འབྲོག་རུ་ཆོས་གྲགས།
སྐད་ཡིག་ཚགས་པར་སྤྱིའི་འདོན་ཐེངས་བརྒྱད་དེ་ང་ཚོའི་ལུས་ཀྱི་དཀའ་ངལ་དང་སེམས་ཀྱི་ངལ་དུབ་ཁྲོད་ནས་རང་གི་ཉིན་རེ་འཚོ་བའི་ཁྲོད་ཀྱི་ཇ་བཏུང་བྱེད་དང་ཟས་བཟའ་བྱེད་སོགས་ཁབ་གསོག་འབུག་གསོག་བྱས་ནས་པར་བསྐྲུན་བྱས་ཏེ། སྤྱི་ཚོགས་སྟེང་སླེབས་དུས། བསྟོད་བསྔགས་ཀྱི་མཐེ་བོང་བསྒྲེངས་ནས་རྔན་པ་ཧིན་སྒོར་ཆིག་སྟོང་ལྔ་བརྒྱ་སྤྲོད་མཁན་ཡང་བྱུང་སོང་ལ། དམོད་ཚིག་གི་མཛུབ་ཆུང་མདུན་དུ་བསྟན་ནས་ལས་སྟངས་དེས་བོད་ཡིག་ཉམས་རྒུད་དུ་འགྲོ་བར་ཁ་སྣོན་བྱ་ཚུལ་ཡང་བྱུང་སོང༌། གང་ལྟར་ཡང༌། ང་ཚོ་ལམ་ཀ་འདིར་འགྲོ་ངེས་ཡིན། བོད་སྐད་ཡིག་གི་ཚེ་སྲོག་སྐྱོབས་ཆེད་ལྐུག་པའི་བརྟུལ་ཞུགས་བཟུང་བའི་ཡིན་མདོག་མདོག་གིས་མི་མང་ལ་གསལ་བསྒྲགས་དང་མཛུབ་སྟོན་གནང་བཞིན་པའི་བོད་སྐད་ཡིག་ནང་བྲིས་པའི་ཡིག་ཆ་དེ་དག་ཐེར་འདོན་བྱེད་ཞོར་ལམ་ཀ་འདིར་འགྲོ་ངེས་ཡིན།
སྐད་ཡིག་ཚགས་པར་འདོན་ཐེངས་བརྒྱད་པ་བཏོན་ཚར་བའི་བདུན་ཕྲག་གསུམ་གྱི་རྗེས་ནས་ང་རང་ལས་དོན་ཞིག་གི་ཆེད། ཡོངས་གླིང་སློབ་གྲྭའི་ནང་སོང་བ་ཡིན། དེར་དགོས་དབང་གིས་སྤྱི་མཐུས་ཤིག་དང་འཕྲད་སོང༌། ངེད་གཉིས་ཀྱིས་ལབ་གླེང་ཅུང་ཙམ་བྱས་རྗེས། ཁོང་གིས་བརྗོད་གཞི་གཞན་པ་ཞིག་གླེང་སོང༌། དེ་ནི་སྐད་ཡིག་ཚགས་པར་སྤྱིའི་འདོན་ཐེངས་བརྒྱད་པའི་སྐོར་རེད། སྤྱི་འཐུས་དེས་ང་ལ་བརྗོད་རྒྱུར། ཁྱེད་ཅག་གི་སྐད་ཡིག་ཚགས་པར་འདོན་ཐེངས་བརྒྱད་པ་དེས་ངའི་སྤོབས་པ་ཉམས་སུ་བཅུག་སོང་ཟེར། ངས་གང་ཡིན་གྱི་སྐད་ཆ་དྲིས་དུས་ཁོང་གིས།
སྤྱིར་བཏང་ང་རང་བོད་ཡིག་ཐོག་ཡག་པོ་མེད། ཡིན་ནའང༌། ནམ་རྒྱུན་ང་རང་ངའི་གློག་ཀླད་མདུན་ཡོང་ནས་བོད་ཡིག་གི་ནང་སྙན་ཞུ་གང་རུང་ཞིག་འབྲི་དགོས་ཀྱང་དོགས་པ་དང་ཐེ་ཚོམ་རྩ་བ་ཉིད་ནས་མེད། རང་ཉིད་ཀྱིས་གདེང་ཚོད་ཡོད་པའི་སྒོ་ནས་འབྲི་ཐུབ་ཀྱིན་ཡོད། ཡིན་ནའང༌། ཁྱེད་ཅག་གིས་བཏོན་པའི་སྐད་ཡིག་ཚགས་པར་འདོན་ཐེངས་བརྒྱད་པའི་མདུན་ངོས་ཀྱི་ཡིག་ནོར་ཐེར་འདོན་བྱས་པ་དེ་དག་མཐོང་ནས་བཟུང་ངའི་བློ་སྤོབས་ཉམས་སོང༌། རང་ཉིད་གློག་ཀླད་མདུན་ཡོང་ནས་བོད་ཡིག་ནང་སྙན་ཞུ་དང། ཡང་ན་ཡིག་ཆ་གང་རུང་ཞིག་འབྲི་དུས་ཐེ་ཚོམ་དང་དོགས་པ་མང་བོ་ཡོང་ནས་བོད་ཡིག་ནང་འབྲི་རྒྱུའི་སྤོབས་པ་དེ་ཉམས་དུ་བཅུག་སོང༌། གལ་སྲིད་ཁྱེད་ཅག་གིས་ལས་དོན་དེ་མུ་མཐུད་དུ་སྤེལ་ན་བོད་ཡིག་ནང་རྩོམ་འབྲི་མཁན་དང་བོད་ཡིག་ནང་ཡི་གེ་འབྲི་མཁན་ཉུང་དུ་འགྲོ་རྒྱུའི་ཉེན་ཁ་འདུག་ཟེར་ཞོར་ཕྱོགས་གཞན་ཞིག་ནས་བལྟས་ན་ཡག་པོ་ཡོད་པའི་བསམ་ཚུལ་ཡང་བཤད་བྱུང༌།
སྐབས་དེར་ལས་བྲེལ་གྱི་དབང་གིས་ངས་ཁོང་ལ་དེར་མཚུངས་ཀྱི་ལན་ཞིག་བཏབས་ནས་བཞག་པ་ཡིན།
དྲང་མོར་བཤད་ན། ཉི་མ་དེར་ང་ལ་ལས་དོན་ཞིག་བསྒྲུབ་རྒྱུ་ལྷག་ཡོད་པས་ སྐད་ཆ་དེ་བཤད་རྗེས་ངས་དེའི་སྐོར་ལ་བསམ་བློ་ནན་མོ་ཞིག་གཏོང་ཐུབ་མ་སོང༌། དགོང་མོ་ཕྱིར་ནང་ལ་ཡོང་ནས་སྐད་ཆ་དེར་ཡང་འདང་བསྐྱར་འདང་བརྒྱབས་པ་ཡིན། སྐད་ཆ་དེས་ང་ཚོའི་ཁ་ལ་བྱང་ཡང་རྒྱུད་ན་མེད་པའི་བོད་སྐད་ཡིག་གི་ཚེ་སྲོག་གོང་འཕེལ་དང་བོད་ཀྱི་རིག་གནས་སྲུང་སྐྱོབས་བྱས་པའི་སྐད་ཆ་དེའི་རྒྱབ་ལྗོངས་ཏོག་ཙམ་རྟོགས་སོང༌། བོད་ཀྱི་མཐོ་རིམ་མི་སྣ་ཚོས་ངག་ལ་གོམས་ཀྱང་སེམས་ན་མེད་པའི་བོད་ཀྱི་རིག་གནས་རྒྱུན་འཛིན་དང་དར་སྤེལ་ཞེས་པའི་རྫིག་མདོག་མདོག་གི་གཏམ་བཤད་དེ་ཚོའི་ནང་དོན་ཅུང་ཙམ་རྟོགས་སོང༌།
ཡིན་ནའང༌། ང་ཚོ་འགྲོ་ངེས་ཡིན། ལམ་ཀ་འདི་ན་དུག་ཚེར་དང་གྲི་མདུང་མང་བོ་ཤེས་བཞིན་དུ་གདམས་པ་ཡིན། ལས་དོན་འདིར་དགའ་མོས་དང་འདུན་པ་ཡོད་མཁན་ཚང་མས་ས་ཕྱོགས་གང་ནས་ཡིན་ཡང་ཡིག་ནོར་མང་བའི་སྒོ་བྱང་དང་གསལ་བསྒྲགས་སྙན་ཞུ་སོགས་ཁུངས་སྐྱེལ་ར་སྤྲོད་ཡོད་པའི་ཐོག་ནས་གཤམ་གྱི་ཁ་བྱང་ཐོག་སྐད་ཡིག་ཚགས་པར་རྩོམ་སྒྲིག་ཁང་ལ་བསྐུར་རོགས་གནོང༌།
T.language@yahoo.in, choedak007@gmail.com
འབྲོག་རུ་ཆོས་གྲགས་ཀྱིས་གུས་པས།
