ཚེ་མཆོག་སྐྱབས།
བོད་བཙན་པོའི་སྐབས་ཀྱི་ཡིག་རྙིང་ཁག་དང་རྡོ་རིང་ཡི་གེ ཏུན་ཧོང་རིག་པའི་དགའ་ཚལ་ལས་ཐོན་པའི་ཡིག་རྙིང་ཁག་དང་། བྲག་ངོས་ཡི་གེ་སོགས་སུ་ཐུན་མོང་དུ་བརྡ་རྙིང་གི་ཡི་གེའི་ཁྱད་ཆོས་སུ་ཡོད་པ་ནི་གི་གུ་ཕྱིར་ལྡོག་ཡིན་ལ། གི་གུ་ཕྱིར་ལྡོག་ནི་བརྡ་གསར་རྙིང་(བརྡ་གསལ་རྙིང་ནི་བཙན་པོ་ཁྲི་རལ་ཅན་གྱི་སྔ་གཞུག་གི་ཡི་གེ་ལ་ཟེར་བ་ཡིན། བཙན་པོ་རལ་བ་ཅན་གྱི་སྐབས་དང་དེའི་གོང་གི་ཡི་གེ་ལ་བརྡ་རྙིང་དང་། སྐད་བཅད་གསུམ་པའི་གཞུག་གི་ཡི་གེ་ནི་བརྡ་གསལ་བར་བཞག་པའོ།།) གི་ཁྱད་པར་འབྱེད་བྱེད་ཀྱི་ཁྱད་རྟགས་མངོན་གསལ་ཞིག་ཀྱང་ཡིན། ཡིན་ནའང་། གི་གུ་ཕྱིར་ལྡོག་གིས་དོན་གང་ཞིག་སྟོན་པའམ། སྒྲ་གདངས་ཀྱི་ཚད་རབ་འབྲིང་ཅི་ཞིག་ཡིན་མིན་གྱི་ཐད་ལ་བཞེད་དགོངས་མི་མཐུན་པ་མང་པོ་ཞིག་འདུག་མོད། ཕལ་ཆེར་ཕྱོགས་འདི་དག་གི་ནང་ལ་འདུ།
༡) ཨྀ་ཡིག་ནི་ལྷའི་དབང་པོ་བརྒྱ་བྱིན་གྱི་སྤྱན་མིག་གཡས་པ་འདྲ་བ་དང་། གི་གུ་ཨི་ཡིག་ནི་ལྷའི་དབང་བོ་བརྒྱ་བྱིན་གྱི་སྤྱན་མིག་གཡོན་པ་འདྲ་བས་གི་གུ་སྔ་ལོག་དང་ཕྱི་ལོག་གཉིས་ལ་བརྒྱ་བྱིན་མིག་ཅེས་འདྲ་དཔེར་བཀོད་དོ།། ཨྀ་ཡིག་དང་ཨི་ཡིག་གཉིས་ནི་ལྷའི་དབང་པོ་བརྒྱ་བྱིན་གྱི་སྤྱན་མིག་གཡས་གཡོན་གཉིས་དང་འདྲ་བའི་ཁྱད་པར་ཙམ་ལས་དོན་བྱེད་ནུས་པའི་ཐད་ལ་ཁྱད་པར་ཅི་ཡང་མེད།
༢) གི་གུ་ཕྱིར་ལྡོག་ཅན་དེ་ནི། རྒྱ་གར་གྱི་གནའ་བོའི་ཡི་གེ་སྟེ་སྔགས་ཡིག་གི་དབྱངས་དང་འདྲ་བར་སྒྲ་གདངས་རིང་བའི་སྒོ་ནས་བཀླག་དགོས་ཤིག་དང་ཡང་ན་གི་གུ་གཉིས་པོ་དེ་ཕན་ཚུན་མི་ནོར་བའི་ཆེད་དུ་བྱས་པ་མ་ཡིན་པར། བོད་རང་གི་ཡི་གེའི་དབྱངས་ཡིག་བཞི་ལས་གི་གུའི་ཀློག་སྟངས་དང་འདྲ་ཞིང་བཀོལ་སྲོལ་ཡང་དེ་ལྟར་ཡིན་པ་ལག་ལེན་གྱི་ཁྲོད་ར་སྤྲོད་བྱུང་བ་མ་ཟད། དེ་ལྟར་བརྗོད་ན་བོད་ཀྱི་བརྡ་སྤྲོད་རིག་པའི་གཞུང་དང་ཀུན་ནས་མཐུན་ཞིང་གནས་ལུགས་ཀྱང་དེ་འདྲ་ཡིན། དེ་བས་གནའ་ཡིག་ཏུ་བྱུང་བའི་གི་གུ་དང་གི་གུ་ཕྱིར་ལྡོག་ཅན་གཉིས་གཅིག་འདྲ་ཡིན་ཞེས་བཤད་ཆོག
