ཉིན་ཤས་ཀྱི་སྔོན་ལ། སྐུ་ཞུབས་ལུང་རིགས་རྒྱལ་ལགས་ནས་བསྟན་འཛིན་ལགས་ཀྱི་རྩོམ་” བོད་ཀྱི་རང་དབང་ལས་འགུལ་ཡུན་གནས་ཐུབ་པའི་ལམ་གཅིག”ཅེས་པར་ཡིག་ནོར་འགའ་རེ་བྱུང་བ་ལ་སྐྱོན་བརྗོད་ཅིག་གནང་ཡོད་པར། སྐུ་ཞབས་ཟུར་ལྟ་ལགས་ཀྱིས་བོད་ཀྱི་རྒྱལ་ཁབ་ཕུང་བར་བྱེད་མཁན་ཡིག་ནོར་མིན་ལ་སྔ་རྒོལ་དང་ཕྱི་རྒོལ་གཉིས་ཡུལ་གཞན་དུ་འཁྱམ་དུ་འཇུག་མཁན་ཡང་ཡིག་ནོར་མིན་ཚུལ་གསུངས་ནས་ཀླན་ཀ་མཛད་ཡོད་པ་དེ་བཀླགས་ནས་ཕྲན་ལ་བསམ་ཚུལ་རེ་བྱུང་བ་གཤམ་གསལ།
ངས་སྒྲུང་ཞིག་བཤད། སྔོན་མ་ཕག་གྲུ་བྱང་ཆུབ་རྒྱལ་མཚན་གྱིས་འཁོར་གཡོག་ཅིག་ལ་རྟ་ཞིག་འཁྲིད་ཡོང་རྒྱུའི་བཀའ་འབེབས་སྐབས་ས་སྟ་བྲིས། འཁོར་གཡོག་དེས་རྟ་ཞིག་ཁྲིད་ཡོང་ནས་ཕག་གྲུ་བྱང་ཆུབ་རྒྱལ་མཚན་ལ་ཁོང་གིས་ས་སྟ་བྲིས་འདུག་ཅེས་པར། ཕག་གྲུབ་བྱང་ཆུབ་རྒྱལ་མཚན་གྱིས་”ངས་ར་རྟ་བྲིས་ན་ཡང་རྟ་ཞིག་ཁྲིད་ཡོང་རྒྱུ་རེད། ས་སྟ་བྲིས་ན་ཡང་རྟ་ཞིག་འཁྲིད་ཡོང་རྒྱུ་མ་གཏོགས་གཞན་ཅི་ཞིག་ཁྲིད་ཡོང་རྒྱུ་ཡོད་ཅེས་ཀླན་ཀ་མཛད་སྐད།
ད་དུང་གོ་ཐོས་ལ། པཎ་ཆེན་སྐུ་གོང་མས་སྐད་གྲགས་ཅན་གྱི་ཡིག་འབྲུ་ཁྲི་བདུན་ཟིན་བྲིས་གནང་ཚར་ནས། དེ་ལ་རྒྱབ་སྐྱོར་ཐོབ་ཆེད་སྐབས་དེའི་བོད་པ་མི་ཆེན་རྣམས་ལ་བསྟན་པར། དགེ་བཤེས་ཤེས་རབ་རྒྱ་མཚོ་ཚང་གིས་དེའི་ནང་དོན་ལ་རྒྱབ་སྐྱོར་གྱི་རྣམ་འགྱུར་ཅི་ཡང་མ་བསྟན་པར། པཎ་ཆེན་རིན་པོ་ཆེ་ལ་དག་ཆ་དང་བརྡ་སྤྲོད་བཅས་ལ་སློབ་གཉེར་ཡག་པོ་གནང་དགོས་པའི་བསླབ་བྱ་གནང་སྐད།
ཕག་གྲུ་བྱང་ཆུབ་རྒྱལ་མཚན་གྱིས་ས་སྟ་དང་ར་རྟ་ཡི་རྣམ་དབྱེ་མི་འབྱེད་ཀྱང་ས་སྐྱ་པའི་ལག་ནས་སྲིད་དབང་འཕྲོག་ཐུབ་པ་རེད། པཎ་ཆེན་སྐུ་གོང་མའི་ཡིག་འབྲུ་ཁྲི་བདུན་མའི་ནང་དུ་ཡིག་ནོར་ཡོད་ལས་ཆེ་ཡང་དེས་སྐབས་དེའི་གུང་ཁྲན་ཏང་གི་གཡོན་ཐལ་ཆེ་བའི་སྲིད་ཇུས་ལ་སྐྱོན་བརྗོད་དང་བོད་ཀྱི་སྡུག་བསྔལ་དམར་རྗེན་དུ་སྟོན་ཐུབ་ཡོད་པ་རེད། བོད་རྒྱལ་ཁབ་ཕུང་བ་དང་ཡིག་ནོར་རེ་ཟུང་གི་བར་ན་འབྲེལ་བ་མེད་པ་ནི་སྨོས་ཅི་དགོས། ལུང་རིགས་རྒྱལ་ལགས་ནས་ཀྱང་ཡིག་ནོར་བྲིས་ནས་བོད་རྒྱལ་ཁབ་ཕུང་བ་དང་ང་ཚོ་མི་ཡུལ་དུ་འཁྱམས་དགོས་བྱུང་བ་རེད་ཅེས་བརྗོད་མི་འདུག
འོ་ན་ཡིག་ནོར་བྲིས་ནས་རྒྱལ་ཁབ་མི་ཕུང་བ་རྒྱུ་མཚན་དུ་བྱས་ནས་ཡིག་ནོར་རྒྱ་ཡན་དུ་གཏོང་རྒྱུ་ཡིན་ནམ། འདི་ནི་ངས་བལྟས་ན་སྐུ་ཞབས་ཟུར་ལྟ་ལགས་ཀྱིས་ཀྱང་མོས་མཐུན་གནང་གི་མ་རེད། ཡིག་ནོར་བྲིས་ནས་རྒྱལ་ཁབ་མི་ཕུང་ན་ཡང་། ཡིག་ནོར་རྒྱ་ཡན་དུ་ཤོར་ན་ཉིན་ཞིག་སྐད་ཡིག་གི་སྤུས་ཀ་ལ་གནོད་རྒྱུ་ནི་རྩོད་མེད་ཅིག་རེད། ང་ལ་མཚོན་ན་ཡིག་ནོར་བྲིས་ནས་རྒྱལ་ཁབ་ཕུང་བའི་གཏམ་ཐོས་མ་མྱོང་ཡང་། ཡིག་ནོར་རྒྱ་ཡན་དུ་གཏོང་བའི་སྟོབས་ཅན་གྱི་རྒྱལ་ཁབ་ཅིག་ཡོད་སྐད་ཀྱང་ཐོས་མ་མྱོང་། ང་ཚོ་མང་ཆེ་བ་ལ་རྒྱུས་ཡོད་པའི་སྐད་ཡིག་ནི་རྒྱ་ཡིག་དང་དབྱིན་ཡིག་གཉིས་རེད། སྐུ་ཞབས་ཟུར་ལྟ་ཁྱེད་ཀྱིས་དགོངས་བཞེས་ཤིག་གནང་དང་། རྒྱ་མི་ཞིག་དང་དབྱིན་ཇི་ཞིག་གིས་སྤྱི་འཐུས་ལ་སྤྱི་ཐུས་དང་། རྩོད་པ་ལ་བརྩོད་པ་ཟེར་བ་ལྟ་བུའི་རྒྱུན་སྤྱོད་ཀྱི་ཐ་སྙད་ལ་ཡང་ཡིག་ནོར་དུ་འབྲི་སྲིད་དམ། ཁོ་ཚོ་ཕར་ཞོག ང་ཚོ་བོད་པ་སྐད་ཡིག་དེ་གཉིས་སྤྱོད་མཁན་རྣམས་ཀྱིས་ཀྱང་དེ་འདྲའི་དག་ཆ་ནོར་བ་ངོ་ཚར་བརྩིས་ནས་ནོར་དུ་འཇུག་རྒྱུ་མ་རེད་སྙམ། མ་གཞི་དེང་སང་བོད་པ་མང་པོས་བོད་ཡིག་གི་ཡིག་ནོར་འབྲི་བ་ལ་ཅི་ཡང་མི་སྙམ་ཞིང་། དབྱིན་ཡིག་དང་རྒྱ་ཡིག་གི་དག་ཆ་ལ་བརྩི་མཐོང་ཆེ་བ་འདི་ཡང་བོད་ཡིག་གི་ཁ་རྗེ་དབང་ཐང་ཉམས་བཞིན་པའི་མཚོན་རྟགས་ཤིག་མ་ཡིན་ནམ།
