རོང་པོ་བློ་བཟང་རིན་ཆེན།
ད་ལྟ་མཚན་མོའི་ཆུ་ཚོད་བཅུ་གཉིས་བརྒལ་སོང་། རེད་དེ་ང་རང་ཉིན་དཀར་གཉིད་པ་མང་དྲགས་པས་ཡིན་ནམ། མཚན་མོའི་ལྷིང་འཇགས་ཀྱི་བདེ་བར་ངར་ཤུགས་བཙན་པས་ཡིན། གང་ལྟར་ད་དུང་གཏི་མུག་གཉིད་ཀྱི་ཞིང་ཁམས་སུ་མ་བསྐྱོད་པར། ཐག་རིང་ནས་ཐོས་པའི་སྒོ་ཁྱིའི་ཟུག་སྐད་དང་། ཉེ་འགྲམ་ནས་གྲགས་པའི་ཆུ་ཚོད་ཀྱི་ཐག་སྒྲ་ལ་ཉན་བཞིན་<<ཡབ་ཀྱི་བུ་མོར་སྤྲིངས་པའི་འཕྲིན་>>གྱི་<<སྐད་ཡིག་དང་སྐད་ཡིག་བར་གྱི་འབྲེལ་ལམ་>>ཞེས་པའི་ཚན་པ་འདི་ཀློག་འགོ་བརྩམས།
ཚན་པ་སྔ་མའི་ནང་དུ་བསྙད་པ་བཞིན་ཨཱརྱ་མི་རིགས་ནི། འཚོ་བའི་དཀའ་ངལ་གྱི་རྐྱེན་པས་འཛམ་གླིང་གི་ས་ཕྱོགས་ངེས་མེད་དུ་འཁྱམས་ཤིང་རིགས་རྒྱུད་བསྲེ་སླད་སྣ་ཚོགས་ཤིག་བགྱིས་ཏེ། ད་ཆ་ཨཱརྱ་མི་རིགས་ནི་གོ་ལ་འདིའི་མིའི་རིགས་ཀྱི་མེས་པོའི་མཆེད་ཁུངས་ཆེན་པོ་ཞིག་ཡིན་པའི་ངོས་འཛིན་བྱས་པ་བཞིན། ཁོང་ཚོའི་སྐད་ཡིག་གིས་ཀྱང་འཛམ་གླིང་སྤྱི་ལ་ཕན་ཚུན་གོ་བརྡ་འཕྲོད་པའི་གསེར་གྱི་ཟམ་པ་ཞིག་བསྐྲུན་ཡོད་པ་གདོན་མི་ཟ།
དབྱིག་ཇིའི་སྐད་དང་ཧྥ་རན་སི། ཧིན་དྷི། ལེགས་སྦྱར། ལཱ་ཏེན། གྷི་རིག་གི་སྐད་སོགས། སྐད་ཡིག་གང་མང་ཞིག་གི་ནང་ནས་འུ་ཅག་སྤྱི་མཐུན་གྱི་ཐ་སྙད་མང་པོ་ཞིག་རྙེད་ཐུབ་པ་མ་ཟད། ཕ་མ་ཞེས་པའི་ཡིག་འབྲུ་གཉིས་ནི་དེ་དག་གི་དཔེར་མཚོན་གོ་སླ་ཤོས་དང་རྒྱུས་ཆེ་ཤོས་དེ་ཡིན་པར་གདམས་འདུག སྤྱིར་ཕ་མ་ཞེས་པའི་སྐད་དེ་གོང་སྨྲས་ཀྱི་སྐད་ཡིག་དག་གི་ནང་དུ་སྒྲ་མཚུངས་སུ་ཡོད་པ་མ་ཟད། རྒྱ་སྐད་དང་བོད་སྐད་དུའང་སྒྲ་མཚུངས་སུ་ཡོད་པར་བལྟས་ན། ཡིག་འབྲུ་དེ་གཉིས་ཀྱི་ལྟག་ན་ང་ཚོ་གང་ཟག་ཕལ་བ་ཞིག་གིས་ཅིས་ཀྱང་དཔོག་མི་ཐུབ་པའི་གསང་བ་ཞིག་ཡོད་པར་སྙམ།
