རོང་པོ་བློ་བཟང་རིན་ཆེན།
ང་ཚོ་ད་དུང་མགྲོན་ཁང་དུ་YouTubeདང་ངོ་དེབ་སོགས་ནས་རང་རང་འདོད་པ་ལྟར་གྱི་གླུ་གཞས་དང་བགྲོ་གླེང་། གཏམ་བཤད་དང་བཅརའདྲི་སོགས་ལ་ལྟ་བཞིན། ཆེས་བག་ཕེབས་ཀྱི་ངང་ནས་སྡོད་ཡོད། ཞོར་དུ་ཁོ་བོས་<<ཡབ་ཀྱིས་བུ་མོར་སྤྲིངས་པའི་འཕྲིན་>>གྱི་<<གཙོ་བདག་ལམ་ལུགས་དེ་ཇི་ལྟར་འགོ་བརྩམས་པ་རེད་>>ཅེས་པའི་ཚན་པ་ཐུང་ངུ་འདི་བཀླགས་པ་ཡིན།
སྤྱིར་དཔེ་དེབ་འདི་ཉིད་ནེ་རུ་ཁོང་གིས་བུ་མོ་ཨེན་ཌྷི་གྷན་དྷེ་ལ་ཆེད་མངགས་སུ་སྤྲིངས་པའི་འཕྲིན་ཞིག་ཡིན་པའི་ངོ་སྤྲོད་སྔོན་ནས་བྱས་པ་ལྟར། ཚན་པ་འདིའང་བུ་མོ་ཨེན་ཌྷི་གྷན་དྷེའི་དྲི་བ་ཞིག་གི་ལན་འདེབས་ཡིན་པ་གསལ་པོ་རེད། བུ་མོ་ཨེན་དཌྷི་གྷན་དྷེ་ཆུང་ཆུང་སྐབས་སུ་ཡབ་ཆེན་ནེ་རུ་ཁོང་ལ་མཱ་སོའོ་རེའེ་ཡུལ་གྱི་རྒྱལ་པོ་སུ་ཡིན་དང་། རྒྱལ་པོས་ཅི་ཞིག་བྱས་མིན། ཁོང་རྒྱལ་པོ་ཇི་ལྟར་གྱུར་བ་རེད་སོགས། དྲི་བ་མང་པོ་ཞིག་བྱས་པ་དེ་དག་ཁོང་གིས་སྣང་མེད་དུ་མ་བཏང་བར་བསམ་གཞིག་ནན་མོ་བགྱིས་ཏེ་ལན་འདེབས་གནང་བ་ཞིག་རེད་འདུག དེའང་གནའ་སྔ་མོའི་དུས་སུ་རྒྱལ་པོའི་ལམ་ལུགས་ཇི་ལྟར་བྱུང་བ་དང་། དེའི་འཕེལ་རྒྱས་བྱུང་རིམ་སོགས་ལེའུ་ཕྱི་མའི་ནང་དུ་རྒྱུས་ལོན་བྱ་ཆོག་པ་ཞིག་རེད་འདུག
སྤྱིར་གཙོ་བདག་ལམ་ལུགས་སམ་རྒྱལ་པོའི་ལམ་ལུགས་ནི་བརྒྱུད་རིམ་ཞིག་གི་ཁྲོད་ནས་བྱུང་བ་རེད། བརྒྱུད་རིམ་དེ་ནི་དང་ཐོག་འགྲོ་བ་མི་རྣམས་འཇིགས་སྣང་དང་དོགས་ཟོན་ཁྲོད་ནས་ཁ་ཟས་བཙལ་ཏེ་འཚོ་ཞིང་རིམ་གྱིས་རུས་སྡེ་གྲུབ་པ་རེད། རུས་སྡེ་གྲུབ་པ་ནས་ཁོང་ཚོའི་འཇིགས་སྣང་ཉུང་དུ་ཕྱིན་པ་མ་ཟད། ཁ་ཟས་བཙལ་རྒྱུ་ཡང་སྟབས་བདེར་གྱུར་བ་རེད། དེ་ནས་ཞིང་ལས་རིག་པ་དར་རྒྱས་བྱུང་བ་ནས་ཁོང་ཚོའི་འཚོ་བ་སྔར་ལས་སྟབས་བདེ་དང་ཕུན་སུམ་ཚོགས་པར་གྱུར་བ་རེད། ཞིང་ལས་རིག་པ་པ་དར་བ་ནས་ངལ་རྩོལ་ལས་རིགས་ལ་འགྱུར་ལྡོག་སྣ་ཚོགས་བྱུང་སྟེ་ད་ཆ་འཛམ་གླིང་ལ་ཞབས་འདེགས་སྒྲུབ་བཞིན་པ་ནི་མིག་མཐོང་ལག་ཟིན་རེད།
རུས་སྡེ་གྲུབ་པ་ནས་ཚོ་ཁག་རེ་རེར་གྱུར། ཚོ་ཁག་རེ་རེ་ལ་ཡང་རང་རང་གི་ཚོ་ཁག་གི་ལམ་སྣེ་ཁྲིད་མཁན་ནམ། ཁ་ཟས་དང་བཅའ་ལག་བགོ་བཤའ་རྒྱག་མཁན་ཞིག་མཁོ་གལ་བྱུང་བས། ཁོང་ཚོའི་ནང་ནས་སྐྱེ་སྟོབས་ལྡན་ཞིང་ཉམས་མྱོང་གིས་ཕྱུག་པའི་མི་རྒན་རེ་གཙོ་བདག་ཏུ་འཇོག་པའི་ལམ་ལུགས་དར་བ་རེད། གཙོ་བདག་ལམ་ལུགས་དར་བ་ནས་གཙོ་བདག་གིས་མི་དམངས་ལ་རི་དྭགས་རྔོན་རྒྱུ་དང་། ས་ཞིང་རྨོ་འདེབས་སོགས་ལ་དོ་དམ་དང་བཀད་སྒྲིག་བྱས་པ་རེད། མ་ཟད་ཚོ་ཁག་དང་ཚོ་ཁག་བར་ལ་དམག་འཁྲུག་བྱུང་ཚེ་འགོ་གཙོ་ཞིག་མེད་ཐབས་མེད་པ་་ཡིན་དུས། གཙོ་བདག་ལམ་ལུགས་ཧ་ཅང་བརྟན་པོར་ཆགས། གཙོ་བདག་གཅིག་གིས་ཡོད་ཚོད་ལ་ལྟ་རྟོགས་བྱེད་མི་ཐུབ་པས་གཙོ་བདག་གམ་དོ་དམ་པ་མང་པོ་བྱུང་བ་རེད། མི་དམངས་དཀྱུས་མ་རྣམས་ཁོ་ཚོའི་བྲན་གཡོག་གམ་བཀོད་སྒྲིག་གི་འོག་ནས་འཚོ་བ་རོལ་ཏེ་ཕན་ཚུན་འདྲ་མཉམ་གྱི་འདུ་ཤེས་ཡུན་རིང་བོར་བརླག་ཕྱིན།
2019/3/3 ཉིན་Shringar palace ཞེས་པའི་མགྲོན་ཁང་དུ་བྲིས།