༼སྣང་ཚུལ་འགའ་རེར་རྐྱེན་བྱས་ཏེ་སྙིགས་དུས་ཚད་མའི་སྟོན་པ་༸རྒྱལ་དབང་ཐམས་ཅད་མཁྱེན་པའི་སྐུ་ངལ་སེམས་ལ་ལྷུང་རྗེས།༽
ཤིས་ཚང་ལྗང་མྱུག(འབྲས་སྒོ་མང་།)
༼༡༽
མཚོ་ཆེན་གྱི་སྙིང་གར་བཞད་པའི་ཡིག་འབྲུ་གསུམ་གྱི་གསང་བ་དང་། གསང་བ་དེའི་གསེང་དུ་སྦྲུམ་པའི་མཛེས་སྡུག་ཉིད་ལས། ང་ཚོས་རྡུལ་གྱིས་ཟིན་པའི་པོ་ཏཱ་ལའི་གསེར་ཁྲི་ལ་གཟི་དཔལ་རྒྱས་ཤིང་། སྟོང་ཞིང་འཇགས་པའི་ཤམ་བྷ་ལའི་རི་གྲོང་ལ་ཉི་འོད་འཕྲོ་ངེས་པའི་བརྡ་རྟགས་ཐོག་མར་རྙེད། སྐབས་དེར། ཁྱེད་ཉིད་འཚོལ་བའི་འགྲུལ་བཞུད་པ་ཚོས་ཤར་ཙོང་ལ་རིང་མོའི་རུ་སྒོ་ཉུལ་ཏེ། ཡིག་འབྲུ་གསུམ་གྱི་གསང་བ་ཡིད་ཆེས་ཀྱིས་འཚོལ་བར་སྙེགས་དུས། ཁྱེད་ཀྱིས་སྔ་མོ་ནས་བྱམས་བརྩེའི་བདག་ཉིད་ཅན་གྱི་སྐྱེད་མ་རླབས་ཆེན་ཞིག་གི་མངལ་སྒོ་བརྟོལ་ཟིན་ལ། ཕྱི་རོལ་དུ་རྩེད་འཇོར་གཡེང་བའི་བྱིས་པ་སྣབས་ལུག་འགའི་ཁྲོད་དུ་མི་ཡུལ་ལ་ཆེས་ཐོག་མའི་ཞབས་རྗེས་ཀྱི་མེ་ཏོག་ཀྱང་སྤར་ཟིན། དུས་དེ་ནི། ང་ཚོར་མཚོན་ན། གདུང་ཡུས་དང་མིག་ཆུས་སྐྱོམ་པའི་རི་གྲོང་དེར་སླར་ཡང་ཉི་འོད་ཀྱི་ཟིལ་ཤུགས་མཆེད་པའི་ནམ་ཟླ་ཞིག་གསར་དུ་ཚེས་པའི་དུས་ཚིགས་ཡིན།
༼༢༽
ཡིད་འོང་སྙན་འཇེབས་ཀྱི་རོལ་དབྱངས་དང་བསྡོངས་ཏེ། སྐྱ་མི་སྟོང་ཕྲག་གི་བསུ་བ་དང་འགྲོགས་ཏེ། ཁྱེད་ཀྱིས་ཞིང་གྲོང་གི་བརྩེ་བར་ཕྱི་ཕྱག་བགྱིས་ཏེ། ཉི་འོད་གྲོང་ཁྱེར་གྱི་མཁའ་དབྱིངས་ཁད་ཀྱིས་བསྙེགས་དུས། སྐྱིད་ཆུའི་བྲང་གཞུང་དུ་སླར་ཡང་གསེར་མིག་གི་དགོད་སྒྲ་འཁྱིལ་ཞིང་། གཙང་བོའི་འབབ་ཁུགས་སུ་བསྐྱར་དུ་སྤྲོ་སྣང་གི་རླབས་རིས་རྩེན། བར་སྐོར་གླིང་དང་ལྕགས་པོ་རིའི་ཁོར་ཡུག་སོགས་སུ། དད་འདུན་གྱི་སྒྲ་དབྱངས་ཤུགས་ཀྱིས་འཕུར་ཅིང་། དུས་དེར། ལག་ཟུང་གས་པའི་སློང་མོ་བའི་མིག་མདངས་ཀྱང་དགའ་སྤྲོ་དང་དགོད་སྒྲ་ཁོ་ནས་གཏམས། དུས་ཚིགས་དེ་ནི། སྐུ་དྲག་ཚོའི་ཤོ་རྡེའུ་ལ་སྒྲ་སྐད་མཐོ་བའི་ལོ་ཟླ་ཞིག་གི་ཐ་མ་རེད་ལ། ཨེ་ཤ་ཡའི་ལྟེ་སྙིང་ལ་དྲོད་ཐིགས་སྦྲུམ་པའི་ནམ་ཟླ་ཞིག་གི་འགོ་མའང་རེད།