ཡང་སྐད་ཡིག་ཞིབ་འཇུག་པ་ཞིག་ཡིན་ན་གོ་ལ་འདིར་གནས་པའི་མི་རིགས་ཡོངས་རྫོགས། ཁོར་ཡུག་དང་གནམ་གཤིས། ཆབ་སྲིད་དང་དབང་བསྒྱུར་གྱི་འོག་ནས་གནས་སྐབས་སོ་སོར་གྱེས་པ་མ་གཏོགས། རྩ་བའི་མེས་པོ་གཅིག་ལས་མཆེད་ཀྱང་། སྐད་ཡིག་གི་ཁྱིམ་གཞི་ཆེན་པོ་གཅིག་ལས་འཚར་ལོངས་བྱུང་བའི་གོ་རྟོགས་ཤིག་ཐོབ་རྒྱུ་ཡོད་པའི་སྡོམ་ཚིག་བཀོད་ཡོད་པ་འདྲ།
ད་ལྟ་འུ་ཅག་ཚང་མས། རང་ཅག་མེས་པོ་གཅིག་ལས་མཆེད་ཀྱང་སྐད་ཡིག་གི་ཁྱིམ་གཞི་གཅིག་ལས་འཚར་ལོངས་བྱུང་བའི་བརྒྱུད་རིམ་འདི་གཏིང་བརྗེད་དུ་གྱུར་བ་རེད། དེའི་སྟབས་ཀྱིས་རྒྱལ་ཁབ་གང་གི་ཁོངས་སུ་གཏོགས་པའི་མི་དམངས་ཚང་མས་རང་ཅག་ནི་གཞན་ལས་ཡག་ཤོས་དང་མཆོག་ཏུ་གྱུར་བའི་ལྟ་ཚུལ་འཛིན་གྱི་ཡོད། དཔེར་ན་དབྱིན་ཇི་དང་ཧྥ་རན་སི། ལྗར་མན། དབྱི་ཊ་ལི། རྒྱ་གར་སོགས་ཀྱི་མི་ལ་མཚོན་ན་རང་ཅག་དང་རང་གི་རྒྱལ་ཁབ་ནི་མཆོག་ཏུ་གྱུར་བའོ་སྙམ་པའི་ལྟ་ཚུལ་ཡོད་པ་བཞིན། འུ་ཅག་བོད་པ་ལ་མཚོན་ན་ཡང་བོད་ནི་གོ་ལ་འདིའི་ཡང་རྩེར་གནས་ཤིང་། གནམ་གཤིས་དང་རྩྭ་ཆུ་གང་ཐད་ནས་ཕུན་སུམ་ཚོགས་པའོ་སྙམ་པའི་ལྟ་ཚུལ་ཞིག་ཡོད། རེད་དེ་འདི་དག་ཐམས་ཅད་བཟང་ཆ་ལ་བསམ་བློ་གཏོང་རྒྱུ་དགའ་བ་ཙམ་མ་གཏོགས། དོན་དངོས་“མི་སུ་ཡིན་རུང་བཟང་ངན་གཉིས་འཛོམས་ཤིག་ལས། བཟང་སྣ་གཅིག་མེད་པའམ་ཡང་ན་ངན་ཏིལ་འབྲུ་ཙམ་མེད་པའི་མི་ཞིག་སྲིད་ན་རྙེད་དཀོན་པ་རེད། དེ་བཞིན་དུ་བཟང་ཆ་དང་ངན་ཆ་མེད་པའི་རྒྱལ་ཁབ་ཅིག་ཀྱང་ཁྱོན་ནས་ཡོད་མ་རེད། ང་ཚོས་ངེས་པར་དུ་རང་ཉིད་ཀྱིས་མཐོང་བའི་བཟང་ཆ་དག་ཚུར་བླངས་ཏེ། འབྱུང་འགྱུར་གྱི་ངན་སྤྱོད་དག་མེད་པར་གཏོང་རྒྱུ་ནི་གལ་ཆེན་ནང་གི་དོན་ཆེན་རེད་བསམ་གྱིན་འདུག”ཅེས་གདམས་པ་ནི་འུ་ཅག་གིས་བསླབ་བྱ་རུ་ལེན་ཆོག