བོད་ལྕགས་ཡོས་ལོའི་ནང་། རྒྱལ་གཅེས་དཔའ་བོ་དང་དཔའ་མོ་ཚོས་རང་ལུས་མེར་བསྲེགས་ཀྱི་ལམ་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་ལས་འགུལ་རིམ་བསྟུད་དུ་སྤེལ་བའི་བྱུང་བ་འདི་ནི། བོད་ཀྱི་ལོ་རྒྱུས་ལེའུ་གསར་པ་ཞིག་ཆགས་ཡོད་ཅིང་། མདོ་སྨད་བཙན་རྒོལ་བདེན་རྒྱབ་མནའ་འབྲེལ་རྩོམ་སྒྲིག་ཚོགས་ཆུང་གི་ངོས་ནས། དམིགས་བསལ་བྱུང་རབས་འདི་ལོ་རྒྱུས་ཡིག་ཚགས་ནང་འགོད་རྒྱུ་གཙོ་འདོན་ཞུས་པའི་ཡིག་ཚགས་ལོ་རྒྱུས་ཀྱི་དེབ་༼ལྕགས་ཡོས་བཙན་རྒོལ་མེ་ལྕེ༽ཞེས་པ་ཡོངས་ཁྱབ་དཔར་འགྲེམས་ཀྱི་མཛད་སྒོ་དེ་བཞིན། དེ་རིང་ཕྱི་ཚེས་ ༡༦ ཉིན། བཙན་བྱོལ་བོད་གཞུང་ཕྱི་དྲིལ་ལས་ཁུངས་ཀྱི་ལྷག་པ་ཚེ་རིང་ཚོགས་ཁང་དུ། དཔལ་ལྡན་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་གིས་དབུ་འབྱེད་གནང་ཡོད།
དེབ་འདིའི་ནང་། བོད་ཕྱི་ནང་གཉིས་སུ་རང་ལུས་མེར་བསྲེགས་ཀྱི་ལམ་ནས་རྒྱ་ནག་གཞུང་ལ་ལས་འགུལ་སྤེལ་རིམ་དང་། སྒོས་ཀྱི་དབང་དུ་བྱས་ཏེ་རང་ལུས་མེར་བསྲེགས་ལས་འགུལ་རིམ་བསྟུད་བྱུང་བ་དེ་དག་གི་རྗེས་འབྲེལ་བོད་ནང་དང་། བཙན་བྱོལ་བོད་མིའི་སྤྱི་ཚོགས། དེ་བཞིན་རྒྱལ་སྤྱིའི་ནང་བཅས་སུ་ལས་འགུལ་སྤེལ་རིམ། ཕྱོགས་མཚུངས་རྒྱལ་ཁབ་ཁག་གི་དབུ་ཁྲིད་དང་གཞུང་། ཚོགས་སྡེ་སོགས་ཀྱིས་རྒྱབ་སྐྱོར་གནང་རིམ་བཅས་མདོར་ན། འདས་པའི་ལོ་ངོ་གཅིག་རིང་གི་བོད་དོན་ལས་འགུལ་སྐོར་ཆ་ཚང་འདུས་པའི་ཡིག་ཚགས་ལོ་རྒྱུས་ཀྱི་གླེགས་བམ་ཞིག་ཡིན། ཁྱོན་བསྡོམས་ཤོག་ངོས་བཞི་བརྒྱ་ལྔ་བཅུ་ལྷག་ཡོད་པ་དང་། དེའི་ནང་ལས་འགུལ་སྐོར་དང་འབྲེལ་བའི་འདྲ་པར་མང་པོ་ཞིག་ཀྱང་བརྗོད་གཞིའི་སྐབས་མཚམས་དག་ཏུ་ཆེད་འགོད་དང་། དེབ་ཀྱི་མཇུག་ཏུ་ཚོན་ལྡན་འདྲ་པར་གྱི་ཚན་པ་ཞིག་ཆེད་འགོད་ཞུས་ཡོད།
མདོ་སྨད་བཙན་རྒོལ་བདེན་རྒྱབ་མནའ་འབྲེལ་རྩོམ་སྒྲིག་ཚོགས་ཆུང་འདིས། ཉེ་བའི་ལོ་ངོ་བཅུའི་རིང་། པཎ་ཆེན་སྐུ་ཕྲེང་བཅུ་བའི་མཛད་རྣམ༼བདེན་པའི་རང་མདངས་གསལ་བའི་མེ་ལོང་།༽ གོང་ས་མཆོག་གི་མཛད་རྣམ༼འོད་སྟོང་འབར་བའི་མི་ཚེ།༽ རྒྱལ་བ་ཡབ་སྲས་རྣམ་གཉིས་ལ་བསྟོད་རྩོམ་ཕྱོགས་བསྒྲིགས༼དད་གདུང་ཉི་ཟླའི་མཆོད་ཕྲེང༽ དོལ་རྒྱལ་གྱི་གླེང་སྐོར་ལ་ཞིབ་འཇུག་དཔྱད་དེབ་༼གཡལ་སེལ་མེ་ལོང་། (དེབ་འདི་རྒྱ་ཡིག་ནང་དུའང་དཔར་འགྲེམས་ཞུས་ཡོད) ༽ས་བྱི་ལོ་སྟེ་ཕྱི་ལོ་ ༢༠༠༨ ལོའི་ཞི་རྒོལ་ཆེན་མོ་ལས་མདོ་སྨད་ཕྱོགས་ནས་ལས་འགུལ་ཅི་སྤེལ་ཡིག་ཚགས་ཀྱི་ངོ་བོར་ཆེད་བསྒྲིགས་ཞུས་པ༼ས་བྱི་ཞི་རྒོལ་ཆེན་མོ། (དེབ་འདི་དབྱིན་ཡིག་ནང་དུའང་དཔར་འགྲེམས་ཞུས་ཡོད) གཞིས་བཞུགས་ཤེས་ཡོན་པ་ཞོགས་དུང་གིས་ས་བྱི་ཞི་རྒོལ ཆེན་མོའི་སྐོར་བརྗོད་གཞིར་བྱས་ནས་བརྩམས་པའི་དེབ༼གནམ་ས་གོ་འབྱེད༽བཙན་བྱོལ་སྤྱི་ཚོགས་ནང་ཡོངས་ཁྱབ་དཔར་འགྲེམས། གོང་ས་མཆོག་གི་མཛད་རྣམ་བརྙན་དེབ༼འཇིག་རྟེན་མིག་འབྱེད༽ དེ་རིང་དབུ་འབྱེད་བྱས་པའི་དེབ༼ལྕགས་ཡོས་བཙན་རྒོལ་མེ་ལྕེ༽་བཅས་རིམ་འཛར་དུ་རྩོམ་སྒྲིག་དང་དཔར་འགྲེམས་ཞུས་ཡོད།
ཧ་ལས་པའི་ཡག་པོ་རེད། རྗེས་སུ་ཡི་རང་ཡོད།
ཕྱི་མཐོང་བ་ཙམ་ལས་དངོས་སུ་ཀློག་ཐུབ་མ་སོང་། བཞུགས་ནས་དུས་ཚོད་ཡོད་ན་ལྟ་རྒྱུ་ཡིན་རྩོམ་སྒྲིགས་པ་རྩོམ་གནང་མཁན་ལ་ཐུགས་རྗེ་ཆེ་ཞུ། འདིས་ཡང་བོད་ཀྱི་བོད་མིའི་མངོན་འདོད་ལ་རྒྱབ་སྐྱོར་ངེས་ཅན་ཞིག་ཐོབ་ཐུབ་པའི་རེ་བ་ཡོད།
རྩོམ་སྒྲིག་ཚོགས་མི་ལྷན་རྒྱས་ལ་བཀའ་དྲན་ཆེ་ཞུ་འདོད་བྱུང་། མ་གཞི་དེ་རིང་ཁྱེད་རང་མདོ་སྨད་གྱི་ཤེས་ཡོན་པ་རྣམ་ཀྱི་གལ་ཆེན་དོན་འདིའི་ཞོལ་ཏུ་དངོས་ཡོད་དབྱིན་དཀྲུགས་རང་བཞིན་མང་པོ་ཁ་གསལ་དང་ལན་འདེབས་ཆགས་འདུག། དེ་སྔོན་རྒྱ་ནག་ནས་སྙན་ངག་པ་འོད་ཟེར་ལགས་དང་དམིགས་བསལ་མདོ་སྔགས་ལགས་ཀྱི་བཀའ་ཁྲི་མཆོག་ལ་སྟོན་པའི་དྲི་བར་ལེན་འདེབས་གཉིས་པ་ཞིག་གནང་འདུག།
ངས་ནམ་རྒྱུན་རང་གཞན་ཚང་མར་འདི་འདྲ་ཞིག་ལབ་ཀི་ཡོད། ང་ཚོ་བཙན་བྱོལ་བ་དང་ལྷག་པར་དུ་རང་གཞུང་གི་ངོས་ནས། ཅིས་ཀྱང་བོད་ནང་གི་རྒྱལ་གཅེས་པ་སྟེ་རང་ལུས་མེར་བསྲེགས་མཁན་དག་གི་བྱས་འབྲེལ་སོགས་ཡལ་བར་མ་དོར་བ་ལོ་རྒྱུས་ཡིག་ཚགས་ཤིག་གི་ངོར་ཅིས་ཀྱང་འཇོག་ཐུབ་པ་དགོས་པའི་འབོད་སྐུལ་ནི། གོ་སྐབས་གང་བྱུང་ནས་ཞུ་གི་ཡོད་མོད། ཡིན་ཡང་གཞུང་གིས་དེ་ལ་དོ་སྣང་སྤྲོད་ཀི་མི་འདུག