བློ་བཟང་རིན་ཆེན།
དོ་ནུབ་ཁང་ཚན་དམ་བཅའ་གྲོལ་ནས་ཤག་ལ་འབྱོར་སྐབས་ཆུ་ཚོད་བཅུ་གཅིག་བརྒལ་འདུག ང་ཚོ་མཚན་མོའི་ལྷིང་འཇགས་ལ་འགྲོགས་བཞིན་ཞོ་ལ་ཀ་ར་བླུགས་ནས་འཐུང་། ཞོར་དུ་ཁང་ཚན་དམ་བཅའ་སྐབས་སུ་བརྒལ་ལན་བྱས་པའི་དཀའ་གནད་འགའ་ལ་དོགས་སློང་བྱེད་ཁུལ་བྱས། དེ་ནས་ང་ཚོ་རང་རང་སོ་སོའི་ཤག་ལ་བསྐྱོད་དེ། རང་རང་འདོད་པ་ལྟར་གྱི་འཚོ་བ་ལ་ཞུགས། ངས་ནི་ཡུན་རིང་འབྲི་རྒྱུར་ལྷག་པའི་མུ་འབྲེལ་བཀླགས་བྱང་གི་འཕྲོ་ནས་འབྲི་འདོད་བྱུང་སྟེ་<<ཡབ་ཀྱིས་བུ་མོར་སྤྲིངས་པའི་འཕྲིན་གྱི་>>འཛམ་གླིང་འདིའི་གནའ་སྔ་མོའི་དུས་ཀྱི་གྲོང་ཁྱེར་ཆེན་པོ་འགའ་>>ཞེས་པའི་ཚན་པ་ཐུང་ཐུང་འདི་བཀླགས་པ་ཡིན།
ནེ་རུ་ཁོང་གིས་ཚན་པ་འདིར་མཚན་སྙན་འབར་བའི་གནའ་བོའི་གྲོང་ཁྱེར་འགའ་ངོས་འཛིན་བྱས་ཤིང་དེ་དག་རྩ་མེད་དུ་སོང་བའི་བརྒྱུད་རིམ་གསུངས་འདུག གྲོང་ཁྱེར་དེ་དག་ནི་ད་སྐབས་མིང་ཙམ་ལས་ལྷག་མེད་པའི་Mesopotamia དང་Nineveh། Assur སོགས་རེད། གྲོང་ཁྱེར་དེ་དག་ནི་ཨི་རག་རྒྱལ་ཁབ་ནང་གི་གནའ་བོའི་གྲོང་ཁྱེར་རེ་ཡིན་འདུག ད་སྐབས་དེ་དག་ཚང་མ་རྩ་མེད་དུ་སོང་ནས་དུས་ཡུན་ཧ་ཅང་རིང་པོ་ཡིན་ནའང་། དེང་གི་ཉམས་ཞིབ་པ་དག་གིས་བྱེ་མ་དང་སའི་གཏིང་འོག་ནས་སྔོན་གྱི་གྲོང་ཁྱེར་དེ་དག་གི་ལྷག་འཕྲོ་རེ་དྲན་རྟེན་དུ་རྙེད་ཀྱི་ཡོད་འདུག གང་ལྟར་གྲོང་ཁྱེར་དེ་དག་ས་རྡུལ་དང་བྱེ་མའི་གསེབ་ལ་འཐིམས་ནས་རྩ་མེད་དུ་སོང་ཤུལ། མི་རབས་གསར་པ་བྱུང་སྟེ་གྲོང་ཁྱེར་གསར་འཛུགས་བྱས་ཀྱང་སླར་ཡང་ས་རྡུལ་དང་བྱེ་མས་གཏན་མེད་དུ་བཟོས་པ་རེད། དེ་ལྟ་དེ་ལྟར་གོ་ལ་ཧྲིལ་པོ་འདིའི་སྟེང་དུ་གྲོང་ཁྱེར་འཕེལ་འགྲིབ་ཁྲི་འབུམ་ཞིག་བྱས་ནས་ད་ལྟའི་འུ་ཅག་གི་མིག་མདུན་གྱི་གྲོང་ཁྱེར་དེ་དག་བྱུང་བ་ཡིན་འདུག
