རོང་པོ་བློ་བཟང་རིན་ཆེན།
དེ་རིང་འབྲས་སྤུངས་ནས་རླངས་འཁོར་དུ་ཆུ་ཚོད་གཅིག་ཙམ་བརྒྱུད་དགོས་པའི་ཧུབ་ལི་ HUBALI་ཞེས་པའི་གྲོང་ཁྱེར་དུ་གྲོགས་པོ་གཉིས་དང་མཉམ་དུ་མགྲོན་ཁང་སྤུས་གཙང་ཞིག་ཏུ་ཡོད། ང་ཚོས་སོ་སོའི་འདོད་མོས་ལྟར་གྱི་ཟ་མ་མངགས། སྐད་ཆ་བཤད། ངོ་དེབ་དང་སྐད་འཕྲིན་སོགས་ལོངས་སུ་སྤྱོད་བཞིན། ཆེས་ཀུ་ཡངས་དང་རང་དབང་གི་ངང་ནས་གནས་ཡོད། ཞོར་དུ་ངས་<<ཡབ་ཀྱིས་བུ་མོར་སྤྲིངས་པའི་འཕྲིན་>>གྱི་<<འགྱུར་ལྡོག་དེ་དག་ཧ་ལམ་ཞིང་ལས་རིག་གནས་ཀྱི་ཤུགས་རྐྱེན་ལས་བྱུང་བ་རེད་>>ཅེས་པའི་ཚན་པ་ཐུང་ཐུང་འདི་བཀླགས།
འདིར་འགྱུར་ལྡོག་ཅེས་པ་ནི་ངལ་རྩོལ་ལས་རིགས་ཀྱི་འགྱུར་ལྡོག་ལ་གོ་དགོས། ངལ་རྩོལ་ལས་རིགས་ནི་དང་ཐོག་མི་ཚང་མས་རྔོན་ལས་ལ་ངལ་རྩོལ་བྱས་ཏེ་ཁ་ཟས་རྙེད་ཙམ་བྱུང་བ་རེད། དེ་ནས་སྐྱེས་པ་ཚོས་རྔོན་ལས་དང་། བུད་མེད་ཚོས་བྱིས་པ་གཉོར་རྒྱུ་དང་སྒོ་ཟོག་གསོ་སྐྱོང་བྱེད་པའི་ལས་འགན་ཁུར་ཞིང་། རིམ་གྱིས་ཞིང་ལས་རིག་པ་འཕེལ་རྒྱས་བྱུང་སྟེ་མིའི་རིགས་ཀྱི་འཚོ་བ་ལ་སྔར་ལས་ལྷག་པའི་སྟབས་བདེར་གྱུར་བ་རེད། མ་ཟད་མི་དམངས་ཀྱིས་ལས་རིགས་དེ་ལ་གསར་གཏོད་དང་ཡར་རྒྱས་བཏང་སྟེ། ད་ཆ་གོ་ལ་ཧྲིལ་པོ་འདི་ལ་རླབས་ཆེ་བའི་བྱ་བཞག་སྒྲུབ་བཞིན་པ་འདིའོ།།
ཞིང་ལས་རིག་པ་མ་དར་བའི་ཡར་སྔོན་དུ་མི་རྣམས་གཏན་སྡོད་བྱེད་སའི་ས་གནས་དམིགས་བསལ་བ་ཞིག་མེད་པར། གང་ཡིན་དུ་འཁྱམས་ནས་རྔོན་པའི་ལས་ལ་ཞུགས་པ་རེད། དེ་ནས་ཞིང་ལས་རིག་པ་བྱུང་བ་ནས་མི་རྣམས་སྤང་རི་དང་ཐག་ཉེ་སར་གནས་ཏེ་ས་ཞིང་རྨོ་འདེབས་ལ་བརྟེན་ནས་གྲོང་དང་གྲོང་རྡལ་ཚང་མ་ལ་ཕུན་སུམ་ཚོགས་པའི་ལོ་ཏོག་གི་ལེགས་སྐྱེས་སྦྱིན་པ་རེད།
མི་རྣམས་རྔོན་ལས་རྐྱང་པ་ལ་ཞུགས་བཞིན་པའི་སྐབས་སུ་ཉིན་གཅིག་གི་ཁ་ཟས་རྙེད་ཙམ་ལས་ཁ་ཟས་གསོག་འཇོག་བྱེད་པ་ནི་མི་སྲིད་པ་ལྟ་བུ་རེད། རེད་དེ་ཞིང་ལས་རིག་པ་དར་རྒྱས་བྱུང་བ་ནས་ལོ་ཏོག་གསོག་འཇོག་དང་། ཕུན་སུམ་ཚོགས་པའི་འབྲུ་རིགས་བང་མཛོད་དུ་བཅུག་པ་སོགས་བྱུང་བ་རེད། མ་ཟད་ང་ཚོས་ཤེས་གསལ་ལྟར་ད་ཆ་དངུལ་ཁང་ཡོད་པ་རེད་ལ། དངུལ་བྱང་སོགས་བེད་སྤྱོད་བཏང་ནས་དངུལ་ཁང་དུ་དངུལ་སྒོར་འབོར་ཆེན་གསོག་འཇོག་བྱེད་ཐུབ་པ་ལྟ་བུ་རེད། དེ་དག་ཐམས་ཅད་ལ་ཞིང་ལས་རིག་པས་ཤུགས་རྐྱེན་ངེས་ཅན་ཞིག་ཐེབས་ཡོད་པ་སྨོས་མ་དགོས་པ་ཞིག་རེད་སྙམ།
2019/3/2ཉིན་Shringar palace ཞེས་པའི་མགྲོན་ཁང་དུ་བྲིས།