ཉེན་བརྡ་འདི་བསླབ་བྱར་བཟུང་སྟེ་ཕྱིན་ཆད་འདི་འདྲའི་དོན་རྐྱེན་མི་བཟོ་རྒྱུའི་ཕྱོགས་ལ་བསམ་གཞིགས་ནན་མོ་དགོས། ངས་མགོ་རྙོག་ཆེ་བའི་གནད་དོན་འདི་བསྐྱར་གླེང་བྱེད་དགོས་པའི་རྒྱུ་མཚན་ནི་གཅིག་རང་སྟེ། གསལ་བཤད་མག་མོག་ཅིག་གིས་རང་ཉིད་དོན་རྐྱེན་དེ་དང་འབྲེལ་བའི་འགན་འཁྲི་ཡོད་ཚད་བྱང་ཟིན་པ་ཞིག་གཏན་ནས་མ་རེད་ཅེས་གོ་བརྡ་གསལ་པོ་ཞིག་སྤྲོད་པའི་ཆེད་དུ་ཡིན།།
ཡང་སྲིད་ལམ་ལུགས་ལ་ལྟ་སྟངས་དོན་ཚན་དྲུག
སྤྲུལ་སྐུའི་ལམ་ལུགས་ཀྱི་ད་ཡོད་གནས་བབས་ལ་བསམ་ན་སྤྲུལ་སྐུའི་ལམ་ལུགས་ཀྱིས་མི་ལོ་སྟོང་གི་རིང་ལ་བོད་ཀྱི་ཆོས་ལུགས་རིག་གནས་ཀྱི་སྣང་ཚུལ་ཁྲོད་གོ་གནས་ཆེན་པོ་བཟུང་ཡོད་ལ། ད་ཆའང་ནུས་པ་ཆེན་པོ་ཐོན་བཞིན་ཡོད། དྲང་ཕྱོགས་ཀྱི་བྱེད་ནུས་དང་ཤུགས་རྐྱེན་དེ་དག་སུས་ཀྱང་ཁས་ལེན་གྱི་རེད།
དཔེར་ན། མཁན་པོ་ཚུལ་ཁྲིམས་བློ་གྲོས་མཆོག་ལ་མཚོན་ན་སྤྲུལ་སྐུ་ངོས་འཛིན་གྱི་ལམ་ལུགས་འདིའི་སྐོར་ལ་ཐུགས་ཚོར་ཆེ་ཤོས་ཡོད་མཁན་ཞིག་རེད། ཁོང་གིས་ད་ལྟའི་གནས་སྟངས་འདི་བཞིན་མུ་མཐུད་པ་ཡིན་ན་ཡོད་པ་དང་མེད་པ་གཉིས་ཕལ་ཆེར་འདྲ་ས་རེད། ཅེས་གཞན་གྱི་དྲི་བར་ལན་བཏབ་མྱོང་ན་ཡང། ཁོང་གིས་ཀྱང་ལམ་ལུགས་འདི་ལ་ངོ་བོའི་ཆ་ནས་མུ་མཐུད་འཚོ་གནས་ཀྱི་རིན་ཐང་མི་འདུག་ནམ་ཡང་གསུངས་མྱོང་མེད།
ཕྱི་ལོ་༢༠༡༥ ལོའི་ཕྱི་ཟླ་དང་པོའི་ནང་ཐའེ་ཝན་དུ་རྫོང་སར་མཁྱེན་བརྩེ་དང་མཉམ་དུ་བགྲོ་གླེང་ཚོགས་འདུ་ཞིག་གི་ཐོག་ཁོང་གིས། སྤྲུལ་སྐུའི་ལམ་ལུགས་རང་གི་ངོ་བོའི་ཆ་ནས་མེད་པ་བཟོས་ན་མི་འགྲིག་པ་ཞིག་ཡིན་པ་དང་གཅིག ད་ལྟའི་ཆར་ལམ་ལུགས་འདི་ཧ་ཅང་རུལ་སུངས་ཀྱི་ལམ་དུ་འཕྱན་ཏེ་སུས་རང་ཉིད་སྤྲུལ་སྐུ་བྱེད་བསམས་ན་སྤྲུལ་སྐུ་བྱེད་ཐུབ་པའི་ཚད་དུ་བསླེབས་པ་དང་གཉིས། སྤྲུལ་སྐུ་དག་ལ་དགོས་ངེས་ཀྱི་སློབ་སྦྱོང་དང། འོས་ངེས་ཀྱི་ཀུན་སྤྱོད་མི་ལྡན་པས་སྤྱི་ཚོགས་ལ་མཐོང་སྣང་ངན་པ་བསྐྲུན་བཞིན་པ་དང