རིག་འཛིན།
ལྷ་ལྡན་བོད་ཡུལ་ཆོས་ཀྱི་ཞིང་སར།།
དམ་ཆོས་བདུད་རྩིའི་ཆོས་ཆར་མ་འབབ།།
གདོང་དམར་བུ་ཕྲུག་ཐན་པས་རྡུང་དུས།།
ཡབ་མེས་བཙན་པོའི་མངའ་ཐང་དྲན་བྱུང་།།
གངས་ཅན་ལྗོངས་ཀྱི་ཕ་ས་དྲོད་མོར།།
ཡ་རབས་བཟང་པོའི་ནོར་བུའི་བང་མཛོད།།
མ་རབས་ཇག་པས་ཉིན་བཞིན་བཅོམ་དུས།།
ཡབ་མེས་བཙན་པོའི་གཟི་བརྗིད་དྲན་བྱུང་།།
བསིལ་ལྗོངས་ཁ་བའི་བོད་ཀྱི་ཡུལ་ལ།།
མ་འབོད་མགྲོན་པོོས་ཁྱིམ་སྒོ་རྡུང་སྟེ།།
ཉིན་མཚན་དུས་དྲུག་བདེ་ལྷོད་མེད་དུས།།
ཡབ་མེས་བཙན་པོའི་མཐུ་ནུས་དྲན་བྱུང་།།
མཐོ་སྒང་ས་ལའི་བོད་ཡུལ་ལྗོངས་འདིར།།
དབྱངས་གསལ་སོ་བཞིའི་དབྱངས་རྟ་ཉམས་ཏེ།།
ར་མ་ལུག་སྐད་བྲག་ཆ་ལྡིར་དུས།།
བློན་དཔོན་ཐོན་མིའི་མཛད་འཕྲིན་དྲན་བྱུང་།།
ཁ་བ་རི་བའི་བོད་ཡུལ་ལྗོངས་ལ།།
དངས་ཤིང་གཙང་བའི་ཁོ་ར་ཁོར་ཡུག།
མི་གཙང་དྲི་ངན་ནམ་མཁའ་འཁྲིགས་དུས།།
སྲོང་བཙན་བཙན་པོའི་བཀའ་བརྒྱ་དྲན་བྱུང་།།
ཆོས་ལྡན་བོད་ཡུལ་དག་པའི་ཞིང་འདིར།།
བཅུ་ཕྲག་རིག་པའི་ལང་ཚོ་རྒུད་དེ།།
གདོང་དམར་བོད་ཕྲུག་སྡུག་གིས་མནར་དུས།།
ཡབ་མེས་བཙན་པོ་དབང་མེད་དྲན་ཐལ།།
དབུ་སྐྲ་དཀར་པོའི་དགའ་ལྡན་ཕོ་བྲང་།།
ལང་ཚོའི་མེ་ཏོག་འབྲས་བུ་མེད་ཅེས།།
དེང་རབས་གཞོན་ནུས་རྩད་ནས་དོར་དུས།།
རྒྱལ་དབང་ལྡ་པའི་ཕྲིན་ལས་དྲན་བྱུང་།།
རྒྱ་དམར་ཀླ་ཀློས་བོད་ས་ཕྲོགས་ཤིང་།།
ནང་བསྟན་རིག་གཞུང་རྩ་མེད་བཟོ་དུས།།
ཉིན་མཚན་ཀུན་ཏུ་དལ་མེད་རྒྱུ་བའི།།
བསྟན་འཛིན་རྒྱ་མཚོའི་མཛད་ཕྲིན་དྲན་བྱུང་།།
གངས་ཅན་མུན་ནག་བསྟུན་པོའི་ཡུལ་གྲུ་ནས། །
ཤན་པའི་སྡིག་ལ་མནར་བའི་སྤུན་གྲོགས་རྣམས། །
ཁྲག་དྲི་རི་ལུང་ཀུན་ལ་ཁྱབ་པའི་དུས། །
ཐུགས་རྗེ་ལྕགས་དཀྱུ་བཟུང་ཞིག་སྤྱན་རས་གཟིགས། །
སྡུག་རྩུབ་ཆེ་བའི་རྒྱ་དམར་ཀླ་ཀློས་ཀྱིས།
དམྱལ་བ་མི་ཡུལ་མྱོང་བཞིན་ཕུ་ནུ་ཚོ། །
སྐྱབས་མེད་མགོན་མེད་ཁེར་རྐྱང་ལྷག་པའི་དུས། །
མགོན་སྐྱབས་དཔུང་གཉེན་མཛོད་ཅིག་སྲུང་མ་ཚོ། །
ང་ཚོའི་ཡབ་མེས་༸གོང་མ་བཀའ་དྲིན་ཅན་ནི།
མེས་པོ་སྤྲེལ་རྒན་ཡང་རྨོ་བྲག་སྲིན་དང་། །
སྤྲ་མིའི་དུས་ནས་བོན་སྒྲུང་ལྡེའུ་དར། །