ནེ་རུ་ཁོང་གིས་འཕྲིན་ཡིག་འདི་འབྲི་བའི་སྐབས་རྒྱ་གར་ཡང་དེང་གི་དུས་སུ་བོད་པ་བཞིན་དཀའ་སྡུག་གི་འོག་ཏུ་ཚུད་ཡོད་ཀྱང་། ནེ་རུ་ཁོང་གི་བློ་སྤོབས་དང་མིག་རྒྱང་རིང་བའི་རྒྱལ་ཞེན་སོགས། ནམ་ཡང་ཉམས་པ་མེད་པར་གནས་པ་ནི་དེབ་ཆུང་འདིའི་ཐོག་མཐའ་བར་གསུམ་ནས་ཡང་ཡང་མཇལ་ཐུབ་པའི་དོན་ཞིག་རེད།
ཡང་ཁོང་གིས་“ང་ཚོ་རྒྱ་གར་བ་དག་རྒྱ་གར་གྱི་ནང་དུ་གནས་སྡོད་མ་བྱས་ཚད་མེད་ཡིན་པ་ནང་བཞིན། ང་ཚོས་བྱ་བ་ཡང་རྒྱ་གར་རྒྱལ་ཁབ་ཀྱི་ཆེད་དུ་བསྒྲུབ་དགོས་ཀྱི་འདུག ཡིན་ན་ཡང་ང་ཚོས་འཛམ་གླིང་གི་ཕྱོགས་སོ་སོའི་རྒྱལ་ཁབ་ནང་ཡོད་པའི་མི་ཚང་མ་ཁྱིམ་རྒྱུད་ཆེན་པོ་གཅིག་ལས་ཆད་པའི་ཕ་མ་མིང་སྲིང་་ཡིན་པའི་ལྟ་ཚུལ་དེ་བརྗེད་རུང་གི་མ་རེད་”ཅེས་གདམས་འདུག འདི་ལ་རིགས་འགྲེ་བཏང་ནས་འུ་ཅག་གིས་ཀྱང་བསླབ་བྱ་ཟབ་མོ་ཞིག་ལེན་ཆོག དཔེར་ན་འུ་ཅག་བོད་པར་གནས་སྐབས་ཆོལ་ཁ་དང་ཆོས་ལུགས་སོ་སོར་ཕྱེ་བའི་དབྱེ་འབྱེད་ཅིག་ཡོད་རུང་། རྩ་བའི་ཤ་རུས་རིགས་རྒྱུད་གཅིག་པའི་སྤུན་ཟླ་ངོ་མོ་དེ་ཡིན་པའི་འདུ་ཤེས་ནམ་ཡང་བརླག་ཏུ་མེད་པ་དེའོ།།
2019/2/17ཉིན་རང་ཤག་ཏུ་བྲིས།
ཤ་ཁྲག་རུས་གསུམ་ལ་བསྟེན་པའི་སྲོག་ཆགས་ཚང་མ་རུས་རྒྱུད་གཅིག་དང་ཁྲག་རྩ་གཅིག་ཡིན་པ་དང་འབུ་སྲིན་ཕྲ་མོ་ཁྲག་རྩ་མེད་པ་ཚང་མ་རུས་རྒྱུད་གཅིག་ཡིན་པ་འདོད་མཁན་མང་པོ་འདུག་ལ་མི་དང་སྲོག་ཆགས་སོགས་དང་པོ་ག་ནས་བྱུང་བ་ཡིན་གསུང་མཁན་ཡོད་ན་དགའ་བསུ་ཡོད།