་གསུམ། ལམ་ལུགས་འདི་ཕྱི་ཕྱོགས་ཀྱི་མི་མང་པོ་ཞིག་གིས་ཚད་ལས་བརྒལ་བའི་འཁྲབ་སྟོན་གྱི་ལག་ཆར་གྱུར་པ་དང་བཞི། ལམ་ལུགས་འདི་ལ་དུས་དང་མཐུན་པའི་ལེགས་བཅོས་མ་བྱུང་ན་དུས་རབས་དང་སྤྱི་ཚོགས་ཀྱི་དགོས་མཁོ་བསྐོང་མི་ཐུབ་པས། ཡོད་པ་ལས་ཀྱང་མེད་པ་དགའ་བ་ཞིག་ཆགས་སྲིད་པ་དང་ལྔ། སྤྲུལ་སྐུའི་ལམ་ལུགས་ལེགས་བཅོས་ནི་སྤྲུལ་སྐུ་ངོས་འཛིན་བྱེད་ཕྱོགས་དང་སྐྱེད་སྲིང་བྱེད་སྟངས་གཉིས་ཀྱི་ཐོག་ཤུགས་སྣོན་རྒྱག་རྒྱུ་ཁོ་ན་གལ་ཆེ་བ་དང་དྲུག་གི་ཐོག་ནས་མཁན་པོ་ཁོང་གིས་སྤྲུལ་སྐུའི་ལམ་ལུགས་ཐད་ཀྱི་དགོངས་ཚུལ་གསལ་སྟོན་གནང་བ་ལྟར། ངས་ཀྱང་རྩོམ་ཡིག་འདིར་སྤྲུལ་སྐུའི་ལམ་ལུགས་དང་འབྲེལ་བའི་དོགས་འདྲི་དང་དཔྱད་པ་བྱེད་པ་ཚང་མ་བོད་ཀྱི་སྤྲུལ་སྐུ་ངོས་འཛིན་གྱི་ལམ་ལུགས་འདི་འཐུས་སྒོ་ཚང་བ་དང། གཙང་མ་ཞིག་ཏུ་མུ་མཐུད་དེ་རྒྱུན་སྐྱོང་བྱེད་ཐུབ་པ་བྱུང་ན་སྙམ་པ་ཡིན།།
མཇུག་བསྡུ།
གུས་པའི་རྩོམ་ཡིག་འདིའི་ཡོང་ས་ནི་ཝུའུ་ཏཱ་རོང་གི་གནད་དོན་ལས་འཕྲོས་པ་ཞིག་ཡིན་ན་ཡང། དེ་ལས་འཕྲོས་ཏེ་རྩོམ་ཡིག་འདིའི་ནང་དུ་སྤྲུལ་སྐུའི་ཡང་སྲིད་དང་འབྲེལ་བའི་ཕྱི་ནང་གི་གནད་དོན་མང་པོ་ཞིག་གི་ཐོག་ལ་སེམས་འཚབ་ཀྱི་རྣམ་འགྱུར་བསྟན་ཡོད། འོན་ཀྱང། ད་བར་ཆེ་ས་དགའ་ལྡན་ཕོ་བྲང་དང་ཆོས་བརྒྱུད་ཁག་གི་བླ་ཆེན་དག་ནས། གཞི་རིམ་གྱི་བར་དང་བཅས་པ་ཚང་མས་སྤྲུལ་སྐུའི་ཡི་གེ་སྤྲོད་ས་མང་དྲགས་པ་དང། དེའི་ཕྱོགས་ལ་ཐུགས་ཁུར་དང་དོ་དམ་ལྷོད་དྲགས་པ། མི་གཅིག་ལ་བླ་མ་འདྲ་མིན་གཉིས་ཀྱི་ཡང་སྲིད་ཡིན་པའི་ཡི་གེ་སྤྲད་པ། ཡིན་པར་ཁས་བླངས་པ་མིན་པར་དྲིལ་བསྒྲགས་པ་སོགས་དང་འབྲེལ་བའི་བོད་ནང་ཁུལ་གྱི་སྤྲུལ་སྐུའི་ངོས་འཛིན་བྱེད་སྟངས་དང་དེའི་མཇུག་འབྲས་སོགས་ཀྱི་སྐོར་སྐབས་འདིའི་བརྗོད་བྱ་གཙོ་བོར་བཟུང་མེད། དེ་ལས་རྒྱ་རིགས་གཙོ་བོར་གྱུར་པའི་ཕྱི་མི་དག་ལ་གཟབ་ནན་མ་བྱས་པར་ངོས་འཛིན་ངོས་སྦྱོར་སོགས་སྤྲོད་ཐལ་ཤོར་བ་དང། བདག་རྐྱེན་གཟིགས་བཟོས་སོགས་གནང་དྲགས་པ་བཅས་ཀྱི་རྗེས་འབྲས་བྱུང་དང་འབྱུང་བར་འགྱུར་བ་དེ་དག་ལ། ལྟ་སྟངས་ཇི་ལྟར་འཛིན་དགོས་པ་དང། ད་ནས་དེ་རིགས་མི་འབྱུང་བ་བྱ་རྒྱུའི་ཕྱོགས་ལ་ལྷག་བསམ་རྣམ་དག་གི་བྱ་གཏོང་སྙན་སྒྲོན་ཐེངས་གཅིག་བྱས་པ་ཡིན། དེ་ནི་རྩོམ་ཡིག་འདིའི་བརྗོད་བྱ་གཙོ་བོའི་ནང་གི་གཙོ་བོ་ཡིན།།
རྫ་ཚེ་རིང་བཀྲ་ཤིས་ཀྱིས་ཨོ་གླིང་སིད་ནི་ནས་ཕྱི་ལོ་༢༠༡༦ ཟླ་༤ ཚེས་༧ ལ་གྲུབ་པར་བྱས།
རང་གི་བྲིས་རྩོམ་ཡིན་ཅིའི་ཕྱིར་རྒྱ་མིའི་ཡི་གེ་དེ་ཚོ་བྲིས་པ་ཡིན། ད་དུང་རྒྱ་ནག་ལ་ཀྲུང་གོ་ཟེར་བྲིས་པེ་ཅིང་ལ་རོགས་པ་འདྲ་བྱེད་ཁ་བྱེད། ཧཧ
རྫ་ཚེ་ཡིས་རྩོམ་ཡག་པོ་ཞིག་བྲིས་འདུག ད་ངོ་མ་བསམ་དུས་ས་དགེ་བཀའ་རྙིང་གི་བླ་ཆེན་སྤྲུལ་ཆེན་དེ་ཚོས་འཁྲབ་སྟོན་ཆེན་མོ་ཞིག་བཤམས་ཡོང་གི་འདུག རང་བསྟན་རང་གིས་བཤིག་ཟེར་བ་དེ་དེ་འདྲ་ལ་གོ་གི་ཡོད་དམ། ད་དུང་སྤྲུལ་རྫུན་བླ་རྫུན་མང་དག་ཅིག་ཡོད་པས་དེ་ཚོའི་མིང་དང་ས་གནས་སུས་ངོས་འཛིན་བྱས་པ་སོགས་ཀྱི་ལོ་རྒྱུས་འགོད་ཐུབ་ན་ཕན་ཐོགས་འདུག བོད་རྒྱུད་ནང་བསྟན་ལ་བླ་མའི་ཆོས་ལུགས་ཞེས་ཟེར་བ་དེ་འདི་ལྟ་བུའི་བྱ་སྤྱོད་སྤེལ་བ་ལ་ཟེར་གི་ཡོད་ཀྱི་རེད།
་་་་་་་་ བོད་པ་ཚོས་སྤྲུལ་སྐུ་ནི་མངོན་མཁྱེན་གྱིས་ཐག་བཅད་དེ་ངོས་འཛིན་དགོས་པ་ཞིག་ཏུ་མཐོང་གི་ཡོད། དངོས་ཡོད་ཀྱི་ཆ་ནས་བཤད་ན་ཡང། ཆོས་ཕྱོགས་ཀྱི་འགྲོ་སྟངས་ཚད་ལྡན་གྱིས་ཡང་སྲིད་བཙལ་བ་དེ་འདྲ་བྱུང་ཡང་ཡོད་ངེས་རེད། འོན་ཀྱང། རྒྱ་མི་རིགས་དང་རྒྱ་ནག་གཞུང་གིས་ཡོད་ཚད་ལམ་ལུགས་ཀྱིས་ཐག་གཅོད་དགོས་པ་ཞིག་ཏུ་ངོས་འཛིན་བྱེད་པ་ཁོ་ན་ཤས་ཆེ་ལ། དེ་ལྟར་ལག་བསྟར་བྱས་ཏེ་ཁོང་ཚོར་དགོས་པའི་གྲུབ་འབྲས་ཐོན་པ་ཡང་མི་ཉུང་བ་ཞིག་བྱུང་ཡོད། ་་་་་་་་
་་་་་་་་ ཁོང་(རྒྱ་ནག་ལས་བྱེད་པ་)ཚོར་དགོས་པའི་གྲུབ་འབྲས་ཐོན་པ་ཡང་མི་ཉུང་བ་ཞིག་བྱུང་ཡོད། ་་་་་་་་ པ་ནི། པཎ་རྫུན་རྒྱལ་ནོར་དང་། དོལ་ཕྲུག་འགའ་ཡང་རྒྱ་གཞུང་གིས་བེད་སྤྱད་ནས་སྨོན་ལོག་རྣམས་བཞིན་ནོ།། །།
་་་་་་ ངས་ཀྱང་རྩོམ་ཡིག་འདིར་སྤྲུལ་སྐུའི་ལམ་ལུགས་དང་འབྲེལ་བའི་དོགས་འདྲི་དང་དཔྱད་པ་བྱེད་པ་ཚང་མ་བོད་ཀྱི་སྤྲུལ་སྐུ་ངོས་འཛིན་གྱི་ལམ་ལུགས་འདི་འཐུས་སྒོ་ཚང་བ་དང། གཙང་མ་ཞིག་ཏུ་མུ་མཐུད་དེ་རྒྱུན་སྐྱོང་བྱེད་ཐུབ་པ་བྱུང་ན་སྙམ་པ་ཡིན།། ་་་་་་་་
རྒྱལ་མཚན་ནོར་བུ་སྤྲུལ་སྐུ་མ་རེད།
སྤྲུལ་སྐུའི་ལམ་ལུགས་འདི་སྤུས་དག་ཅིག་དགོས་འདུག ཡང་ན། ཡང་སྲི་ངོས་འཛིན་འདི། རྩ་བ་ནས་མེད་པར་ཆགས་ན་ཡང་འགྲིགས།།
འདི་རིགས་ཚང་མར་གསལ་བཤད་དགོས་མིན་མ་ཤེས་ཀྱང་། རྡོ་རྗེ་ལ་ཞུ་རྒྱུར། རྒྱ་ཡིག་བྲིས་པ་ནི་རྒྱ་ཡིག་མཁྱེན་མཁན་ཚོས་ཐད་ཀར་འབྲེལ་ཡོད་དག་དྲ་ཐོག་ནས་འཚོལ་ཐུབ་པ་དང་དོན་ལ་སུ་ཡིན་ཤེས་པར་དགེ་མཚན་ཧ་ཅང་ཆེ།
བོད་ཡིག་གི་སྒྲ་གདངས་ཙམ་བྲིས་པས་ཞིབ་འཇུག་བྱ་མཁན་ཞིག་ཡིན་ན་དཀའ་ངལ་འཕྲད་གི་རེད། ཀྲུང་གོ་བྲིས་པས་ང་ཚོར་ཁེ་གྱོང་གང་ཡང་ཡོད་ལེ་མ་རེད་ལོ།།
རྒྱ་ནག་ལ་ཀྲུང་གོ་ཞེས་བསྒྱུར་ན་པེ་ཅིང་ཕན་ཐོགས་ཡོད་ད་ཡོད། རྒྱུས་ཡོད་མི་ཐམས་ཀྱི་སེམས་ངོ་ན་རྒྱ་ནག་ཟེར་ལབ་ན་བོད་ཡུ་གུར་སོག་པོ་སོགས་དེར་འདུ་གི་མེད་པ་ཁྲིག་སེ་ཤེས་ཀྱི་རེད། དེའི་རྒྱུ་མཚན་གྱིས་རྒྱ་ནག་གིས་ཀྲུང་གོ་ཞེས་པ་འདི་བོད་ཡིག་ནང་སྒྲ་ཐད་སོར་བཞག་ནས། བོད་ལ་སོགས་པ་དེར་འདུ་གི་ཡོད་མདོག་མདོག་སྟོན་པ་རེད། དེས་ན། ཁྱེད་ཀྱིས་པེ་ཅིང་ལ་ཞར་ཞོར་ནས་ཕན་བཏགས་པ་རེད་ཟེར་ཡིན། བོད་ཀྱི་ལོ་རྒྱུས་དེབ་ཐེར་ནང་ས་ཁྱབ་རྡོ་ཁྱབ་ཡིན་པའི་རྒྱ་ནག་ཅེས་པ་འདི་རྒྱ་ཚང་གིས་གཏན་ནས་སྤྱོད་ཕོད་ཀྱི་མེད། དེ་རྒྱུ་མཚན་ཡག་པོ་ཡོད་པས་ལོས་ཡིན།
བོད་བརྒྱུད་ནང་བསྟན་གྱི་བསྟན་པ་ཉམས་ཉེས་བཏང་མཁན། དེང་སང་སྤྲུལ་རྫུན་ཐེ་ཝེན་དང་རྒྱ་ནག་ལ་མགོ་བསྐོར་བཏང་འདི་ཚོ་རེད། གཞན་ཡང་དུས་ཕྱིས་ཏཱ་ཡི་སི་ཏུ་དང་གྲུབ་དབང་པད་ནོར་གཉིས་ནས་སྤྲུལ་སྐུ་གང་བྱུང་མང་བྱུང་ངོས་འཛིན་གནང་ནས་དེས་བསྟན་པ་ལ་གནོད་པ་མ་གཏོགས་ཕན་པ་མི་ཡོང་།