བསྟན་འཛིན་ལགས་ཀྱི་རྩོམ་”བོད་ཀྱི་རང་དབང་ལས་འགུལ་ཡུན་གནས་ཐུབ་པའི་ལམ་གཅིག“ཟེར་བ་དོན་རྩ་ཆེ་ཞིང་། རྗོད་བདེ་ཀློག་བདེ་ཡི་རྩོམ་ཞིག་ཡིན་པའི་ཁར། ཟུར་ལྟ་ལགས་ཀྱིས་བཤད་པ་ནང་བཞིན་ཡིག་ནོར་རེ་ཟུང་ཙམ་ལས་མང་པོ་ཡང་མ་རེད། འོན་ཀྱང་ཡིག་ནོར་བྱུང་བ་དེ་དག་ནི་གོང་དུ་སོང་བ་ལྟར་སྤྱི་འཐུས་ལ་སྤྱི་ཐུས་དང་། འཐུས་མི་ལ་ཐུས་མི། རྩོད་པ་ལ་བརྩོད་པ་ལྟ་བུ་ཡིག་ནོར་འབྱུང་མི་འོས་པ་ཤ་སྟག་རེད། བསྟན་འཛིན་ལགས་ནས་ཆབ་སྲིད་ཀྱི་གནད་འགག་ཆེན་པོ་དེ་ལྟ་བུ་ཞིག་གི་ཐོག་ལ་རང་གི་ལྟ་བ་གསལ་པོར་ཚིག་སྦྱོར་དུ་འདྲེན་ཐུབ་བཞིན་དུ་འདི་འདྲའི་རྒྱུན་བཀོལ་གྱི་མིང་བརྡའི་དག་ཆ་མཁྱེན་གྱི་མི་འདུག་ཅེ་ན་ཅུང་ཡིད་ཆེས་ཁག་པོ་ཞིག་འདུག ཡིན་པ་ནི་དག་ཆ་ལ་སྣང་ཆུང་བྱས་པ་ལས་བྱུང་བ་དང་། གལ་སྲིད་བསྟན་འཛིན་ལགས་ཀྱིས་རྩོམ་འདི་མ་སྤེལ་སྔོན་ལ་སྐྱར་ཀློག་གནང་ཡོད་ན་ཡིག་ནོར་དེ་དག་སྤོང་ཐུབ་ཡོད་ཀྱི་སྙམ།
ཡིག་ནོར་སྐྱོན་འདོན་་བྱས་པ་ལ་ཚིག་མཛིང་བྱེད་པ་ལས་ཡིག་ནོར་འགོག་ཐབས་ལ་འབད་བརྩོན་རེ་གནང་ཐུབ་ན་དེ་ནི་ཡ་རབས་ཀྱི་སྤྱོད་ལམ་ཞིག་མ་ཡིན་ནམ། འདི་ལྟ་བུ་ལ་ཚིག་འཛིང་གིས་ཁྱེད་རང་ཐོབ་སྲིད་ན་ཡང་དེ་ནི་སེམས་ལ་སྐྱིད་སྣང་སྟེར་བའི་རྒྱལ་ཁ་ཞིག་ནི་ཡིན་མི་སྲིད།
དེ་ཡག་པོ་འདུག་སྙམ
སྐྱོན་ལ་སྐྱོན་ལེན་དང་བཟང་ལ་བཟང་ལེན་ཡོད་ན་ཤིན་དུ་ལེགས
སྐུ་ཞབས་ལུང་རིགས་ཀྱིས་གསུངས་པ་དེ་ལ་དགའ་སུ་ཡོད།