༼༣༽
ལོ་ཟླ་གསོན་ཤུགས་ཀྱིས་བརྟས་ཤིང་། དགུན་གཞུང་གྲང་ངར་ལས་གྱེས་དུས། ཤར་ཕྱོགས་ནས་ལྡང་བའི་རླུང་འཚུབ་དེ་དང་། མཁའ་མཐའ་ནས་མངོན་པའི་སྤྲིན་ནག་ལེབ་མོ་དེ། ཙག་ཤད་བུ་ཡུག་འཚུབ་པའི་ལྟས་དང་རྟགས་སུ་ཡང་ཡང་འཁོར་ཀྱང་། སྐུ་དྲག་ཚོའི་སྒོ་འགྲམ་ན་མཛེས་མ་དང་ཝུ་ཆང་གི་གསོལ་སྟོན་འཛད་པ་མེད་པས། གློ་བུར་དུ་འབབ་པའི་ཆར་ཐིགས་དེ་ཡང་སུ་ཞིག་གི་ཁྲག་ལ་རྔམ་པའི་ཇུས་གཞི་ཞིག་གི་འགུལ་སྟངས་ཡིན་པ་ག་ལ་ཚོར། ཙག་དང་བསེར་བུའི་གཞི་མར་གྱུར་པའི་ཁ་སེར་གཏིང་ནག་གི་སྤྲིན་པའི་འཇབ་རྒོལ་དེ། སུ་ཞིག་གི་གཞིས་ཁམས་དང་བར་ཐག་ཇེ་ཉེ་ཇེ་ཉེ་དང་། མངོན་གསལ་ཇེ་དོད་ཇེ་དོད་དུ་ཕྱིན་པ་ན། ད་གཟོད། ཆོས་སྲིད་ཀྱི་ཁ་ལོ་སྒྱུར་པོའི་ལྗིད་ཏིག་ཏིག་གི་འགན་འཁྲི་ཞིག་ཁྱེད་ཁོ་ནའི་དཔུང་དང་ཕྲག་པར་ཐབས་ཀྱིས་བཀལ་ཅིང་། ཁ་གཡང་དང་གསོལ་འདེབས་ལྷན་དུ་བརྒྱུས་པའི་ཞུ་སྙན་གྱི་ཕྲེང་བ་རིང་མོ་ཞིག་ཁྱེད་ཁོ་ནའི་མགུལ་དང་སྙན་ལ་མཉམ་དུ་བསྒྲོན། དུས་དེར། ཁྱེད་ཀྱིས་བཙན་པོའི་ཕོ་བྲང་གི་ཡང་སྟེང་དང་། ནོར་གླིང་སྐྱེད་ཚལ་གྱི་ར་བ་ནས་གཟིགས་རྒྱང་རིང་བའི་ཕུགས་འདུན་གྱི་འཆར་བཀོད་ཟབ་མོ་ཞིག་སེམས་ཀྱི་རི་མོར་ཡང་ཡང་ཕབ་དགོས་བྱུང་། འདི་ནི་ཁྱེད་ཀྱིས་གསུངས་པའི་ཁྱེད་ཉིད་མི་སྒེར་གྱི་ཐོབ་ཐང་ཕྲོགས་པའི་ལོ་ཟླ་དེའི་འགོ་མ་རེད།
༼༤༽
གྲང་ཤུར་ཤུར་གྱི་མཚན་མོ་ཞིག་ལ། འཁྱག་སིབ་སིབ་ཀྱི་ཐུགས་ཁྲལ་ལྕི་མོས། ཞེན་ཆགས་གངས་་ལ་འཁྲེང་བཞིན་གསང་བའི་ལམ་བུར་ཞུགས་ཤིང་། དཀའ་སྡུག་ཞབས་ཀྱིས་བཅགས་ཏེ་གནའ་བོའི་རྒྱལ་ཁབ་ཅིག་སྐྱབས་རོགས་དཔུང་རོགས་སུ་འཐོབ་པ་ནི། ཁྱེད་ཁོ་ནའི་ཐུགས་སྟོབས་ཀྱི་དཔལ་འབར་བའི་བྱིན་རླབས་ཡིན་ལ། ཁྱེད་ཁོ་ནའི་བྱམས་བརྩེའི་ཕྱག་བརྡ་མཚོན་པའི་འགུལ་རིས་ཡིན། དུས་དེ་ནས། ཁྱེད་ཉིད་སའི་གོ་ལའི་དཀྱིལ་དང་མཐའ། ཤར་དང་ནུབ་ཀུན་ཏུ་སུ་ལའང་མཁོ་བའི་མིའི་རིགས་ཀྱི་བྱམས་བརྩེའི་བདག་ཉིད་དེ་ཡིན་པར་འགྱུར་འགོ་ཚུགས་ཤིང་། ཡ་གླིང་དང་ཨོ་གླིང་སོགས་མིའི་རིགས་ཀྱི་ཞི་བདེའི་བརྟན་ལྷིང་གི་འདྲེན་པའང་ཁྱེད་ཉིད་ཡིན་པར་ཐུན་མོང་གིས་ཤེས་འགོ་བརྩམས། དེ་ལྟར་ཁྱེད་ཀྱི་ཐུགས་དགོངས་ནམ་མཁའ་ལྟར་མཐའ་ཡས་ཏེ། ནམ་མཁའི་རྒྱ་ཁྱོན་ལ་བརྡ་འཕྲིན་འཕྲུལ་རིག་གིས་ཀྱང་ཚད་འཇལ་མི་ནུས། ཁྱེད་ཀྱི་བྱམས་བརྩེ་ཉི་འོད་ལྟར་ཁྱབ་ཆེ་སྟེ། ཉི་མའི་འོད་གཤིས་ལ་གོ་ལའི་ཉིན་སྲིབ་དབྱེ་བའི་ཕྱོགས་རིས་བྲལ། ཁྱེད་ཉིད་བཞུད་ཅིང་སྙེགས་པའི་ཞབས་རྗེས་རེ་རེ་ན་འཇིག་རྟེན་ཡོམ་ཡོམ་སྒུལ་བའི་བརྩེ་བ་རྒྱ་མཚོའི་རླབས་རྒྱུན་རིང་ཞིང་། ཁྱེད་ཉིད་བཞད་ཅིང་འཛུམ་པའི་ཕྱི་མིག་རེ་རེ་ན་སེམས་རྩ་དྲོད་དུ་སྒྱུར་བའི་ཞི་བདེ་བདུད་རྩིའི་ཟིལ་དངར་མཆིས། དེ་ལྟ་ནའང་། ཐུང་ཞིང་ལྐུགས་པའི་ངའི་སྨྲ་ལྕེས་ཁྱེད་ཀྱི་སྐུའི་གསང་གསུམ་གྱི་མཛད་པའི་ཆ་ཤས་ཙམ་རེ་ཡང་རྗོད་པའི་ངལ་བ་ག་ལ་ཐེག ག་ལ་ཐེག
༼༥༽
བྱིའུ་ཕྲུག་ཚང་ནས་སྙོར་སྙོར། བུ་ཕྲུག་མལ་ནས་གཅེས་གཅེས། ས་མཐའི་སྡོང་མགོའི་ཚང་མལ་ནས་མི་ལོ་ལྔ་བཅུའི་ལོ་ཡི་འཁོར་མོ་ཡུག་གཅིག་ཏུ་སྦྲེལ་བའི་གོ་རིམ་ཁྲོད། བཙན་པོའི་གདུང་རྒྱུད་ཀྱི་ཚོ་ཁག་ཅིག་གི་དམིགས་དོན་གླེང་བཞིན་སྙེགས་བཞིན། རྐང་ཐང་སློང་མོར་ཆས་པའི་ཉམས་སྣང་ལྟ་བུས། མཐེ་བོང་གྱེན་ལ་ཀེར་བའི་སྤྲང་ཉམས་ལྟ་བུས། ཁྱེད་ཁོ་ནས། སུ་ཞིག་གི་ཆེད་དུ། ཅི་ཞིག་གི་དོན་དུ། བདེན་པའི་དབྱངས་ལ་ཞེན་པའི་སྐྱེ་བོ་ཁྲི་མ་འབུམ་གྱི་མིག་དང་རྣ་བའི་སྒོ་མོ་ཡང་ཡང་བརྡུངས་ཤིང་། ཕྱོགས་རིས་ཨ་