ཀྲུང་གོ་བྲིས་པས་ང་ཚོར་ཁེ་གྱོང་གང་ཡང་ཡོད་ལེ་མ་རེད་ལོ།། ་་་་་་ ཟེར། ཀྲུང་གོ་བོད་སྐད་མིན་པས། བོད་སྐད་དུ་བསྒྱུར་དུས་རྒྱ་ནག་མ་གཏོགས་ཀྲུང་གོ་དང་སྐྱུང་ཕྲོ་ནོར་ཉེན་མི་འགྲིགས།
མ་གཞི་སྤྲུལ་སྐུ་ཟེར་རྒྱུ་འདི་ནི་བོ་དོའི་ཨབ་དང་གཅིག་པ་གཅིག་རྐྱང་རེད། ཆུང་རུ་ཆུང་རུ་སྡུག་ཏུ་སྡུག་ཏུ་མ་གཏོགས་ཡོད་མ་རེད། ངས་ནི་བོད་ཀྱི་སྤྲུལ་སྐུ་ཟེར་བ་འདི་ངོས་ལེན་མེད། སྐྱེ་བ་སྔོན་མ་དེའི་རྣམ་ཤེས་གཅིག་ཏུ་གྱུར་པའི་སྐྱེས་བུ་ཞིག་ངོས་བཟུང་ཐུབ་ཡོད་པར་རྩ་བ་ཉིད་ནས་ཡིད་ཆེས་མེད།
རིང་དྲགས་ནས་ཐང་ཆད་སོང་། ཡིན་ན་ཡང་ཀློག་པ་ནས་བཟུང་སྟེ་མཇུག་མ་རྫོགས་པར་དུ་མཚམས་འཇོག་ཐུབ་མ་སོང་། དེ་ནི་རྩོམ་ཡིག་ལ་ལྗིད་ཁོག་ཅིག་ཡོད་པས་ཡིན། བཀའ་དྲིན་ཆེ། ཕྱོགས་རིས་མེད་པར་དྲང་བདེན་གྱི་སྐད་ཆ་གཙང་མ་བཤད་པར་དགའ་སོང་། ཕྱོགས་ཡོངས་ལ་གཟིགས་རྒྱ་ཆེ་བས་བློ་ལ་འཐད་སོང་།
༅༅། སྤྲུལ་སྐུའི་སྐོར་ལ་དེ་ཙམ་དད་མོས་མེད་། སྤྲུུལ་སྐུ་མི་མང་ལ་མགོ་བསྐོར་བཏང་མཁན་ཤ་
སྟག་རེད།ཆོས་ཀྱི་སློབ་སྦྱོང་ཡང་མེད། དྲིལ་པོ་དཀྲོལ་རྒྱུ་དང་། རྔ་ལྡུང་རྒྱུ། དུང་རྒྱ་གླིང་་གཏོང་ནས་མི་མང་རྨོངས་དད་བྱེད་བཅུག་རྒྱུ་ལས་གཞན་ཅི་ཡང་མེད། སྤྲུལ་སྐུ་ཡིན་ཞེས་ངོས་འཛིན་གང་བྱུང་བྱས་པ་ནི་ཆོས་ཕྱོགས་ཀྱི་
འགྲོ་ལུགས་དང་རྕ་གཏན་ནས་མཐུན་གྱི་མེད། སངས་རྒྱས་ཀྱི་གསུང་དང་མཐུན་གྱི་མེད།
དཔེར་ན། པཎ་ཆེན་དངོས་གནས་དང་པཎ་ཆེསན་རྗུན་མ། རྐ་མ་པ་དངོས་གནས་དང་རྒྱུན་མ།
སོགས་རང་སྣང་གང་འདོད་ལྟར་བྱས་པར་བརྟེན་འབངས་རྣམས་ཞེན་པ་ལོག་གི་ཡོད།
རྒྱ་དམར་པོས་གང་བྱུང་བྱས། བོད་པའི་བླ་མ་དཀྱུས་མ་ཚོ་སྒོར་མོ་ལ་དགའ་མཁན་ཚོ་ནས་གོ་སྐབས་ལེན་ནས་བླ་མ་
རྗུན་མ་། སྤྲུལ་སྐུ་རྗུན་མ། གྲ་པ་རྗུན་མ་སོགས་ཡོང་གི་ཡོད་པ་འདི་ནི་ཞབས་འདྲེན་རེད།
