བློ་བཟང་རིན་ཆེན།
ང་ཚོ་འཛིན་གྲོགས་སྐོར་ཞིག་ཞོགས་པའི་སྐྱ་རེངས་མ་ཤར་གོང་ནས་གྲྭ་ཚང་གི་ཐབ་ཚང་དུ་འཛོམས་ཏེ་ཉིན་གཅིག་གི་ལས་ཀའི་འགོ་བརྩམས་པ་ཡིན། ཁ་ཤས་ཀྱིས་གྲོ་ཕྱེ་བསྣོས། རེ་ཟུང་གིས་ཇ་བསྐོལ། འགའ་ཞིག་གིས་ཚོད་མ་གཏུབས། ལ་ལས་བག་ལེབ་བསྲེགས་པ་སོགས་བགྱིས་ཏེ་སྔ་དྲོའི་ལས་ཀ་དེ་མ་ཐག་ཏུ་གྲུབ། ཉིན་གུང་ཡང་ཆུ་ཚོད་དང་པོར་འཛོམས་ཏེ་བག་ལེབ་བསྲེགས། ཚོད་མ་གཏུབས། ཟ་མ་བཟོ་བ་སོགས་ཉིན་གཅིག་གི་ལས་ཀ་དཀའ་ངལ་གང་ཡང་མེད་པའི་ངང་ནས་རྫོགས་བྱུང་། མ་གཞི་ཚང་མས་ཧུར་ཐག་འབད་ཐག་གིས་ལས་ཀ་གཉེར་བ་མ་ཟད། ཕན་ཚུན་རྒོད་གཏམ་དང་ཀུ་རེ། སྤྲོ་སྣང་དང་གུ་ཡངས་ཀྱི་ངང་ནས་ལས་ལ་འཇུག་པས་ལོས་ཡིན། ཉིན་གཅིག་ལས་ཀ་ཡུད་ཙམ་གྱི་་སྣང་བ་ལས་མ་བྱུང་། གང་ལྟར་རེས་གཟའ་ཟླ་བའི་ངལ་གསོ་ཤག་ནས་ལྷོད་ལྷོད་བྱས་ནས་རོལ་རྒྱུ་མ་བྱུང་ཡང་ཧ་ཅང་སྐྱིད་པོ་བྱུང་། ཐབ་རེས་ཀྱི་ལས་ཀ་གྲུབ་ནས་གྲོགས་པོ་གཉིས་དང་མཉམ་དུ་དགའ་ལྡན་ལ་ཆུ་རྐྱལ་དུ་ཕྱིན། ཟ་མ་བཟས། སྐད་ཆ་ཤོད་བཞིན་རླངས་འཁོར་གྱི་ལམ་བུ་བརྒྱུད་ནས་ཤག་ལ་ལོག དེ་ནས་སྔོན་གྱི་ཀློག་འཕྲོ་<<ཡབ་ཀྱིས་བུ་མོར་སྤྲིངས་པའི་འཕྲིན་>>གྱི་<<མཚོ་ཐོག་འགྲིམ་འགྲུལ་དང་ཚོང་འབྲེལ་>>ཞེས་པའི་ཚན་པ་འདི་བཀླགས་པ་ཡིན།
མཚོ་ཐོག་འགྲིམ་འགྲུལ་བྱེད་པའི་བརྒྱུད་རིམ་ལ་མནོ་བསམ་ཞིག་བཏང་ན། དེ་ནི་ཡུལ་སྐོར་སྤྲོ་འཆམ་དང་ཕྱུག་པོ་ཚོས་བག་མེད་ལོངས་སྤྱོད་བྱེད་ཡུལ་ཞིག་མ་ཡིན་པར། གནའ་མི་ཚོའི་སྙིང་སྟོབས་དང་ཆོད་སེམས་ལ་འབྲེལ་བ་དམ་ཟབ་ཡོད་པ་ཞིག་རེད། གནའ་སྔ་མོའི་དུས་སུ་བཟོ་བཀོད་མཛེས་ཤིང་བརྗིད་ཆགས་པའི་དེང་སྐབས་ཀྱི་མཚོ་གྲུ་ནང་བཞིན་ག་ལ་ཡོད། འོན་ཀྱང་ཁོང་ཚོས་ཤིང་སྡོང་གི་གཞུང་རྟས་བཟོས་པའི་ཤིང་གྲུ་ཆུང་ཆུང་རེ་ལ་བརྟེན་ནས་རྒྱ་མཚོ་ཆེན་པོ་འཕྲེད་དུ་བཅད་དེ་འཛམ་གླིང་གི་ཡུལ་གྲུ་ཁག་ཏུ་བསྐྱོད་པ་རེད། ད་དུང་ཟླ་བ་དུ་མའི་རིང་སྐམ་ས་མིག་གིས་མི་མཐོང་བ་དང་། བཀྲེས་སྐོམ་གྱི་སྡུལ་བསྔལ། ཐ་ན་ཚེ་སྲོག་གི་ཉེན་ཁ་བྱུང་བའི་ལོ་རྒྱུས་གྲངས་ལས་འདས་པ་བྱུང་ནའང་། ཁོང་ཚོས་སྙིངས་སྟོབས་ལ་ཉམས་པ་མེད་པར་རྒྱ་མཚོ་ཆེན་པོ་འཕྲེད་དུ་གཅོད་པའི་གདེང་ཚོད་རྙེད་པ་རེད། དེ་ནི་བློ་སྤོབས་དང་སྙིང་རུས་ཅན་ཁོ་ནའིཙ་བྱ་སྤྱོད་ལས་གཞན་སུ་ཡིན་གྱི་ནི་མ་ཡིན་ནོ།།
ཚན་པ་འདིར་གནའ་བོའི་མཚོ་ཐོག་འགྲུལ་པ་རྣམས་ཀྱི་སྙིང་རུས་ལ་བསྔགས་བརྗོད་བྱས་པ་མ་ཟད། ཁོ་ཚོ་དང་ཚོང་ལས་ཀྱི་འབྲེལ་བ་དམིགས་སུ་བཀར་ནས་བསྙད་འདུག
ཁོ་ཚོས་རང་སྲོག་འབེན་དུ་བཞག་ནས་མཐའ་ཡས་པའི་རྒྱ་མཚོ་འཕྲེད་དུ་བཅད་པ་དེའང་མཐར་ཐུག་ན་གསེར་དངུལ་ཐོབ་འདོད་ཀྱིས་བསྐྱོད་པ་རེད། ཁོང་ཚོའི་ཚོང་ལས་ཀྱི་རྣམ་པ་ནི་བཅའ་ལག་ཕར་ཚུར་ཉོ་ཚོང་བྱས་ནས་དངུལ་བསོགས་པ་རེད། ཚོང་ལས་ཟེར་བ་ནི་དེ་ལྟར་དར་རྒྱས་བྱུང་བ་ཞིག་རེད། མ་གཞི་གནའ་སྔ་མོའི་རུས་སྡེ་ཚོ་བའི་གནས་སྐབས་སུ་ཕན་ཚུན་དངོས་ཟོག་བརྗེ་ལེན་བྱས་ནས་ཚོང་ལས་ཀྱི་འགོ་བརྩམས་པ་རེད། རིམ་གྱིས་དངོས་ཟོག་དང་འབྲུ་རིགས་སོགས་ཕན་ཚུན་བརྗེ་ལེན་བྱས་ཤིང་། འབྲུ་རིགས་འབོར་ཆེན་རག་ཐབས་སུ་བ་ཕྱུགས་དང་། ར་མ། ལུག་སོགས་ཕན་ཚུན་བརྗེ་ལེན་བྱས་ཏེ་ཚོང་ལས་གཉེར་བ་རེད། སྐབས་དེ་དུས་ཀྱི་ཚོང་ལས་ནི་དེ་འདྲ་སྟབས་བདེ་པོ་ཞིག་ག་ལ་ཡིན། འོན་ཀྱང་གསེར་དངུལ་དར་བ་ནས་དངོས་ཟོག་ཉོ་དུས་གསེར་དངུལ་སྤྲད་ཆོག་པའི་ལུགས་སྲོལ་ཞིག་ཆགས་པ་རེད། དེ་ནས་རིམ་གྱིས་ཚོང་ལས་ཀྱི་བཀོལ་སྤྱོད་ཅུང་ཙམ་སྟབས་