རླངས་སྔགས࿈
ཡིག་སྒྱུར་ནི་ཤེས་བྱའི་ཁོར་ཡུག་ན་གོ་ས་ཆེན་པོ་ཞིག་བཟུང་ཡོད་པའི་མཁས་པའི་བྱ་བ་ཞིག་ཡིན། འཛམ་གླིང་གི་རྒྱལ་ཁབ་གང་སར། གཞན་གྱི་ཡིག་རིགས་དང་སྐད་རིགས་ནང་ཡོད་པའི་བརྗོད་བྱ་རིན་ཐང་ཅན། རྩོམ་རིག་དང་ཟློས་གར། འཕྲོད་བསྟེན་དང་ཁོར་ཡུག ཆབ་སྲིད། དཔལ་འབྱོར་སོགས་ཕྱི་དངོས་པོའི་རིག་གནས་དང་། ནང་སེམས་ཁམས་དང་འབྲེལ་བའི་རིག་གནས་མང་པོ་ཞིག་ཡིག་སྒྱུར་ལ་བརྟེན་ནས་ཐུན་མོང་གི་སྤྱོད་བྱའི་རྣམ་པ་ཆགས་པར་བྱེད་ཀྱིན་ཡོད།
ཡང་ཕྱོགས་གཞན་ཞིག་ནས་བཤད་ན། ཡིག་བསྒྱུར་གྱི་དགོས་མཁོ་དང་དམིགས་ཡུལ་ནི་གཅིག་གྱུར་ཞིག་གཏན་ནས་མིན། རིགས་གཅིག་སྐྱེས་བུ་སྒེར་གྱི་འདོད་མོས་དང་། ཡང་ན། ཞིབ་འཇུག་གི་ཆ་རྐྱེན་གྱི་ཆེད་དུ་བསྒྱུར་བ། རིགས་གཅིག་ཚོགས་སྡེ་ཁག་གི་རེ་སྐུལ་དང་རྒྱབ་གཉེར་ལ་བརྟེན་ནས་བསྒྱུར་བ། རིགས་གཅིག་ལྟ་གྲུབ་དང་བསམ་བློའི་མངོན་འདོད་ཆེད་བསྒྱུར་བ། རིགས་གཅིག་སྲིད་དང་དབང་ཤུགས་ལ་བརྟེན་ནས་བསྒྱུར་བ་སོགས་རྣམ་པ་སྣ་ཚོགས་ཤིག་ཆགས་ཡོད།
རང་རེ་བོད་ལ་མཚོན་ན། ཐོན་མི་སམབྷོ་ཊ་དང་ཡང་ན་བཻ་རོ་ཙཱ་ན་དང་ཀ་ཅོག་ཞང་གསུམ་སོགས་ལོ་ཙཱ་བ་བརྒྱ་རྩ་བྱོན་པ་ཁོང་ཚོས་རྒྱལ་བོའི་བཀའ་མངགས་ལ་བརྟེན་ནས་རྒྱ་གར་དུ་ཕེབས་ཏེ། ཐོག་མར་ལེགས་སྦྱར་གྱི་སྐད་སྦྱངས་ཤིང་། དེ་ནས་རིམ་པས་ནང་པའི་རིག་གནས་གཙོ་བོར་གྱུར་པའི་རིག་གནས་མང་པོ་མཁས་པར་སྦྱངས་ཡོད་པ་རེད། ཕྱིས་སུའང་རྒྱལ་པོའི་ཐུགས་བཀོད་ལྟར་ལོ་ཙཱ་བའི་ལས་ཁུར་བཞེས་ནས་ཕྱག་ལས་མང་པོ་ཞིག་གནང་ཡོད། ཡིན་ནའང་། ལོ་ཙཱ་བའི་ལས་ཁུར་དེ་ཁོང་ཚོའི་འདོད་བློ་དང་འཚམས་པའི་ཕྱག་ལས་ཤིག་ཡིན་པར་ཁ་ཚོད་བཅད་ནས་སྨྲ་མི་ཐུབ་པ་ཞིག་ཆགས་ཡོད། བཻ་རོ་ཙཱ་ནར་མཚོན་ན། ཁོང་གིས་ལེགས་སྦྱར་གཙོས་སྐད་རིགས་སྣ་མང་བྱང་ཆུབ་པའི་རྗེས་སུ་རྒྱལ་བོ་ཁྲི་སྲོང་ལྡེའུ་བཙན་གྱི་རེ་འདོད་ལྟར་ནང་བསྟན་མདོ་སྔགས་ཀྱི་བརྩམས་ཆོས་མང་པོ་བོད་སྐད་ནང་བསྒྱུར་བ་ཡོངས་གྲགས་རེད། མཐར་ཁོས་རང་ཉིད་ཀྱི་སྙིང་སྟོབས་དང་བློ་གྲོས་ཀྱིས་རྒྱལ་པོའི་འདོད་བློ་སྐོང་ཐུབ་པར་ངེས་པ་རྙེད་པ་ནས་བཟུང་། ལོ་ཙཱ་ནི་ཁོའི་མངོན་འདོད་ངོ་མ་ཞིག་ཏུ་གྱུར་ཡོད། རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་ཐུགས་མཁོ་ལྟེ་བ་ནི་རྒྱ་གར་ན་གྲགས་ཆེ་བའི་ནང་བསྟན་གཙུག་ལག དཔལ་ནཱལེནྟྲ་དང་བཱི་ཀ་མ་ལའི་གཙུག་ལག་གཉིས་ཀྱི་མཁས་པའི་གཙུག་རྒྱན་དག་གིས་ཡོངས་གྲགས་སུ་ཁས་ལེན་པའི་རྒྱལ་བའི་བཀའ་དང་བསྟན་བཅོས་ཡོད་དོ་ཅོག་བོད་སྐད་ནང་བསྒྱུར་རྒྱུ་དེ་རེད། བཻ་རོ་གཙོས་པའི་ལོ་ཙཱ་བ་དག་གིས་རང་ནུས་གང་ལྕོགས་ཀྱིས་བཀའ་བསྟན་དེ་དག་གི་བརྗོད་བྱ་དང་རྗོད་བྱེད་གང་ཐད་ནས་རང་ཉིད་ཀྱིས་ཤེས་ལོ་དང་ཡིན་ལོ་ཙམ་ལ་ཆ་འཇོག་མ་གནངས་པར། ལེགས་སྦྱར་རང་གི་སྐད་དང་ཡི་གེ་ལ་ནང་བྱན་ཆུད་པའི་རྒྱ་གར་མཁས་པ་རེ་ཆེད་བསྟེན་གྱིས་མ་ཡིག་གི་གོ་བ་དཔྱིས་ཕྱིན་པར་བླངས། དེ་ནས་ཚིག་དོན་རེ་རེ་བསྲེག་བཅད་བརྡར་གསུམ་དང་ལྡན་པའི་སྒོ་ནས་བསྒྱུར་བ་ཤ་སྟག་ཆགས་ཡོད། ཕྱིས་སུ་ལོ་ཙཱ་བ་རེ་ཟུང་གིས་འགྱུར་བཅོས་ཅུང་ཟད་རེ་བྱས་པ་ཡང་ཁ་ཤས་ཡོད་པ་རེད།
བསྟན་བཅོས་གཅིག་རྩ་བའི་འགྱུར་དང་པོ་བསྟུན་ནས་ཐེངས་གསུམ་བསྒྱུར་བ་ཡང་མི་ཉུང་བ་ཞིག་ཡོད། དཔེར་ན། རྩ་རྒྱུད་གསང་བ་སྙིང་པོ་ལྟ་བུར་མཚོན་ན། ལོ་པཎ་བསྡེབས་པའི་གཞི་འགྱུར་གསུམ། པཎྜི་ཏ་མེད་པའི་རྩལ་འགྱུར་གཉིས་བཅས་བསྡོམས་པས་འགྱུར་ལྔ་བྱུང་ཡོད། བཻ་རོ་ཙ་ན་དང་གཉགས་ཛྙཱ་ན་ཀུ་མ་ར་ཛ། རྨ་རིན་ཆེན་གསུམ་གྱི་དེ་སྔ་འགྱུར་སྐབས་ཀྱི་གཞི་འགྱུར་གསུམ་དང་། ཐར་ལོ་ཉི་མ་རྒྱལ་མཚན་དང་འགོས་ལོ་གཞོན་ནུ་དཔལ་གཉིས་ཀྱི་དེ་ཕྱི་འགྱུར་སྐབས་ཀྱི་རྩལ་འགྱུར་གཉིས་ཞེས་ངོས་འཛིན་གྱིན་ཡོད་པ་ལྟ་བུ་ཡིན།
ཕྱི་འགྱུར་ལོ་ཙཱ་བར་མཚོན་ན། འབྲོག་མི་ལོ་ཙཱ་བ་དང་ལོ་ཙཱ་བ་རིན་ཆེན་བཟང་པོ་གཉིས་ཐོག་མ་ལྟ་བུ་ཆགས་ཡོད། ཁོང་གཉིས་ལ་མཚོན་ན། རང་ཉིད་ཀྱི་དང་འདོད་ཀྱིས་ཀུན་ནས་བསླངས་ཏེ་ལོ་ཙཱ་ལ་འབད་པ་ཞིག་རེད། དུས་སྔ་ཕྱི་གཉིས་ཀྱི་ལོ་ཙཱ་བ་དག་གིས་འདུ་ཤེས་དང་ལོ་ཙཱའི་བྱ་བར་འཇུག་པའི་དམིགས་ཡུལ་མ་འདྲ་བ་ཞིག་ཡོད་པ་ནི་འདི་རེད། སྔ་འགྱུར་སྐབས་རྒྱ་གར་ན་གྲགས་ཆེ་བ་དང་གླེང་ཆེ་བའི་ནང་དོན་རིག་པའི་བཀའ་བསྟན་དེ་ཉིད་བོད་ཡུལ་དུ་དར་སྤེལ་གཏོང་བའི་ཆེད་དུ་བསྒྱུར་བ་རེད། ཕྱི་འགྱུར་སྐབས་ཡོད་པ་དག་བཙན་པོ་གླང་དར་གྱི་སྤྱི་ཚོགས་འཕོ་འགྱུར་ནང་བརླགས་གཏོར་དུ་སོང་བའམ། ཡང་ན། ཆད་ལྷག་ཤོར་བ་ལ་གཙོར་དམིགས་ཏེ་ཉམས་པ་ཁ་གསབ་དང་། ཡོད་པ་གོང་འཕེལ་དུ་གཏོང་བའི་དགོས་འདུན་གཙོ་བོར་བཞག་སྟེ་མ་སྐུལ་དྭང་བླང་གིས་རྒྱ་བལ་གཉིས་ནས་དཔེ་ཆ་འཚོལ་སྡུད་དང་པཎྜི་ཏ་གང་མང་བསྟེན་ཏེ་མདོ་སྔགས་རིག་གནས་དང་བཅས་པ་བོད་ཡིག་ནང་མེད་པ་ནས་ཡོད་པར་བྱས་པ། ཡོད་པ་ནས་ཇེ་ཕྱུག་དང་ཇེ་རྒྱས་སུ་བཏང་སྟེ། འདས་པའི་ལོ་ངོ་ཆིག་སྟོང་ལྷག་ལ་བོད་ཡིག་འདི་བརྗོད་བྱ་དང་རྗོད་བྱེད་གང་གི་ཆ་ནས་ཀྱང་གཞན་གྱི་རྗེས་སུ་མ་ལུས་པར་སྤེལ་ཐུབ་ཡོད་པ་ཚང་མས་ཤེས་གསལ་རེད། བོད་སྔ་རབས་པ་རྣམས་ཀྱི་འདུ་ཤེས་དང་བསམ་བློ། མི་ཚེའི་རིན་ཐང་། འཚོ་བའི་གནས་བབ་དང་བསྟུན་ནས་བོད་མིའི་མངོན་འདོད་བསྐང་ཡོད་པ་དངོས་འབྲེལ་རེད། འདི་ནི་བོད་ཀྱི་ལོ་ཙཱ་བའི་བྱས་པ་ཧ་ཅང་གཟེངས་ཐོན་དང་ཡར་རྒྱས་ཀྱི་རྩེ་མོར་ངོས་འཛིན་བྱེད་དགོས་པ་ཡིན།