ད་ལན་མདོ་སྨད་རྩོམ་སྒྲིག་ཚོགས་ཆུང་གིས་དངོས་གནས་གླེང་རིན་ཡོད་པ་དང་ལྟ་རིན་པའི་ཡོད་པའི་ལོ་རྒྱུས་ཡིག་ཚང་《ལྕགས་ཡོས་བཙན་རྒོལ་མེ་ལྕེ།》ཞེས་པའི་ལོ་རྒྱུས་ཡིག་ཚང་ཆེན་པོ་ཞིག་ཕྱོགས་བསྒྲིགས་དང་དཔར་བསྐྲུན་གནང་འདུག དངོས་གནས་ཐུགས་རྗེ་ཆེ་ཞུ། ད་དུང་ཀློག་སྐལ་མ་བྱུང་ཡང་རྗེས་ནས་ཀློག་སྐལ་བྱུང་བའི་རེ་བ་ཡོད། གོ་ཐོས་ལ་མདོ་སྨད་རྩོམ་སྒྲིག་ཚོགས་ཆུང་འདིར་དངོས་གནས་ཤེས་ཡོན་ཚད་ལྡན་ཡོད་མཁན་རྐྱང་རེད་ཟེར། ཤེས་ཡོན་ཚད་ལྡན་ཡོད་མཁན་ཚོས་འདི་ལྟ་བུའི་ལས་དོན་རླབས་ཆེན་བསྒྲུབས་ཡོང་དུས། སྤྲོ་བ་དང་སེམས་ཤུགས་ཡོང་བ་ཞིག་རེད། ཁོང་ཚོས་སྔར་དཔར་བསྐྲུན་བྱས་པའི་《ས་བྱི་ཞི་རྒོལ་ཆེན་མོ་》དང་《མཛད་རྣམ་འོད་སྟོང་འབར་བའི་མི་ཚེ་》《དོལ་རྒྱལ་སྐོར་གྱི་གཡའ་སེལ་མེ་ལོང་》《སྐུ་པར་འཇིག་རྟེན་མི་འབྱེད་》སོགས་བལྟ་ཀློག་གི་གོ་སྐབས་བྱུང་བས། རྒྱལ་སྤྱིའི་ཐོག་ངོམ་རིན་ཡོད་པའི་དེབ་རྐྱང་རེད་འདུག ད་ལན་འདི་ཡང་དེ་བཞིན་ཡོད་པའི་རེ་བ་དང་སྨོན་འདུན་ཡོད། ཐུགས་རྗེ་ཆེ། ཤེས་ཡོན་པ་ཟེར་ན་འདི་འདྲ་ཞིག་དགོས་རེད།
མཛད་རྗེས་ལ་ལེགས་གསོ་ཞུ། ཁྱོད་རྣམས་ཀྱིས་རྩོམ་སྒྲིག་གནང་བའི་ས་བྱི་ཞི་རྒོལ་ཆེན་མོ་དང་ལྕགས་ཡོས་བཙན་རྒོལ་མེ་ལྕེ་གཉིས་ཕུལ་དུ་བྱུང་བ་ཞིག་རེད་ལ་རྣག་ཐོག་བཙག་ཁེལ་རེད། འོན་ཀྱང་༸རྒྱལ་བ་༸པཎ་ཆེན་གཉིས་ཀྱི་མཛད་རྣམ་དང་འབྲེལ་བའི་ནང་དོན་གྱི་མི་སྣ་འགར་རྒྱ་གཞུང་གིས་བཏོན་པའི་བོད་ཀྱི་རྒྱུ་ཆ་བདམས་བསྒྲིགས་ཞེས་པ་དང་ལྟ་ཚུལ་གཅིག་ཏུ་སོང་འདུག་པ། ཁས་ལེན་དཀའ། ༸རྒྱལ་བ་༸པཎ་ཆེན་ལ་བསྟོད་དགོས་ལ་བཀའ་བཞིན་སྒྲུབ་པའི་མཆོད་པ་འབུལ་དགོས་པ་སྨོས་མེད་རེད། ད་བར་དེའི་ཐད་ནས་ཀྱང་ཁྱོད་ཚོར་ལེགས་གསོ་ཞུ། འོན་ཀྱང་༸རྒྱལ་བ་༸པཎ་ཆེན་གཉིས་མདོ་སྨད་དུ་འཁྲུངས་པའི་རྒྱུ་མཚན་གྱིས་འུད་བསྟོད་ཆེ་དྲག་ན། མིའི་རྣ་བར་འགྲོ་བ་དཀའ་མོ་གདའ།
ཡག་པོ་རེད། མུ་མཐུད་ནས་འབྲི་སྤེལ་བྱ་དགོས་རེད། ད་ུང་ཉུང་དྲགས་པའི་སྐཡོན་ལས། མང་དྲགས་པའི་སྐྱོན་མེད་པ་རྒྱ་གཞུང་གིས་དྲིལ་བསྒྲགས་ལ་ལྟོས་དང་།
དགའ་པོ་བྱུང ཐུགས་རྗེ་ཆེ