དེ་ཡིན་ན་ང་་བུ་གསུམ་ཡོད་བུ་ཆུང་ཤོས་དེ་སྤྲུ་སྐུ་བཟོ་ན་ཡང་འགྲིགས
ཧིན་སྒོར་འབུམ་ལྔ་བཅུ་རེད། ཧ་ཧ་ཧ།
་་་་་་་ ༅༅། སྤྲུལ་སྐུའི་སྐོར་ལ་དེ་ཙམ་དད་མོས་མེད་། སྤྲུུལ་སྐུ་མི་མང་ལ་མགོ་བསྐོར་བཏང་མཁན་ཤ་
སྟག་རེད།ཆོས་ཀྱི་སློབ་སྦྱོང་ཡང་མེད། དྲིལ་པོ་དཀྲོལ་རྒྱུ་དང་། རྔ་ལྡུང་རྒྱུ། དུང་རྒྱ་གླིང་་གཏོང་ནས་མི་མང་རྨོངས་དད་བྱེད་བཅུག་རྒྱུ་ལས་གཞན་ཅི་ཡང་མེད། ་་་་་་་
་་་་་་་་ རྒྱ་དམར་པོས་གང་བྱུང་བྱས། ་་་་་་་
་་་་་་་་ བླ་མ་རྗུན་མ་། སྤྲུལ་སྐུ་རྗུན་མ། གྲ་པ་རྗུན་མ་སོགས་ཡོང་གི་ཡོད་པ་འདི་ནི་ཞབས་འདྲེན་རེད། ་་་་་་
་་་་་་་་་་བུ་ཆུང་ཤོས་དེ་སྤྲུ་སྐུ་བཟོ་ན་ཡང་འགྲིགས་་་་་་་་་་་་
༸གོང་ས་མཆོག་གིས། བླ་མ་དང་སྤྲུལ་སྐུ་ལ་མུ་བཞི་གསུངས་པ་དེ་དྲན་དུ་བཅུག་སོང་། མཆན་ཡག་པོ་བཏབ་འདུག དགའ་བསུ་ཡོད། རྒྱབ་སྒྱོར་ཡོད།
སྐྱེ་བ་སྔོན་མ་ཤེས་ཀྱི་ཡོད་མདོག་མདོག་གིས་ཡང་སྲིད་ངོས་འཛིན་བྱེད་མཁན་ཚོའི་རྒྱུད་ལ་དགེ་སློང་གི་སྡོམ་པ་བསྡད་མི་སྲིད་པ་རེད། མི་ཆོས་བླ་མའི་རྫུན་བཤད་ཀྱི་ཡོད་པའི་ཕྱིར།
སྤྲུལ་སྐུ་ཡང་སྲིད་ངོས་འཛིན་གནང་མཁན་བླ་སྤྲུལ་གྱི་ཐུགས་རྒྱུད་ལ་མངོན་ཤེས་མེད་པ་ཅོ་རིས་ཁྱོད་ཀྱིས་ག་འདྲ་ཟེ་ཤེས་སོང་ངམ། ཁྱོད་ཀྱང་རྫུན་པར་ཐལ་ལོ།། ཧ་ཧ།། །།ཅོ་རིའི་ཁ་གཏད།། ཀརྡོས།། །།
ཅོ་རིའི་སྐད་ཆ་གནས་ལུགས་ཡོད། མཁས་དབང་ཚེ་ཏན་ཞབས་དྲུང་གིས་བརྩམས་པའི་བོད་སོག་རྣམས་ཀྱི་སྐུ་སྐྱེའི་སྐོར་ལ་གདམས་པ་ཞེས་པའི་རྩོམ་ཡིག་དེ་ནས་ཀྱང་དེ་ག་རང་གསུངས་ཡོད།
ང་ཡང་། ངའི་སྐྱེ་བ་རྗེས་མ་ཡང་སྲིད་མཆོག་སྤྲུལ་ཡོད་པ་བྱ་བགྱི་ཡིན། ཧ་ཧ།། །།