ཉག་ཁྲི་ལ་སོགས་བཙན་པོ་ངར་མ་བྱུང་། །
སྲོང་བཙན་སོགས་ནས་རྒྱ་གར་ནང་ཆོས་དར། །
ཡབ་མེས་གོང་མའི་གཟི་བརྗིད་འདི་རིང་དྲན། །
ས་འཕགས་སོགས་ནས་༸རྒྱལ་དབང་ལྔ་པ་དང་། །
༸སྐུ་ཕྲེང་བཅུ་གསུམ་བར་གྱི་བཀའ་དྲིན་དང་། །
བཀའ་དྲིན་ཟླ་མེད་༸རྒྱལ་མཆོག་བཅུ་བཞི་པའི། །
ཞི་བདེའི་མཛད་འཕྲིན་ཕྱོགས་བཅུར་རྒྱས་པ་འདིས། །
ཡབ་མེས་གོང་མའི་གཟི་བརྗིད་འདི་རིང་དྲན། །
ཡབ་མེས་༸གོང་མ་ནམ་ཡང་བརྗེད་ཐབས་མེད། །
ཨེ་མ་བོད་གཞུང་ཡ་བོད་གཞུང་དགའ་ལྡན་ཕོ་བྲང་
ངའི་ཡོད་ཚད་ཀྱི་ཡོད་ཚད་དགའ་ལྡན་ཕོ་བྲང་ཁྱེད་ནི་
གྲང་ངར་ཆེ་བའི་ཁ་བའི་ལྗོངས་སུ་ལོ་རྒྱུས་ཀྱི་གོམ་པ་དང་པོ་སྤོས་
ཁྱེད་ནི་རྒྱལ་མཆོག་ལྔ་པ་ཆེན་པོའི་རྔུལ་ཁྲག་ལས་གྲུབ་པ་ཞིག་རེད་ལ་
ཁྱེད་ནི་གུ་ཤི་བསྟན་འཛིནཆོས་རྒྱལ་གྱི་ཟུངས་ཁྲག་ལས་གྲུབ་པ་ཞིག་ཀྱང་རེད་
མདོར་ན་ཁྱེད་དབུ་བརྙེས་ནས་མི་ལོ་བཞི་བརྒྱ་ལྷག་གི་རིང་ལ་
བོད་མི་དམངས་ནས་ཁྱེད་ལ་མ་འདོད་པའི་རྣམ་འགྱུར་བསྟན་མྱོང་མེད་ལ་
ངོ་རྒོལ་ནི་དེ་བས་ཀྱང་མེད་
ཁྱེད་ནི་ངའི་ཡོད་ཚད་ཀྱི་ཡོད་ཚད་ཡིན་ལ་
ཁྱེད་ནི་ང་ཚོའི་རང་བཙན་གྲུབ་བྱེད་གཙོ་བོ་ཞིག་ཀྱང་ཡིན་
ཁྱེད་ཀྱི་གཞུང་ཐམ་དེས་ཕྱི་རྒྱལ་ཡུལ་གྲུ་ཁག་དུ་
རྒྱལ་ཁབ་གཅིག་གི་ངོ་བོ་མཚོན་མྱོང་ཡོད་ལ་
རང་བཙན་གྱི་འབོད་སྒྲ་ཡང་བསྒྲགས་མྱོང་ཡོད་
ཁྱེད་ནི་དེང་སྐབ་ང་ཚོའི་དཔང་པོ་ངོ་མ་ཡིན་ཡ་
ཁྱེད་མེད་ན་ང་ཚོར་གང་ཡང་ཐོབ་མི་སྲིད་ལ་།
ཁྱེད་མེད་ན་རྒྱ་འོག་ནས་གཏན་ནས་ཐར་མི་སྲིད་
དེ་བས་ཁྱེད་ནམ་ཡང་ང་ཚོའི་སེམས་དབུས་སུ་བཞུགས་རོགས་མཛོད།
སུམ་གཉིས་ས་ཆེན་དྲག་ཏུ་བསྒུལ་མྱོང་ཡབ་ཆེན་དམ་པ་ཁྱེད་ཅག་ལ། །
མི་རུ་སྐྱེས་ཀྱང་མི་ཡི་དོན་གོ་སྣ་གཅིག་སྟོན་རྒྱུ་དཀའ་ན་ཡང་། །
ང་རྒྱལ་མགོ་བོ་གནམ་ལས་མཐོ་བའི་ཅོལ་ཆུང་ཁོ་བོས་སེམས་གཏིང་ནས། །
ལག་པའི་ཐལ་མོ་སྙིང་ཁར་སྦྱར་ཏེ་དགོངས་དག་ལེན་གསུམ་ཞུ་ན་འདོད། །
བོད་ཡིག་བྲིས་དུས་ཐོན་མི་དྲན་བྱུང་། །
བོད་པ་མཐོང་དུས་བོད་ཡུལ་དྲན་བྱུང་། །
བོད་སྐད་ཤོད་དུས་ཡབ་མེས་དྲན་བྱུང་། །
བོད་ཟས་ཟ་དུས་ཨ་མ་དྲན་བྱུང་། །