རོང་པོ་བློ་བཟང་རིན་ཆེན།
དོ་ནུབ་གཞིས་གྲོང་ཁག་གི་བོད་མི་རྣམས་དང་། རྒྱ་གར་བ། ཕྱི་རྒྱལ་བ། དགའ་ལྡན་དང་འབྲས་སྤུངས་ཀྱི་དགེ་འདུན་པ་སོགས། མི་ཚོགས་ཧ་ཅང་མང་པོ་ཞིག་དཔལ་ལྡན་འབྲས་སྤུངས་བླ་སྤྱིའི་མདུན་ཐང་དུ་འཛོམས་ཏེ་བཅོ་ལྔའི་མཆོད་པར་མཇལ་བཞིན་གདའ། ང་ཡང་དེ་བཞིན་གྲོགས་པོ་གཉིས་དང་མཉམ་དུ་བཅོ་ལྔའི་མཆོད་པར་མཇལ་དུ་ཕྱིན། འདི་གའི་བཅོ་ལྔའི་མཆོད་པ་ནི་ཕ་ཡུལ་གྱི་ཡུལ་གྲུ་ཁག་གི་བཅོ་ལྔའི་མཆོད་པ་བཞིན་གྲ་རྒྱས་པོ་དང་གཞི་རྒྱ་ཆེན་པོ་དེ་ཙམ་ཞིག་མེད་ན་ཡང་། སྟོན་པ་མཉམ་མེད་ཐུབ་པའི་དབང་པོ་དང་། རྒྱལ་བ་བློ་བཟང་གྲགས་པ་སོགས་ཀྱི་མར་བཟོས་སྐུ་བརྙན་སྤུས་གཙང་མཛེས་སྡུག་ལྡན་པ་ཞིག་རེད། ང་ཚོས་མི་ཚོགས་ཁྲོད་དུ་འཚང་ཁ་རྒྱག་རྒྱུར་ངལ་བ་མ་བསྟེན་པར་རྒྱང་རིང་ནས་མཆོད་མཇལ་བྱས་ཏེ་རང་ཤག་ཏུ་ལོག དེ་ནས་རྒྱ་ཇ་ཞིམ་པོ་ཞིག་ལོངས་སུ་སྤྱོད་བཞིན་<<ཡབ་ཀྱི་བུ་མོར་སྤྲིངས་པའི་འཕྲིན་>>གྱི་<<ཅི་ཞིག་ལ་དཔལ་ཡོན་ཟེར་>>ཞེས་པའི་ཚན་པ་འདི་བཀླགས།
ནེ་རུ་ཁོང་གིས་དང་པོ་ཚིག་མཛོད་ཅིག་ལ་བརྟེན་ནས་དཔལ་ཡོན་ཞེས་པའི་གོ་དོན་རྙེད་པར་བྱས། ཁོང་གིས་དོ་སྣང་བྱེད་སའི་ཚིག་མཛོད་དུ་“དཔལ་ཡོན་ཟེར་བ་ནི་ཀུན་སྤྱོད་ཇེ་ལེགས་སུ་བཏང་བའི་དོན་ཅན། ཀླ་ཀློ་ཡི་སྤྱོད་པ་ལྟ་བུའི་ངན་སྤྱོད་དག་བཟང་སྤྱོད་ཀྱིས་མེད་པར་བཏང་བ་དང་གསོ་སྦྱོང་བྱས་པ་ལ་”གོ་བ་ལེན་བཞིན་འདུག ཁྱེད་ཀྱིས་བརྗོད་པ་འདི་ལ་བརྟེན་ནས་དཔལ་ཡོན་ཞེས་པར་གོ་བ་ལེགས་པོ་ཞིག་རྙེད་སོང་ངམ། ཁོ་བོས་ནི་དེ་ཙམ་གོ་བ་གསལ་པོ་ཞིག་རྙེད་མ་སོང་།