ཀརྡོ་་་་2018ལོར་འཛམ་གླིང་གི་རྐང་རྩོད་སྤོ་ལོའི་རྒྱལ་ཁ་སུ་ལ་འཐོབ་མིན་མངོན་ཤེས་ཅན་གྱི་བླ་སྤྲུལ་ཚོས་མཁྱེན་ཐུབ་ས་ཨེ་རེད། ཨང་དང་པོ། གཉིས་པ། གསུམ་པ་སོགས་རྒྱལ་ཁབ་སུ་ལ་རྒྱལ་ཁ་འཐོབ་མིན་ཕྱིར་བསྒྲགས་ཤིག་བྱེད་ཐུབ་ས་ཨེ་རེད། སྐྱེ་བ་སྔ་ཕྱི་ལྟ་བུའི་ཤིན་ཏུ་ལྐོག་གྱུར་ཞིག་མཁྱེན་ཤོག་ཟེར་གྱི་མེད། རྐང་རྩོད་སྤོ་ལོའི་རྒྱལ་ཁ་སུ་ལ་འཐོབ་མིན་གསུང་ཤོག་ཟེར་གྱི་ཡོད།
དེ་ཙམ་ཡང་མཁྱེན་མ་ཐུབ་ན་མངོན་ཤེས་ཡོད་མདོག་དང་་་་དུས་གསུམ་མཁྱེན་མདོག་བྱས་ན་རྨོངས་དད་མེད་པའི་གང་ཟག་སུས་ཀྱང་ཡིད་ཆེས་བྱ་མི་སྲིད་པ་རེད། གལ་སྲིད་་་ཐམས་ཅད་མཁྱེན་པ་ཡིན་ཟེར་མཁན་དང་དུས་གསུམ་མཁྱེན་པ་ཡིན་ཟེར་མཁན། མངོན་ཤེས་ཡོད་ཟེར་མཁན་ཚོས་2018ལོར་ར་ཤི་ཡའི་རྒྱལ་ཁབ་ཀྱི་ནང་དུ་རྐང་རྩོད་སྤོ་ལོའི་འགྲན་རྩོད་སྐབས་རྒྱལ་ཁབ་སུ་དང་སུ་ལ་རྒྱལ་ཁ་འཐོབ་མིན་མཁྱེན་ཐུབ་ན་་་དེ་ནས་བཟུང་ཅོ་རིས་དད་པ་བྱེད་ཆོག་ལ་ཡིད་ཆེས་ཀྱང་ཡོང་ངེས་རེད།་་་་དེ་མིན་ན་མི་ཆོས་བླ་མའི་རྫུན་སྐྱ་བ་ཚོའི་ཁ་དེ་བཙུམ་ན་མི་དགའ་འམ།
སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་གནང་མཁན་གྱི་བླ་སྤྲུལ་ཚོ་ཆོས་ཅན། ཁོ་ཚོའི་རྒྱུད་ལ་མངོན་ཤེས་མེད་པར་ཐལ། འཛམ་གླིང་གི་རྐང་རྩོད་སྤོ་ལོའི་རྒྱལ་ཁ་སུ་ལ་འཐོབ་མིན་ཙམ་ཡང་མཁྱེན་མི་ཐུབ་པའི་ཕྱིར།་་་་་ཚུལ་གསུམ་རིག་པ་འདི་ལ་བརྟེན་ནས་ཁོ་ཚོའི་རྒྱུད་ལ་རྣམ་མཁྱེན་མེད་པར་ཤེས་བྱུང་ཟེར་རྒྱུ་ཡིན་་་་་ད་་་་་ཧཧ
རང་ལ་དཔེ་བྱས་ནས་གཞན་རྣམས་དེ་ལྟ་བུར་འཛིན་མཁན་གང་ཟག་དེ་ཆོས་ཅན། ཡོན་ཏན་ཅུང་ལྡན་གྱི་བླུན་པོ་ང་རྒྱལ་ཅན་ཞིག་ཡིན་ཏེ། གནས་ལུགས་གང་ཡང་མ་ཤེས་ནས་འབྲུག་སྒྲ་སྒྲོག་མཁན་དེ་ཡིན་པའི་ཕྱིར།
ཤིན་ཏུ་ཕྲ་བའི་རྣམ་ཤེས་གར་སོང་གར་འཕོས་ངོས་ཟིན་གྱི་ཡོད་ན། ཆེས་རགས་པའི་མ་ལེ་ཤི་ཡའི་མཁའ་འགྲུལ370རྟགས་ཅན་གར་ཡོད་བཤད་ཐུབ་དགོས་ད་དགོས། རགས་པ་དེ་འདྲ་ལ་ཡང་ཤེས་ཀྱི་མེད་ན། ཤིན་ལྐོག་དེ་དག་དེ་བས་མི་སྲིད་པ་ཞིག་རེད། ཧཧ མ་གཞི་བླ་མ་ལ་ལས་ལྐོག་གྱུར་རིགས་རྫུན་རྐུབ་ཐད་ཀར་བརྡོལ་མི་ཐུབ་དུས་མངོན་ཤེས་ཡོད་མདོག་མདོག་བྱེད་ལ། རྫུན་རྐུབ་བརྡོལ་སླ་བའི་མངོན་གྱུར་རིགས་ཅང་མི་སྨྲ་བར་ཁུ་སིམ་མེར་གབ་སྡོད་ཀྱི་ཡོད།