མདོར་ན་གནའ་བོའི་དུས་སུ་གྲོང་ཁྱེར་དེ་དག་ས་རྡུལ་དང་བྱེ་མའི་གསེབ་ལ་འཐིམས་ནས་འཇིག་ཅིང་རྩ་མེད་དུ་སོང་བའི་སྡོམ་ཚིག་བཀོད་འདུག འདི་ལ་བརྟེན་ནས་ད་སྐབས་འུ་ཅག་གི་མིག་མདུན་དུ་ཁྲ་ལྷམ་མེ་བར་ཆགས་པའི་གྲོང་ཁྱེར་དེ་དག་ཀྱང་། ནམ་ཞིག་ས་རྡུལ་དང་བྱེ་མའི་གསེབ་ནས་འཇིག་ཨེ་འགྲོ་སྙམ་ནས་སྐྲག་སྣང་ཞིག་ངང་གིས་བྱུང་། དེ་ནི་མི་སྲིད་པ་ཞིག་ག་ལ་ཡིན། ཁོ་བོས་མངོན་སུམ་དུ་མཐོང་མྱོང་བའི་ཡུལ་ཤུལ་རྫོང་ནི་2010/4/14སྔོན་ལ། གཞུང་ལམ་ཆེ་ཞིང་གཡས་གཡོན་ཀུན་དུ་མགྲོན་ཁང་དང་། ཚོང་ཁང་། ཇ་ཁང་། ཟ་ཁང་། ཚོགས་ཁང་། སྨན་ཁང་། སློབ་གྲྭ། བཟོ་གྲྭ རྩེད་ཐང་སོགས། མདོར་ན་ཕུན་སུམ་ཚོགས་པའི་ཡུལ་ལུང་ཆེན་པོ་ཞིག་རེད། འོན་ཀྱང་སྐར་མ་གཅིག་གི་ཡུན་ལ་དེ་དག་ཐམས་ཅད་ས་རྡུལ་གྱི་གསེབ་ལ་འཐིམས་ཤིང་སེམས་ཅན་ཁྲི་ཕྲག་མང་པོའི་ཚེ་སྲོག་ཀྱང་ཤོར་བ་རེད། འདི་ནི་ཁོ་བོས་དངོས་སུ་མཐོང་བའི་དཔེར་མཚོན་དུ་བཀོད་པ་ཡིན། མ་ཟད་ས་ཕྱོགས་ངེས་མེད་དུ་ས་འགུལ་དང། རླུང་ཐན། ཆུ་ལོག གོ་ལའི་ཚ་དྲོད་འཕེལ་བས་གནོད་སྐྱོན་ཕོག་པ་སོགས་ལ་གཞིག་ན་འུ་ཅག་དང་འུ་ཅག་གི་འཚོ་སྡོད་བྱེད་སའི་གྲོང་ཁྱེར་དག་ནི། འཇིག་ཆོག་ཆོག་གི་གཡང་གཟར་ལ་གནས་པའི་དངོས་པོ་ཞིག་དང་མི་འདྲ་འམ། ལྷག་པར་རྒྱལ་ཁབ་མང་པོ་ཞིག་གིས་བཀད་ཆོག་ཆོག་ཏུ་བྱས་པའི་རྡུལ་ཕྲན་མཚོན་ཆ་སོགས་ལ་བསམ་ན། འུ་ཅག་ནི་རླུང་ནང་གི་མར་མེ་ཞིག་དང་མི་འདྲ་འམ།
2019/3/17གྱི་མཚན་མོར་རང་ཤག་ཏུ་བྲིས།
འཇིག་རྟེན་ཧྲིལ་པོ་འབྱུང་བཞིའི་འོག་ཏུ་གནས།
གནས་པའི་རྒྱུ་སྐར་རླུང་གི་འགུལ་བསྐྱོད་འོག།
འོག་ཏུ་འཚོ་བའི་སྲོག་ཆགས་གྲངས་ལས་འདས།
འདས་སྐྱེས་ཐམས་ཅད་འབྱུང་བཞིའི་བྱེད་ལས་ཙམ།
རླུང་སྒོང་འཐོར་ནས་འཇིག་རྟེན་ཆགས།
ཆགས་པའི་སྲོག་ཆགས་འབྱུང་བཞིའི་འཚོ།
འཚོ་བའི་དངོས་པོ་འབྱུང་བཞིའི་འཇིགས།
འཇིགས་པ་ཐམས་ཅད་འབྱུང་བཞིའི་འཕྲུལ།