ཁྲོ་གཏུམ།
ས་དེ་ནས་སུམ་གཉིས་ས་ལ་དབང་བསྒྱུར་མཁན་ཞིག་གི་སྙིང་སྟོབས་ལོ་རྒྱུས་སུ་འཁོད་ཡོད
ས་དེ་ནི་ལོ་རྒྱུས་ཀྱི་བསྡུས་གཟུགས་སུ་བཀོད་པའི་གཏམ་རྒྱུད་ཅིག་ཡིན
ཡང་ན། སྙན་ངག་པའི་རུས་གསེང་ནས་ཐོན་པའི་རྐང་དམར་ཞིག
ངའི་རྨོ་རྨོ་སྤོ་བོ་ཚོས་ངག་ཐོག་ནས་ང་ལ་བསླབས་པའི་གཏམ་རྒྱུད་གསོན་པོ་ཞིག
ཕ་མ་གཉིས་ཀྱིས་སོ་སོའི་བུ་ཕྲུག་ལ་སྙིང་སྟོབས་བསྐྲུན་ཆེད་གླེང་མྱོང་བའི་ཕ་མཁར་ཞིག
ཤོག་ཐོག་ཡིག་ཐོག་ཏུ་བབས་པའི་ལོ་རྒྱུས་ཀྱི་ཡིག་ཆ་གལ་ཆེན་ཞིག
གཉའ་ཁྲི་གར་ཡོང་མ་ཤེས་ཀྱང་རྒྱལ་བོ་ཐོག་མར་འབོད་ཅིང་བཞུགས་ས
རྒྱལ་རྒྱུད་གང་མང་ཞིག་གི་པུར་བཏབ་པའི་དུར་ས་ཆེན་པོ་ཞིག
ད་ལྟ་ངའི་ཡ་ཁོག་ནི་ཡར་ཀླུང་གི་གཏམ་བརྒྱུད་ཀྱིས་བཅིངས་ཡོད
ཡིན་ནའང་། ས་དེ་ནི་ང་བརྒྱད་ལོའི་སྤྱང་ལྟོག་ཚོགས་པའི་གཡུལ་ས་རུ་གྱུར
དམར་ནག་ཁྲག་གི་མཚོ་མོ་ངུ་འབོད་ཁྲོད་བསྐྱིལ་པས
སེམས་ཁོང་གི་རི་གླུ་གང་མང་ཞིག་རང་དབང་གིས་ལེན་ཐུབ་མེད་ལ
ཁ་གྲག་པའི་ངག་སྒོ་གཅད་དགོས་པས་ཁོང་ཚོར་ཁ་རུལ་བྲོ
དུས་རབས་ཀྱི་རྟ་པོའི་རྨིག་པ་ལྕགས་ཤན་བྱས་ཏེ
འབྲོང་རྒྱུད་སྨུག་པོ་དག་རྫ་རིའི་ཁོང་གསེང་ནས་རྒྱུད་ཆད་ཅིང
སྤྱང་ལྟོག་གི་ཁ་དུག་ཧ་ཅང་བཙན་པའི་རྐྱེན་གྱིས་མི་རབས་གོང་མ་དག་གི་དབུགས་གཏོང་བ་ཡང་བསྒྱུར་ཡོད་ལ
གོམ་པ་སྤོ་བ་དང་གོམས་སྲོལ་གྱི་མཛེས་སྡུག་ཀྱང་བཙན་གྱིས་གཞོམ
ངའི་ཡ་ཁོག་ཏུ་བབས་པའི་ལོ་རྒྱུས་ཀྱི་སྒོ་ཆེན་ལ
བོད་དྲི་བྲོ་བའི་སྒོ་ཡོལ་གྱི་རི་མོ་མཛེས་སྡུག་གིས་ཤམ་ཡོད་རུང
ཡར་ཀླུང་གི་ས་ཆ་ན་རླུང་ཚུབ་གཅིག་པུས་འཁུར་བའི་གད་སྙིག་གི་ཕུང་པོ
ཧམ་ཆེན་གྱི་ཁུག་མ་གཟེད་པའི་སྤྱང་རྒན་དམར་ལྡིང་ཚོིའི་ཆོ་ངེ
ད་དུང་རས་དམར་པོའི་སྟེང་གི་ཡིག་འབྲུ་ནག་པོ་དེ་དག
བསམ་གཞིགས་ཀྱི་བར་སྟོང་ནས་ངའི་ཡ་ཁོག་ནི་ཡར་ཀླུང་ཁོག་ལས་ཆེ་བ་གདོན་མི་ཟ
ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༡༥ ཉིན།