དེའི་རྗེས་སུ་ཁོང་གིས་དཔེ་མཚོན་ཁ་ཤས་བཀོད་ནས་མཇུག་བསྡོམས་སུ་“ཁང་བརྩེགས་ཡག་པོ། རི་མོ་ཡག་པོ། དཔེ་དེབ་ཡག་པོ་སོགས་མཛེས་སྡུག་ལྡན་པའི་བྱ་དངོས་ཡོད་ཚད་དཔལ་ཡོན་དར་བའི་བརྡ་རྟགས་ཤིག་ཏན་ཏན་ཡིན་ན་ཡང་། དཔལ་ཡོན་དར་བའི་རྟགས་མཚན་གཙོ་བོ་ཞིག་ནི་རང་འདོད་དང་བྲལ་བའི་མི་བཟང་བོ་ཞིག་བཅའ་རྒྱུ་དང་། སྤྱི་ཕན་གྱི་བསམ་བློའི་སྟེང་ནས་གཞན་དང་མཉམ་བསྒྲུབ་བྱ་རྒྱུ་སོགས་ཡིན་”ཞེས་སྡོམ་ཚིག་བཀོད་འདུག
སྡོམ་ཚིག་དེ་ལ་བརྟེན་ནས་ཁོ་བོས་ཀྱང་དཔལ་ཡོན་ཞེས་པ་ལ་གོ་བ་ཞིག་བླངས་ན། དཔལ་ཡོན་ཞེས་པ་ནི་འབྲོག་པའི་རྩྭ་དང་། གྲོང་ཁྱེར་གྱི་མཛེས་ལྗོངས། སློབ་གྲྭའི་ཁོར་ཡུག སློབ་གསོའི་སྤུས་ཀ རིག་གཞུང་གི་རྒྱབ་ལྗོངས་སོགས། གང་ཡིན་ལ་སྦྱར་ནས་གོ་བ་ལེན་ཆོག་པའི་མང་ཚིག་ཅིག་རེད། འོན་ཏེ་དམིགས་སུ་བཀར་ནས་མི་རིགས་ཤིག་དང་རྒྱལ་ཁབ་ཅིག་ལ་སྦྱར་ནས་གོ་བ་བླངས་ན། རྣམ་དཔྱོད་དང་དྲང་བདེན། བརྩོན་འགྲུས་དང་མདུན་བསྐྱོད། ལྷག་བསམ་དང་སྤྱི་ཕན། དཀྱེལ་ཡངས་དང་རང་ཚུགས་བརྟན་པའི་སྐྱེས་བུ་ཅི་ཙམ་མང་ན་དེ་ཙམ་གྱིས་མི་རིགས་དེ་དང་། རྒྱལ་ཁབ་གང་དེ་དཔལ་ཡོན་ཅན་དུ་གྱུར་པ་དེའོ།།
2019/2/19ཉིན་རང་ཤག་ཏུ་བྲིས།
དེང་སྐབས་ཀྱི་དཔལ་ཡོན་ནི་མཛེས་མ་གཏོགས་གཞན་པ་མིག་ལམ་དུ་ཡོད་པ་མ་རེད།
སྤྱི་བཤད་ལྟ་བུར་བརྗོད་ན་དཔལ་ཡོན་ལྡན་མིན་ཞེས་པ་དེ་ནི་ཤེས་རིག་ལྡན་མིན་དང་དོན་གཅིག་པ་ལྟ་བུར་ལྟོས་ཆོག་སྙམ། དཔེར་ན། དཔལ་ཡོན་ལྡན་པའི་མི་རིགས་ལབ་པ་དང་། ཤེས་རིག་དར་བའི་མི་རིགས་ལབ་པ་གཉིས་གོ་དོན་གཅིག་པར་འདོད། བྱེ་བྲག་ཏུ་བབ་ན་ཁྱད་པར་ཏན་ཏན་ཡོད་སྲིད་མོད། ཁོ་བོར་མཚོན་ན་འདི་ཙམ་ལས་བཀྲལ་ཤེས་ཀྱི་མི་འདུག།
civilization = ལེགས་བྱང་དར་ཁྱབ། རིག་གཞུང་དར་ཁྱབ། སྲིད་པའི་དཔལ་ཡོན།