རོང་པོ་བློ་བཟང་རིན་ཆེན།
དེ་རིང་རེས་གཟའ་ཟླ་བའི་གུང་སེང་དང་བསྟུན་ནས་ང་ཚོ་གྲོགས་པོ་སྐོར་ཞིག་གིས་རྒྱ་ཁོག་(火锅)བསྐོལ་ཏེ་འཐུང་བ་་ཡིན། ཁང་ཚན་གཅིག་པ་ཁ་ཤས་ཀྱིས་ཁྱེད་ཚོ་གླེན་པ་རང་རེད། ཚ་དྲོད་བཞི་བཅུར་སླེབས་རུང་ད་དུང་དེ་འདྲ་ཚ་པོ་རེ་འཐུང་ནས་ཟེར། དྲང་མོར་བཤད་དེ་ནི་བདེན་པ་རེད། ཉིན་གུང་ཚ་བ་ཆེ་བའི་ཁར་རྒྱ་ཁོག་ཀྱང་ཚ་པོ་རེད། མ་ཟད་རྒྱ་ཁོག་ནང་དུ་སི་པན་མང་དྲགས་པས་ཁ་ཚ་ཞིང་ལུས་དྲོད་རྒྱས་ཏེ་ཡིད་ཚིམ་པ་ཞིག་འཐུང་མ་ཐུབ། དེ་ནས་ང་ཚོས་གླུ་གཞས་ལ་ཉན། སྐད་ཆ་བཤད། རྒོད་གཏམ་འདྲ་མིན་རེ་བཤད་ནས་སོ་སོའི་ཤག་ལ་ལོག ་ཡུན་རིང་ལྟ་རྒྱུར་ལྷག་པའི་<<ཡབ་ཀྱིས་བུ་མོར་སྤྲིངས་པའི་འཕྲིན་>>གྱི་<<ཨེ་ལྗིབ་དང་ཁི་རཱེ་ཋེ་གླིང་ཕྲན་>>ཞེས་པའི་ཚན་པ་འདི་བཀླགས་པ་ཡིན།
ཚན་པ་འདིར་ཨཱ་རབ་ཨེ་ལྗིབ་ནང་གི་ (Sphinx )རྗེ་མོ་སེང་གཟུགས་མའི་སྐོར་དམིགས་སུ་བཀར་ནས་བཤད་འདུག རྗེ་མོ་སེང་གཟུགས་མ་ནི་ཨཱ་རབ་ཨེ་ལྗིབ་ནང་གི་རྡོ་ཡི་འདྲ་སྐུ། བུད་མེད་ཀྱི་མགོ་བརྙན་ཅན་གྱི་སེང་གེའི་དབྱིབས་རིས་ཤིག་རེད། བཟོ་བཀོད་ཆེ་བའི་དངོས་ཟོག་དེ་ནི་ཅིའི་ཕྱིར་བཟོས་པ་དང་། དེ་ལ་མཚོན་དོན་ཅི་ཡོད་སོགས་མང་པོ་ཞིག་གིས་ཁྱོན་ནས་མི་ཤེས་པ་མ་ཟད། མགོ་བརྙན་དེའི་གསེབ་ནས་མངོན་པའི་ལྐོག་གྱུར་ཉམས་ཆུང་གི་འཛུམ་མདངས་དེ་ལའང་ཐེ་ཚོམ་དང་ངོ་མཚར་སྐྱེས་ནས་གནས་ཡོད། དོན་དངོས་ཐོག་དེ་ནི་གནའ་བོའི་ཨེ་ལྗིབ་ཀྱི་རྒྱལ་པོ་ཕཱ་རཱོ་སི་རྒྱལ་རྒྱུད་ཀྱི་བང་སོ་ཞིག་ཡིན་འདུག རེད་དེ་དེ་ནི་ད་ལྟ་བང་སོ་ཙམ་ལས་འདས་ཏེ་སྔོན་གྱི་ལོ་རྒྱུས་ལ་ཕྱིར་མིག་ལྟ་སའི་གླེགས་བམ་ཆེན་པོ་ཞིག་ཏུ་གྱུར་འདུག་ཅེས་བསྙད་ན་ཐལ་མི་ཆེ།
ཁི་རཱེ་ཋེ་གླིང་ཕྲན་འདི་ཉིད་གནའ་སྔ་མོའི་དུས་སུ་དཔལ་ཡོན་དར་མྱོང་བའི་ལྟེ་གནས་གལ་ཆེན་ཞིག་རེད། ཁི་རཱེ་ཋེ་གླིང་ཕྲན་ནང་གི་ནཱོ་སོ་སི་(Knossos) ས་ཁུལ་དུ་བརྗིད་ཉམས་ལྡན་པའི་ཕོ་བྲང་ཞིག་ཡོད། ཕྲོ་བྲང་དེའི་བཀོད་པ་མང་པོ་ཞིག་དེང་རབས་ཀྱི་ཁྱད་ཆོས་ལྡན་པའི་གསར་གཏོད་ཀྱི་རྣམ་པ་དང་ཀུན་ནས་མཚུངས། མ་ཟད་དེ་གའི་རྫ་བཟོའི་ལག་རྩལ། རྡོ་བརྐོས་རི་མོ། ཚོན་བྲིས་རི་མོ། ལྕགས་རིགས་སྤུས་ལེགས། མཆེ་རུས་རྒྱན་ཆ་སོགས། བཟོད་བཀོད་ཕུལ་དུ་ཕྱིན་པའི་དངོས་པོ་མང་དག་ཅིག་མཇལ་དུ་ཡོད་པ་ནི། གནའ་བོའི་དུས་སུ་དཔལ་ཡོན་དར་མྱོང་བའི་དན་རྟགས་ཤིག་ཅི་ལ་མིན།