༣) གི་གུ་ཕྱིར་ལྡོག་དེའང་གི་གུ་མགྱོགས་བྲིས་བྱས་པ་ལས་ཐོན་པའི་འདུ་ཤེས་སྐྱེས་ཏེ། འབྲི་རིམ་གཅིག་གིས་བྲིས་ཚེ་ཐོག་མ“ ི”དང་“ ེ ”ནས། བར་དུ་“ ེ ”དང་“ ྀ ”མཐའ་མར “ ྀ”“ ྀ ”ལྟར་བྱུང་བ་ཡིན་པར་འདོད། ( འབྲི་རིམ་གཅིག་གིས་བྲིས་པའི་རི་མོ་འོག་ན་གསལ ️ )
༤) ཡིག་རྙིང་སོགས་སུ་བྱུང་བའི་གི་གུ་ཕྱིར་ལོག་ནི་༼སྨྲ་སྒོ་མཚོན་ཆ༽ ལས་བསྟན་པའི་བསྒྲིམས་དང་གློད་པའི་ང་རོ་ཅན་༼རྀ་ལྀ་༽ གཉིས་ཀྱིས་མཚོན་ཐུབ་བོ།།
བོད་བཙན་པོའི་སྐབས་ཀྱི་ཡིག་རྙིང་ལ་ཞིབ་འཇུག་དང་དཔྱད་པ་ཞིབ་མོར་གཏོང་རྒྱུ་ནི་སྐབས་དེའི་བརྡ་སྤྲོད་ཀྱི་ཆོས་ཉིད་དང་། ཆབ་དཔལ་རིག་གསུམ་སོགས་ཀྱི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་པར་ངེས་པར་བརྒྱུད་དགོས་པའི་ལམ་ཁ་ཞིག་ཡིན་ལ། དེ་བཞིན་དུ་ཡིག་རྙིང་ནང་གི་“ གི་གུ་ཕྱིར་ལོག་གམ་ཕྱིར་ལྡོག་ ”གིས་ཀྱང་དོན་གང་ཞིག་བསྟན་པའམ་སྒྲ་གདངས་ག་འདྲ་ཞིག་ཡིན་པ་ལ་དཔྱད་པའམ་འཚོལ་ཞིབ་བྱེད་རྒྱུ་དེའང་བརྡ་རྙིང་ཡིག་ཆར་ཞིབ་འཇུག་བྱེད་མཁན་ཞིག་ལ་མཚོན་ན་ཉམས་འཇོག་བྱེད་དགོས་ངེས་ཀྱི་གནད་འགངས་ཆེན་ཞིག་ཡིན་འདུག
བོད་བཙན་པོའི་སྐབས་ཀྱི་ཡིག་རྙིང་ལས་བྱུང་བའི་གི་གུ་ཕྱིར་ལོག་ལ་ནུས་པའམ་དོན་མེད་པ་ཞིག་མིན་པར་འདོད་དེ། གོང་གི་བཞེད་དགོངས་མི་མཐུན་པ་འགའ་ལས། རང་གི་འཐད་ཕྱོགས་སམ་གནས་ལུགས་དང་ཁུངས་ཡོད་ས་བོ་དེ་ནི་ཆེས་མཐའ་མའི་( ༤ ) བཞེད་དགོངས་དེ་ཡིན་པར་འདོད་དེ། དེ་ཡང་༼ སྨྲ་སྒོ་མཚོན་ཆ༽ དང་། རྒྱ་གར་གནའ་བོའི་ཡི་གེ་སྟེ་བསྔགས་ཡིག་གི་དབྱངས་ཡིག་སོགས་སུ་ཁུངས་གཏུགས་ཏེ་ཅུང་ཞིབ་པར་སྨྲས་ཁུལ་བགྱིས་ན། བོད་ཀྱི་བརྡ་སྤྲོད་པའི་བསྟན་བཅོས་སྔ་ཤོས་པཎྚི་སྨྲི་ཏིའི ( དྲན་པ་ཡེ་ཤེས ) ༼ སྨྲ་སྒོ་མཚོན་ཆ ༽ ལས། “ སྨྲ་བའི་ཡན་ལག་རྫོགས་དོན་དུ།། ངག་གི་འདུ་བྱེད་གང་དེ་ཡི།། ཚོགས་པ་བདག་གིས་བཤད་པར་བྱ།། ཁོག་པ་མགྲིན་པ་རྐན་དང་ལྕེ།། སྣ་དང་སྤྱི་བོ་སོ་དང་མཆུ།། སྤྱི་དང་རེ་རེའི་ཆ་དག་ལས།། ཕྲད་དང་ཅུང་ཟད་ཕྲད་པ་དང་།། དོག་པ་དང་ནི་ཡངས་པ་དང་།། དྲང་པོ་བསྒྲེང་དང་བཀུག་པ་དང་།། བསྟོད་པ་དང་ནི་སྨད་པ་དང་།། བསྒྲིམས་དང་གློད་པའི་ང་རོ་འབྱུང་།། ”ཞེས་བསྟན་པ་དང་།
རོང་ཟོམ་ཆོས་བཟང་གི་༼ སྨྲ་སྒོའི་འགྲེལ་བ༽ ལས་“ དེ་ལ་དྲང་པོ་ནི་ཨའོ།། བསྒྲེང་པ་ནི་ཨེའོ།། བཀུག་པ་ནི་ཨིའོ།། བསྟོད་པ་ནི་ཨོའོ།། སྨད་པ་ནི་ཨུའོ།། བསྒྲིམས་པ་ནི་རྀའོ།། གློད་པ་ནི་ལྀའོ།། ”ཞེས་སྒྲ་གདངས་བསྒྲིམས་པ་དང་གློད་པ་དབྱངས་ཡིག་རྀ་ལྀ་གཉིས་ཀྱིས་མཚོན་པ་ཤེས་ཐུབ་ལ། ཡང་སྣར་ཐང་ལོ་ཙཱ་པའི་༼ བསྔགས་བཀླག་ཐབས ༽ ལས་“ ཨ་ཀུ་ཧ་ཀྈ་ནམ་མཁའི་ཁམས།། མགྲིན་པའི་གནས་ལས་སྐྱེ་བ་ཡིན།། ཨི་ཙུ་ཡ་ཤ་རླུང་གི་ཁམས།། ལྕེ་རྩེ་སོ་རྐན་དག་ལས་སྐྱེ།། རྀ་ཊུ་ར་ཥ་མེ་ཡི་ཁམས།། སྤྱི་བོ་དག་ལས་སྐྱེ་བ་ཡིན།། ཨུ་པཱུ་ཝ་པྉ་ཆུ་ཡི་ཁམས།། མཆུ་ཡི་གནས་ལས་སྐྱེ་བ་ཡིན།། ལྀ་ཏུ་ལ་ས་ས་ཡི་ཁམས།། ལྕེ་རྩེ་སོ་ལས་སྐྱེ་བ་ཡིན།། ”ཞེས་རྒྱ་གར་གྱི་དབྱངས་ཡིག་ཨའི་སྐྱེ་གནས་མགྲིན་པ་དང་། ཨིའི་སྐྱེ་གནས་ལྕེ་རྩེ་སོ་རྐན་ཡིན་པ། རྀའི་སྐྱེ་གནས་སྤྱི་བོ་ཡིན་པ། ཨུའི་སྐྱེ་གནས་མཆུ་ཡིན་པ། ལྀའི་སྐྱེ་གནས་ལྕེ་རྩེ་སོ་ཡིན་པ་གསལ་པོར་ཡིན་པས། དབྱངས་ཡིག་རྀ་ལྀ་གཉིས་ནི་དབྱངས་ཡིག་ཨི་ལ་སོགས་དང་གདངས་སོ་སོ་ཡིན་པ་ཤེས་ཐུབ་འདུག ཡང་བསྔགས་ཡིག་ནང་དུ་དབྱངས་ཡིག་ངོས་འཛིན་སྐབས་“ ཐུང་ངུ་ཨ་ཨི་ཨུ་རྀ་ལྀ།། རིང་པོ་ཨཱ་ཨཱི་ཨཱུ་རཱྀ་དང་།། ཨེ་ཨཻ་དང་ཨོ་ཨཽ་རྣམ་པ་བརྒྱད།། དེ་སྟེང་ལྀ་མཐར་པ་ལུ་ཏ(྅)།། དགུ་པོ་ཤིན་ཏུ་རིང་པོའོ།། ”ཞེས་པ་ལྟ་བུ་སོགས་ལས་དབྱངས་ཡིག་དེ་དག་གི་སྒྲ་གདངས་སོ་སོ་བ་ཡིན་པ་ཤེས་ཐུབ་བོ།།