དེ་ལྟར་ནའང་། ཉེ་བའི་མི་ལོ་བཅུ་ཕྲག་འགའི་རིང་གི་གནས་སྟངས་ལ་བལྟས་པ་ཡིན་ན། རང་རེ་བོད་ལ་ལོ་ཙཱ་བའི་སྡེར་ཧ་ཅང་ཚད་མཐོ་བའི་ལོ་ཙཱའི་འགྲོས་ཤིག་ཡོད་པ་དེ། ཡོད་པ་ནས་ཇེ་ཞན་དང་ཇེ་རྡུགས་སུ་གྱུར་དང་འགྱུར་བཞིན་པ་དང་། ཁྱད་ཆོས་རིགས་གཅིག་རྩ་བ་ནས་མཐོང་མེད་དུ་ཡལ་འགྲོ་བའི་གནས་ཞིག་ཆགས་དང་ཆགས་བཞིན་པའི་སྐབས་འདིར། མི་རིགས་ལ་དུང་ཞིང་རིག་གཞུང་ལ་གཅེས་པའི་བློ་ལྡན་དག་གིས་ཚ་ཚ་འུར་འུར་ངང་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་ཀྱི་འགན་ཁུར་ལྗིད་ཏིག་ཏིག་ཞིག་སྙིང་སྟོབས་ཀྱིས་དྲངས་ཏེ་ཕྲག་ཏུ་ལེན་བཞིན་ཡོད་པ་ལ་སྒོ་གསུམ་གུས་པས་ཡིད་སྨོན་བྱེད་བཞིན་ཡོད།
ཡང་། དེང་གི་དུས་འདིར། མི་རིགས་གཞན་གྱི་སྐད་ཡིག་ནས་བོད་སྐད་དུ་བསྒྱུར་དང་སྒྱུར་གྱིན་ཡོད་པ་དང་ཆབས་ཅིག བོད་སྐད་ནས་མི་རིགས་གཞན་གྱི་སྐད་དུ་ཕར་བསྒྱུར་བའི་འགོ་ཡང་བཙུགས་ཡོད་པ་གང་ལ་བསམས་ནའང་། དེབ་ཇི་འདྲ་ཞིག་ཡིན་རུང་། རྩོམ་གང་འདྲ་ཞིག་ཡིན་རུང་དེའི་བརྗོད་བྱ་དང་སྡེབ་སྦྱོར་གྱི་ཆ་ལ་དམ་དོན་ཅིག་ངེས་པར་དུ་དགོས་པར་འདུག་བསམ་གྱིན་ཡོད། རྒྱུ་མཚན་གཙོ་བོ་ནི། དེའི་བརྗོད་བྱ་དང་རྗོད་བྱེད་ཀྱི་ཆ་ཕྱི་ནང་གསང་གསུམ་ལ་གོ་རྟོགས་ཡོངས་སུ་སད་པ་ཞིག་མིན་ཚེ་ལོག་བསྒྱུར་བྱ་བའི་ཉེན་ཁ་ཧ་ཅང་གི་ཆེ་བས་ཡིན། དེ་ནི་ཐུགས་སྣང་གནང་དགོས་པ་གལ་ཆེན་ཞིག་ཏུ་བརྩི་བཞིན་ཡོད། འགྱུར་མང་ཤོས་ནི་ཆོས་ལུགས་ཀྱི་སྐོར་རེད། དེ་ལ་ལྷག་པར་དུ་ཚོད་འཛིན་བྱ་དགོས་ཀྱི་འདུག