ཡང་ཚན་པ་འདིར་ནེ་རུ་ཁོང་གིས་རྒྱལ་པོ་མཱེ་དྷ་སི་(King Midas)ཡི་སྐོར་གྱི་བརྩམས་སྒྲུང་ཞིག་ངོ་སྤྲོད་བྱེད་ཞོར་ང་ཚོར་བསླབ་བྱ་ཞིག་ཀྱང་གནང་བཞིན་འདུག རྒྱལ་པོ་མཱེ་དྷ་སིས་རིག་རིག་ཐུག་ཐུག་ཚང་མ་གསེར་དུ་གྱུར་ནས་ཐ་ན་ཟ་མ་ཡང་ཟ་ཐབས་བྲལ་བ་རེད། རྒྱལ་པོ་དེས་དེ་ལྟར་དཀའ་སྡུག་མང་པོ་ཞིག་མྱངས་པ་དེ་ནི་ཁོང་གི་འདོད་རྔམ་ལ་ཉེས་ཆད་གཅོད་སྟངས་ཤིག་རེད། མ་གཞི་འདི་ནི་རྟོག་བཟོ་བྱས་པའི་བརྩམས་སྒྲུང་ཞིག་ཡིན་རུང་། འདི་ལས་གསེར་ནི་མིས་རིན་ཐང་སྤྲད་པའི་དངོས་པོ་རྩ་ཆེན་ཡིན་ཡང་། དེ་ཉིད་གང་ཡིན་ལ་བཀོལ་ཆོག་པའི་དངོས་པོ་ཞིག་མིན་པའི་གསལ་འདེབས་བྱས་ཡོད། དེ་བཞིན་དེང་སྐབས་ཧ་ཅང་གཙིགས་ཆེན་བྱེད་པའི་སྒོར་མོ་དེ་ཡང་རྩ་ཆེ་བའི་དངོས་པོ་ཞིག་ཡིན་ཡང་། དེས་ལྷག་བསམ་རྣམ་དག་དང་བརྩེ་བ་སླད་མེད། གྲོགས་པོ་ངོ་མ་དང་སེམས་ཀྱི་བདེ་སྐྱིད་སོགས་ཉོ་མི་ཐུབ་པའི་གནས་ལུགས་ཤིག་ཤུགས་ལ་འཆད་བཞིན་འདུག་གོ་སྙམ།
ཡང་ཁི་རཱེ་ཋེའི་གླིང་ཕྲན་དུ་ཡོངས་གྲགས་ཀྱི་སྒྲུང་གཞན་པ་ཞིག་ཡོད། དེ་ནི་སྲིན་པོ་མཱེ་ནོ་ཋོར་(Minotaur)གྱི་སྐོར་རེད། ཁོ་ནི་གླང་མགོ་མིའི་གཟུགས་བྱད་ཅན་གྱི་སྲིན་པོ་ཞིག་ཡིན་པའི་ཚོད་དཔག་བྱས་ཡོད། བཤད་སྲོལ་ལ་ན་གཞོན་ཕོ་མོ་མང་པོ་ཞིག་ཁོ་ལ་ཁ་ཟས་ཀྱི་དོད་དུ་ཕུལ་བ་རེད་ཟེར། དེ་ནི་ཁོ་ལ་གཏང་རག་བྱེད་ལུགས་ཤིག་ཀྱང་ཡིན་འདུག ཚན་པ་སྔ་མ་དག་གི་ནང་དུ་ཆོས་ལུགས་ནི་རྒྱུས་མེད་པའི་དངངས་སྐྲག་ཅིག་ལས་བྱུང་ཚུལ་བཤད་པ་བཞིན། གནས་ཚུལ་འདིའང་དེ་ལས་མ་འདས། གནའ་སྔ་མོའི་དུས་་སུ་ཨེ་ལྗིབ་ཀྱི་ནང་དུ་བུ་མོ་ཚོ་གཙང་པོ་(Nile)གྱི་ནང་ལ་གཡུགས་ན། ཡབ་ཆེན་ནཱེལ་ཐུགས་མཉེས་པའི་མཆོད་པར་འགྲོ་བའི་ལྟ་ཚུལ་ཞིག་རྒྱུན་འབྱམས་སུ་གྱུར་བ་རེད། དེ་ལྟ་དེ་ལྟར་མིའི་མཆོད་འབུལ་ཞེས་པ་ཞིག་དར་ཁྱབ་ཏུ་ཕྱིན་པ་རེད། རེད་དེ་སྟབས་ལེགས་པ་ཞིག་ལ་འཛམ་གླིང་སྤྱི་ཡོངས་ཀྱི་གོ་རྟོགས་སད་པ་ལ་བརྟེན་ནས། ད་ལྟ་དེ་ནི་མིང་གི་ལྷག་མ་ཙམ་དུ་གྱུར་བ་རེད། འོན་ཀྱང་ད་དུང་བྱོལ་སོང་དུད་འགྲོའི་རིགས་དག་བསད་ནས་ལྷ་ལ་མཆོད་འབུལ་གཏང་རག་གི་ཆོ་ག་སྒྲུབ་པ་འདི་ནི་བསམ་ཡུལ་ལས་འདས་ཤིང་ཡ་ང་བ་ཞིག་མ་རེད་དམ།
2019/3/25ཉིན་ལ་རང་ཤག་ཏུ་བྲིས།