འབྲོག་རུ་ཆོས་གྲགས་ལགས། ཧ་ཧ། ཁྱེད་ཡོངས་གླིང་སློབ་གྲྭར་སྤྱི་འཐུས་སྤྱི་རྒྱུ་སྒེར་བདག་ཟླ་བ་ཚེ་རིང་དང་ཐུག་པར་སོང་བ་དང༌། ཁྱེད་ཚོས་ཁོའི་སྐབས་དེའི་རྣམ་འགྱུར་ནི། ཁོའི་ཁ་གཏད་ཡོད་ན་མེད་ན་པ་སངས་ཚེ་དབང་གི་ཡིག་ནོར་ལ་སྐྱོན་བརྗོད་བྱས་པར་ཁོ་དགའ་པོ་བྱུང་བའི་རྣམ་འགྱུར་བསྟན་པ་རེད། ཅིག་བྱས་ན་ཁྱོད་ཀྱིས་དེའི་རྒྱབ་ལྗོངས་ཤེས་ཡོད་ཀྱི་མ་རེད། ཁོའི་སེམས་ལ་ཁྱེད་ཀྱང་ཁོའི་རྗེས་འབྲངས་པ་ཞིག་རེད་འདུག་བསམ་ནས་དགའ་པོ་བྱུང་ཡོད་ངེས་རེད། འོན་ཀྱང་སྒོར་ཆིག་སྟོང་ལྔ་བརྒྱ་སྤྲོད་མཁན་དེ་ཁོ་མིན་པར་ཤོག
སྥྱིར་ཡིན་ན་ཨམ་མདོ་པ་ཚོ་བོད་ཡིག་ཡག་པོ་ཡིན་པའི་བཤད་སྲོད་ཞིག་ཡོངས་གྲགས་ཡིན་མོལ། དེངས་སང་རང་གི་སྐད་ཡིག་ཐོག་ལས་ཀ་བྱེད་བཞིན་པ། དཔེར་ན ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་དཔལ་ལྡན་རྒྱལ་སོགས་གཞིས་ཆགས་ཁག་ཅིག་གི དྲ་ངོས་དང་བརྒྱངས་སྲིང་རླུང་འཕྲིན་ལ་བལྟ་དུས། ཡིག་ནོར་དང་ཚིག་ཉོག་གྲངས་ཀྱིས་མི་ཆོད་པ་འདི་། བོད་ནང་གི་རྒྱ་ཆེས་མང་ཚོགས་ཀྱིས་བལྟས་ན ། ཀློག་མི་ཤེས་པའི་ཁར། ཉན་ན་སྒྲ་མི་གསལ་པ། ཧ་ཅང་ཐབས་སྡུག་གི་བྱ་སྲོད་འདི་དག་ལེགས་བཅོས་དང་། སྤུས་ཀ་ཇེ་ལེགས་སུ་གཏོང་རྒྱུར ། དེ་ཀ་ལས་ཁུངས་སུ་བསམ་ཚུལ་གང་མང་སྤེལ་རྒྱུ་གལ།
འབའ་ལུ་གུ་ལགས་དཔལ་ལྡན་རྒྱལ་གཞིས་ཆགས་མ་རེད་། རང་ཉིད་ཀྱི་བྲིས་པའི་མཆན་གྱིས་ཡིག་ནོར་གྲངས་ཀ་ཞིག་རྩིས་ནས་། མི་ལ་སློབ་སྟོན་གནང་རོགས་། སྐུ་མཁྱེན་།
ཁོ་གཞིས་ཆགས་མིན་རུང་ཨམ་མདོ་རེད་། རླུང་འཕྲིན་དྲ་ངོས་ལ་བལྟས་ན་ངོ་ཚ་དགོས་པ་ཞིག་རེད་། ངའི་རེ་བ་མི་མང་གི་བསམ་ཚུལ་སྤེལ་རྒྱུ་ལས་རྩོད་པ་བརྒྱག་རྒྱུ་དེ་མ་རེད་།
ཁོ་གཞིས་ཆགས་མིན་རུང་ཨམ་མདོ་རེད་། རླུང་འཕྲིན་དྲ་ངོས་ལ་བལྟས་ན་ངོ་ཚ་དགོས་པ་ཞིག་རེད་། ངའི་རེ་བ་མི་མང་གི་བསམ་ཚུལ་སྤེལ་རྒྱུ་ལས་རྩོད་པ་བརྒྱག་རྒྱུ་དེ་མ་རེད་།