མདོར་ན། གི་གུ་ཕྱིར་ལོག་ནི་བསྒྲིམས་དང་གློད་པའི་ང་རོ་ཅན་དང་། སྤྱི་བོ་དང་ལྕེ་རྩེའི་སྐྱེ་གནས་ཅན་ཞིག་ཡིན་པས། གདངས་ཀྱི་སྒོ་ནས་དབྱངས་ཡིག་ཨི་ཨུ་ཨེ་ཨོ་སོགས་དང་སོ་སོ་བ་ཡིན་པར་མ་ཟད། གི་གུ་ཕྱིར་ལོག་གཉིས༼ རྀ་ལྀ་ ༽ ཀྱང་སོ་སོ་ཡིན་པ་ཤེས་ཐུབ། ཡིན་ནའང་། བོད་ཀྱི་ཡི་གེ་མང་པོ་ཞིག་དིང་སང་གདངས་དག་པར་ཐོན་པ་ཅུང་དཀའ་འདུག དཔེར་ན་ཨི་ཨུའི་དབྱངས་ཡིག་དང་རྔ་ལྔ་ལྟ་བུའི་མགོ་ཅན་སོགས་ལ་ཁྱད་པར་ཧ་ལམ་མེད་(ཨ་མདོའི་སྐད་ལས) པ་སོགས་མང་པོ་ཡོད་པ་བཞིན་དེ་དག་གི་སྐྱེ་གནས་དང་བཀླག་སྟངས་སོགས་སྤྱིར་བོད་ཀྱི་བརྡ་སྤྲོད་ཀྱི་ཡིག་ཆ་ཁག་དང་༼བྱིས་པ་བདེ་འཇུག་༽ སོགས་སུ་གསལ་མོད། ད་བར་མདོ་དབུས་ཁམས་གསུམ་གྱི་སྐད་ལ་ཁྱད་པར་ཅུང་རེ་ཡོད་པ་བཞིན་མདོ་དབུས་ཁམས་གསུམ་གྱི་ཀློག་སྟངས་ལ་ཡང་ཁྱད་པ་ཅུང་རེ་ཡོད་པས་གང་ནི་དག་པ་དང་གང་ནི་མི་དག་ཡིན་པ་ནི་ད་རུང་བཤད་ཁག་པོ་ཡིན་ཚོད་རེད་པས། དེང་སྐབས་བརྡ་རྙིང་ནང་གི་“ གི་གུ་ཕྱིར་ལོག་”གི་གདངས་དག་པ་ཞིག་འདི་རེད་ཀོ་ཞེས་བརྗོད་ཐབས་མེད་འདུག
འོན་ཏང་༼ སྨྲ་སྒོ ༽ སོགས་ཁུངས་བགྱིས་ན། གི་གུ་དང་གི་གུ་ཕྱིར་ལྡོག་གཉིས་ཀྱི་སྒྲ་གདངས་ཀྱི་སྒོ་ནས་ཁྱད་མེད་པའམ་གཅིག་མཚུངས་ཤིག་མིན་པ་ཤེས་ཐུབ་འདུག་པས། གཅིག་མཚུངས་སུ་བལྟ་མི་རིགས་སོ།།
༼ སྒྲ་གདངས་ཀྱི་སྒོ་ནས་གི་གུ་དང་གི་གུ་ཕྱིར་ལོག་གཉིས་ལ་ཁྱད་ཡོད་ཅེས་ཕལ་ཆེལ་བརྗོད་ཆོག་ལ། གཞན་ཡང་ཁ་ཇེ་གསལ་དང་འགྲེལ་རྒྱག་སྟངས་མང་པོ་ཡོད་སྲིད་པས་དེ་དག་ལ་གཟིགས་པར་ཞུའོ། དེ་མིན་གི་གུ་ཕྱིར་ལོག་གི་དོན་གྱི་སྒོ་ནས་ཅོལ་ཆུང་ངས་ད་རུང་ཅི་ཡང་བཤད་ཤེས་མ་སོང་བས་རེ་ཞིག་བཞག་པ་ཡིན་ནོ།། ༽
མཆན: འདི་ནི་རང་གི་བརྗེད་ཐོའི་ཚུལ་དུ་བྲིས་པ་ཡིན་པས་མི་འགྲིག་མི་འདང་ས་རེ་ཡོད་ངེས་པས་ཀུན་པོས་བཟོད་གསོལ་དང་བསམ་འཆར་རེར་གདོན་པར་སྙིང་ནས་གུས་འདུད་ཞུ་ཞུའོ།།
རྩོམ་ཡིག་འདི་ནི་ཁྱི་རྔ་ལ་འདོགས་རྒྱུ་འདྲ་ཞིག་རེད་འདུག
བོད་ཀྱི་ཡིག་རྙིང་ལ་ཞིབ་འཇུག་ཡག་པོ་གནང་བར་ཐུགས་རྗེ་ཆེ་བཀྲིན་ཆེ་།
ཡང་རྒྱ་གར།།།།།།།།། ད་བསྐྱར་ལོག་ཡང་ལོག་བྲིས་པ་རང་རེད།