འཐས་སུ་སྦྲུམ་པའི་རྨོངས་ཞེན་ཁྲི་ཕྲག་དུ་མའི་མ་རིག་ལོག་རྟོག་གི་རྩ་བ། བཞད་འཛུམ་གཅིག་དང་ཕྱག་བརྡ་གཅིག་གིས་རྩད་ནས་བྲུས་ཤིང་དྲུངས་ནས་ཕྱུངས། དེ་ལྟ་ནའང་། ཁྱེད་ཁོ་ན་འགྲོ་འཆག་ཉལ་འདུག་གི་གཞི་རུ་བཏིངས་པའི་མི་ལ་ལས། སྐབས་དང་མཚམས་རེེར། རྒན་མོའི་ཅོ་འཛིང་དང་། ཁྱི་མོའི་དམར་འཛིང་ལྟ་བུའི་ཕྱི་འཇམ་ནང་རྩུབ་ཀྱི་ལས་ཀྱི་སྦྱོར་བ་ཕྱོགས་དང་མཚམས་ནས་བརྩམས་དུས། ཁྱེད་ལ་ཐུགས་ཕམ་དང་སུན་སྣང་ག་ཚོད་ཅིག་བསྐུར་མྱོང་ཨང་། ཁྱེད་ལ་ཡི་ཆད་དང་སྐྱོ་སྣང་ག་ཚོད་ཅིག་བསླངས་མྱོང་ཨང་།
༼༦༽
ད་དུང་དེས་ག་ལ་ཚད་དེ། ཁྱེད་ཀྱིས་བྱམས་བྱམས་དུང་དུང་གིས་ངེད་བོད་འབངས་ཡོངས་ལ་གསོལ་རས་སུ་བསྩལ་པའི་རིན་བྲལ་གྱི་དམངས་གཙོའི་ཐོབ་ཐང་དེ། སྤྱི་ཚོགས་འདིའི་གྲྭ་གྲུ་ཟ་ཟུར་རེ་ན། སྐབས་ལ་རེར་མིའི་དགའ་སྡུག་ཤན་འབྱེད་ཀྱི་ལག་ཆར་བཀོལ་གྱིན་འདུག་ལ། མཚམས་ལ་རེར་མིའི་རང་རྒྱལ་གཞན་ཕམ་གྱི་རྩེད་ཆས་སུ་འགྱུར་གྱིན་འདུག དོན་དམ་པར་ཁྱེད་ཉིད་དེ། འཕགས་མཆོག་འཇིག་རྟེན་དབང་ཕྱུག་གི་ཐུགས་མཁྱེན་པའི་ཡེ་ཤེས་ལ་སུ་དང་གང་ཞིག་མ་རྟོགས་མ་ཤེས་པ་ཡོང་མི་སྲིད་མོད། སྐུ་ཉིད་ཀྱི་གདུལ་བྱར་རློམ་པའི་དད་གུས་ཐལ་སྦྱོར་ལ་མཁས་པ་འགའ་རེས་མངོན་ལྐོག་རྒྱབ་མདུན་ཅི་རིགས་ནས་སྐུ་ཉིད་ལ་མགོ་སྐོར་གཏོང་གིན་འདུག སྐུ་ཉིད་ལ་སྐྱག་རྫུན་འཁྲབ་ཀྱིན་འདུག སྐུ་ཉིད་ཀྱིས་བྱམས་བརྩེའི་ཕྱག་གིས་གནང་བའི་དམངས་གཙོའི་གསོལ་རས་རྩེད་ཆས་བྱེད་ཀྱིན་འདུག འདི་ནི་སྐུ་ཉིད་ཀྱི་ཐུགས་དང་སྙན་གྱིས་བཟོད་ནུས་ནའང་། ང་ལྟ་བུ་མངོན་ལྐོག་རྒྱབ་མདུན་དང་མགོ་བདེ་དྲན་འཕྲུལ་ལ་སྐྱུག་མེར་ལངས་པའི་བོད་ཕྲུག་གླེན་པ་འགར་མཚོན་ན། སེམས་ཀྱི་མཁའ་ལ་འཁྱུག་པའི་གཟེར་ཤད་དང་། ཚོར་བའི་གཏིང་ལ་བསྣུན་པའི་ན་ཟུག་ཆེས་ཆེ་ཤོས་དེ་ཡིན་ནོ།།
༢༠༡༠།༡༡།༡༦ ཉིན།