སྐུ་ཞབས་ཇོ་རིས་གསུངས་པ་དེ་བདེན། རྡོ་རྗེ་ལགས་ཀྱིས་གསུངས་པ་ལྟར་མངོན་ཤེས་ཡོད་ན་བོར་བརླགས་ཟིན་པའི་གནམ་གྲུ་དེ་གར་ཡོད་ངེས་པར་དུ་མཁྱེན་དགོས་པ་རེད། གཟུགས་ཅན་གྱི་གནམ་གྲུ་དེ་མ་རྙེད་ན་གཟུགས་མེད་ཀྱི་རྣམ་ཤེས་ཤིག་ཇི་ལྟར་རྙེད། །
༅༅། མངོན་ཤེས་བཤད་རྒྱུ་པར་བཞག་སང་ཉིན་གནམ་གཤིས་གང་འདྲ་ཡོང་ས་རེད་ཅེས་ཀྱང་བཤད་
མི་ཐུབ། སེམས་སྐྱོ་བའི་རང་བཞིན་རང་རེད།
དེའི་ཚབ་ལ་དགུན་ཁ་་་ཁ་འབབ་ཀྱི་རེད། དབྱར་ཁ་ཆར་པ་འབབ་ཀྱི་རེད་ཅེས་བཤད་པ་འདི་ཙམ་ལས་
གང་ཡང་མི་ཤེས།།
ཅོ་ཅོ་རི་ལགས་ལ། རིགས་པ་ད་ཡོད། ཡིན་ན་ཡང་ཁོང་གི་ལྟ་གྲུབ་དེ། རྩིང་སེའི་ཡོད་པ་མ་གཏོགས། ཧ་ཧ། ཀུ་རེ་ཡིན་ནོ། དྲ་གྲོགས་ཅོ་རི་ལགས།། །།
ཇོ་རི་དང་སྤོབས་པ་མཐའ་ཡས་གཉིས་ཀྱི་རྩོད་པ་ཞིག་བྱེད་ན་ལྟད་མོ་ཡོད་ས་རེད། ཇོ་རི་ལ་དྲང་ཚུགས་ཆེ། སྤོབས་པ་མཐའ་ཡས་ལ་གཡོ་སྒྱུ་ཆེ། ཀརྡོས་ཁ་བརྡ་དྲ་ཐོག་ནས་ཉི་མ་འཁྱོལ་ཐབས་བྱེད་ཀྱིན་ཡོད། །
བལྟ་རིན་ཡོད་པའི་རྩོམ་ཡིག་ཡག་པོ་ཅིག་འདུག དུས་ཐོག་ཆར་པ་འདྲ་པོ་རེད། འོན་ཀྱང་ཚིག་སྦྱོར་ཐད་ནས་རྒྱ་རིགས་ཤིག་གི་བྲིས་པ་འདྲ་པོ་ཞེ་དྲག་འདུག གཅིག་བྱས་ན་མཁན་པོ་མཆོག་མེས་རྒྱལ་ལ་དགའ་ཞེན་ཆེན་པོ་ཡོད་པ་འདྲ།་
#31 རང་བྱུང་རིག་པའི་རྡོ་རྗེ ་ལགས་ཀྱིས་སྤེལ་དོན།:
་་་་་་་་་་། ཀརྡོས་ཁ་བརྡ་དྲ་ཐོག་ནས་ཉི་མ་འཁྱོལ་ཐབས་བྱེད་ཀྱིན་ཡོད། ། ་་་་་་་་་་ ཟེར།
སྤྲུལ་སྐུ་བཟོ་མཁན་དེ། མི་མངས་ཡིན། སྐྲུལ་སྐུའི་ལམ་ལུགས་ཡག་པོ་མེད་ན། མི་མངས་ལ་འགྱུར་བཅོས་དགོས།
སྤྲུལ་སྐུ་ལ་སྒྲོ་བསྐུར་མེད་པར་སྡིག་པས་མི་སྦགས་པ་གལ་ཆེ།། དུས་ཀྱི་དབང་གིས་མི་མངས་ལ་སྤྲུལ་སྐུ་དགོས་པར་སྣང་ངོ་།
དུས་ཀྱི་དབང་གིས་བོད་མི་དམངས་ལ་སྤྲུལ་སྐུ་མི་དགོས་ལ། སྤྲུལ་སྐུའི་ལེའུ་མཇུག་བསྡུ་རྒྱུ་ཡིན།