བདེར་གྱུར་བ་རེད། དེ་ནས་སྒོར་མོ་དོང་ཙེ་དར་ནས་ཧ་ཅང་སྟབས་བདེ་རུ་གྱུར་ཅིང་། དེང་སྐབས་དེ་ལས་ཀྱང་སྟབས་བདེར་གྱུར་ཏེ་ཨང་གྲངས་ཁ་ཤས་ཀྱི་ལམ་ནས་ཕན་ཚུན་ཚོང་ལས་གཉེར་ཐུབ་པའི་ངོ་མཚར་གྱི་གནས་འདི་བྱུང་བ་རེད།
ཡང་ནེ་རུ་ཁོང་གིས་རྒྱལ་པོ་མཱེ་ངྷ་སིའི་གཏམ་རྒྱུད་དང་བསྒྲགས་ནས་ང་ཚོར་བསླབ་བྱ་གནང་རྒྱུར། གསེར་དངུལ་དང་སྒོར་མོ་ནི་ང་ཚོར་མཁོ་ཆས་ཉོ་བྱེད་ཀྱི་སྤྱོད་སྒོ་མེད་པར་གྱུར་ཚེ་དེ་ལ་རིན་ཐང་སྤུ་ཙམ་ཡང་མེད་པས། སྒོར་མོ་ཁོ་རང་གི་སྟེང་ལ་རིན་ཐང་ཞིག་ཡོད་པའི་བསམ་བློ་མ་གཏོང་ཞེས་གདམས་འདུག ཡང་ཁོང་གིས་“གང་ལྟར་ཁྱོད་ཀྱིས་སྐབས་ལན་རེར་གྲོང་རྡལ་དེ་ཚོ་ནས་མི་ཚོས་དངོས་སུ་ཤོག་སྒོར་མི་སྤྲོད་པར་དངོས་ཟོག་བརྗེ་རེས་བྱེད་བཞིན་པའི་གནས་ཚུལ་མཐོང་ཡོང་གི་རེད། དུས་རྒྱུན་ཤོག་སྒོར་ནི་བཀོལ་འོས་པའི་ལས་ཤིག་ཡིན་ན་ཡང་། མི་གླེན་པ་ལ་ལས་སྒོར་མོ་ཁོ་རང་གི་སྟེང་ན་ལེགས་ཆ་ཞིག་ཡོད་པར་ཚོད་དཔག་དང་སྟོང་བསམ་ལྟ་བུ་བྱས་ནས། དངུལ་མང་བོ་བསྡུས་ཏེ་བེད་སྤྱོད་གཏོང་བའི་ཚབ་ཏུ་སྡེབ་གསོག་བྱས་ནས་བཞག་ཡོད། དེ་ནི་ཁོ་ཚོས་སྒོར་མོ་ནི་བཀོལ་རྒྱུའི་ཆེད་དུ་བྱུང་བ་དང་། དེའི་དོན་དངོས་ཀྱི་སྤྱོད་སྒོ་སོགས་མ་ཤེས་པས་རེད་”ཅེས་གདམས་འདུག དེ་ནི་དངོས་གནས་རེད་དྲན་བྱུང་། ཕྱུག་བདག་མང་པོ་ཞིག་གིས་རང་ཉིད་འཚོ་བཞིན་པའི་སྐབས་སུ་རང་ཉིད་ལ་དབང་བའི་སྒོར་མོ་འབོར་ཆེན་དེ་དག་རང་ཉིད་ཀྱི་ཆེད་དུ་སྤྱོད་པའམ། གཞན་ལ་རོགས་སྐྱོར་སོགས་ཀྱི་ལས་གང་ཡང་མ་བྱས་པར་གསོག་ཉར་བྱས་པ་རེད། ཐ་མ་དེར་རང་ཉིད་ཀྱི་དུར་སྒམ་དང་། དུར་ཁང་དུ་བླུགས་པ་སོགས་ཀྱི་ལོ་རྒྱུས་གྲངས་ལས་འདས་པ་དེའོ།།
2019/4/8ཉིན་རང་ཤག་ཏུ་བྲིས།