རོང་པོ་བློ་བཟང་རིན་ཆེན།
བདུན་ཕྲག་འདིའི་ནང་ཁང་ཚན་ལ་ལས་ཀ་མང་དྲགས་པས་ལྷིང་འཇགས་ངང་ནས་དཔེ་ཀློག་བྱེད་རྒྱུ་ཁྱོན་ནས་མ་བྱུང་། དེ་རིང་རེས་གཟའ་ཟླ་བའི་ངལ་གསོ་འདི་སྤྱད་ནས་སྔར་གྱི་ཀློག་འཕྲོ་<<ཡབ་ཀྱིས་བུ་མོར་སྤྲིངས་པའི་འཕྲིན་>>གྱི་<<གནའ་བོའི་མི་>>ཞེས་པའི་ལེ་ཚན་འདི་བཀླགས་པ་ཡིན།
<<གནའ་བོའི་མི་>>ཞེས་པའི་ལེ་ཚན་འདི་དེབ་ཆུང་འདིའི་ནང་དུ་ཁོ་བོས་ཀློག་པར་སྤྲོ་བའི་ཚན་པ་དུ་མ་ཡོད་པའི་གཅིག་ཡིན། གནའ་བོའི་མི་ཞེས་བསྙད་ཡོང་དུས་བདག་ཅག་གི་སྟོན་པ་དང་སྲོང་བཙན་སྒམ་པོ་སོགས་བོད་ཀྱི་བཙན་པོ་འགའ་ཞིག མི་ལས་རས་པ་དང་འཇམ་མགོན་བླ་མ་ཙོང་ཁ་པ་སོགས་བོད་ཀྱི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་རེ་ཟུང་། དགེ་འདུན་ཆོས་འཕེལ་དང་དུང་དཀར་བློ་བཟང་འཕྲིན་ལས་སོགས་ཉེ་རབས་བོད་ཀྱི་མཁས་པ་ཁ་ཤས་ཀྱི་དོན་སྤྱི་ལས། གཞན་ཅི་ཡང་འཆར་རྒྱུ་མེད་པ་ནི་ཧ་ཅང་གི་ངོ་གནོངས་དགོས་པ་ཞིག་རེད། སྤྱིར་འཛམ་གླིང་དང་། ཡང་སྒོས་བོད་ཁ་བ་གངས་ཅན་གྱི་ཞིང་ཁམས་སུ་སྐྱེས་ཆེན་གནམ་གྱི་སྐར་ཚོགས་བཞིན་དུ་བྱོན་ཡོད་ཀྱང་། ཁོང་ཅག་གི་མཛད་པ་རྣམ་ཐར་རྡུལ་ཙམ་ལས་མཇལ་མ་ཐུབ་པ་ནི་ཡིད་སེམས་ཕངས་པའི་རྒྱུ་ཞིག་ཅི་ལ་མིན། འདི་ལྟར་སེམས་དུས་རང་ལོ་ཉེར་ལྔའི་ཐེམ་རྐས་བརྒལ་ཡང་བྱིས་པ་ལོ་བརྒྱད་ཅིག་གི་ཤེས་ཚད་ལ་འགྲན་མི་བཟོད་པའི་མངོན་སུམ་ར་སྤྲོད་བྱུང་དུས་ཡིད་སེམས་རབ་ཏུ་རྨུགས།
གང་ལྟར་གནའ་བོའི་དུས་སུ་མི་ནི་གོས་སུ་ཤིང་ལོ་གྱོན་ཞིང་། ཁ་ཟས་སུ་ཤིང་ཏོག་གི་འབྲས་བུ་སྣ་ཚོགས་བསྟེན། རང་གིས་བསད་པའི་དུད་འགྲོའི་ཤ་སོགགས་ལ་རོལ་བའི་ཧ་ཅང་གི་གླེན་ལྐུག་ཅིག་ཡིན། དེ་ནས་རིམ་གྱིས་འཁྱག་རོམ་གྱི་ལོ་ཟླ་དང་། རྡོ་ཆས་གསར་རྙིང་གི་དུས་རབས་མང་པོ་ཞིག་བརྒྱུད་ནས་བརྡ་འཕྲིན་གྱི་དུས་རབས་འདིར་སླེབས་པ་རེེད། མི་ལ་སྲོག་ཆགས་གཞན་ལ་མེད་པའི་བློ་གྲོས་ཆེན་པོ་ཞིག་ཡོད། བློ་གྲོས་དེ་ལ་བརྟེན་ནས་མེ་བཀོལ་ཤེས་པ་རེད། དེ་ནས་རིམ་གྱིས་རི་མོ་འབྲི་བ་དང་། རྡོ་ཡི་ལག་ཆ། ས་ཞིང་འདེབས་པ། ལྕགས་རིགས་བེད་སྤྱོད། འཇིམ་པའི་སྣོད་ཆས་བཟོ་བ་སོགས་ཁོང་དུ་ཆུད། དེ་ནས་རྟ་དང་གླང་། ར་དང་ལུག་སོགས་སྲོག་ཆགས་མང་པོ་ཞིག་འདུལ་སྦྱོང་བྱེད་ཤེས་ཤིང་རང་གི་ལོངས་སྤྱོད་དུ་ཉར་ཏེ་སྲོག་ཆགས་གཞན་གྱི་མངའ་བདག་ཏུ་གྱུར་བ་རེད།
ཚན་པ་འདི་གནའ་བོའི་མིའི་སྤྱི་བཤད་ལྟ་བུ་ཞིག་ཡིན་ནའང་། གནའ་བོའི་མིའི་དཀའ་སྤྱད་དང་སྡུག་རུས། བློ་གྲོས་ཀྱི་འོད་མདངས། གསར་གཏོད་ཀྱི་སྙིས་སྟོབས་སོགས་རྩལ་འདོན་བྱས་ནས་བྲིས་འདུག་པས་ཧ་ཅང་ཀློག་སྤྲོ་བ་ཞིག་རེད། མདོར་ན་དཔེ་དེབ་འདི་ཉིད་བཀླགས་པའི་ཉེར་ལེན་ལ་བརྟེན་ནས། འབྱུང་འགྱུར་རང་ཉིད་ཀྱི་ཆེད་སྦྱོང་གི་ཞོར་དུ་རླབས་ཆེན་གྱི་སྐྱེས་བུ་རྣམས་ཀྱི་མཛད་རྣམ་མང་དག་ཅིག་བཀླག་ཐུབ་པའི་རེ་བ་ཡོད།
2019/1/28རང་ཤག་ཏུ་བྲིས།
སྐལ་པ་ཆགས་པའི་ཡ་ཐོག་ཏུ།
དམུ་རྒོད་མི་ཡིས་འགྲོ་བ་འཕེལ།
རྡོའི་དུས་རབས་རྫོགས་པ་ན།
ཟང་དང་ལྕགས་ཀྱི་དུས་རབས་ཤར།
སྐལ་པ་རྫོགས་ལྡན་གསུམ་ལྡན་གཉིས་ལྡན་རྫོགས།
རྩོད་ལྡན་ཚེ་ལོ་བརྒྱ་པ་འདིར།
ཚན་རྩལ་རིག་པས་འཇིག་རྟེན་ཁ་ལོ་རྒྱུར།
སྔར་མེད་དངོས་པོའི་མི་རྣམས་མགོ་བོ་འཁོར།
གསར་གཏོད་མཚོན་ཆའི་འཇིག་རྟེན་ཉེན་ཁར་བཅུག།
འཁོར་ཡུག་སྦག་རྩོག་འཇིག་རྟེན་ཉེན་ཁར་བཅུག།
དུས་ཀྱི་འཕོ་འགྱུར་མི་གི་བསོད་ནམས་རགས།
ཆོས་སྲིད་མིང་གི་འོག་ཏུ་འཇིག་རྟེན་འཚོ།
འཇིག་རྟེན་བདེ་བའི་ཐབས་ཤེས་སུ་ལ་ཡོད།