ང་རང་གིས་རགས་པའི་མཉམ་འཇོག་བྱས་པའི་བརྒྱུད་རིམ་ནང་། བོད་སྐད་ནས་དབྱིན་སྐད་ནང་བསྒྱུར་འདུག་པ་འགའ་རེ་ནི་གོ་དོན་མ་རྟོགས་པའི་ལོག་བསྒྱུར་དུ་སོང་གང་མང་འདུག བླ་ཆེན་ཚོས་དབྱིན་འགྱུར་གྱི་དེབ་ལ་གླེང་བརྗོད་དང་བསྟོད་བསྔགས་ཡང་མང་པོ་བྲིས་འདུག ཁོང་ཚོས་ཕལ་ཆེར་བཀླགས་ཡོད་ཀྱི་མ་རེད། བསྐྱར་ཞིབ་དང་བརྟག་དཔྱད་མ་བྱས་ན་མདོ་དོན་ཁོང་ཚོ་ཡང་ནང་བསྟན་གྱི་སྙིང་པོ་ལ་བདག་པོ་བྱེད་མཁན་ཞིག་མ་ཆགས་པ་མ་ཟད། ནང་བསྟན་ལོག་སྤྱོད་པ་ཡང་མིན་མི་སྲིད་པ་མ་རེད། དཔེར་མཚོན་ཞིག་བཤད་ན། རྒྱལ་བ་འཇིགས་མེད་གླིང་པས་བརྩམས་པའི་བསྐྱེད་རིམ་འོག་མིན་བགྲོད་པའི་ཐེམ་སྐས་དབྱིན་འགྱུར་ནང་། ཆེས་གཙིགས་འཛིན་བྱེད་དགོས་པའི་སྙིང་པོ་དེ་གོ་ལོག་ཏུ་བསྒྱུར་འདུག སྲོག་སྡོམ་གཟེར་བཞིས་འཁོར་འདས་སྟོང་སྲོག་འཕྲོག། ཟེར་བ་ཞིག་ཡོད། གཟེར་བཞི་སྟེ། ཆོས་ཉིད་ལྟ་བའི་གཟེར། ཏིང་འཛིན་ལྷ་ཡི་གཟེར། ཟློས་པ་སྔགས་ཀྱི་གཟེར། འཕྲོ་འདུ་འཕྲིན་ལས་ཀྱི་གཟེར་འདི་དག་ཡིན། འདིའི་སྡོམ་ཆ་ཚང་ཤེས་ན་བསྐྱེད་རིམ་གྱི་གོ་དོན་མ་འཆུག་མ་ནོར་བར་ཤེས་ཏེ་འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་གནས་ལུགས་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའི་གཤིས་སྟོང་པ་ཉིད་ཀྱི་རང་བཞིན་ལ་སྲོག་ཅེས་པ་དེ་གོ་བ་བདེ་བླག་ངང་རྙེད་ཐུབ། དབྱིན་ཡིག་ནང་དེ་ལས་ལྡོག་སྟེ་(thousandfold life-force of all samsara and nirvana)ཞེས་བསྒྱུར་འདུག འདིའི་སྐབས་ཀྱི་(སྟོང་)ཞེས་པ་དེ་ཨང་གྲངས་སྟོང་ལ་འབྲེལ་བ་མེད་པའི་གོ་བ་ཙམ་ཡང་རྙེད་མི་འདུག འདི་འདྲའི་འགྱུར་ལོག་འདུག འདི་ལྟ་བུ་ཡིན་ན། བརྗོད་བྱའི་སྙིང་པོ་བརླགས་ཏེ་བོར་ཚར་བ་རེད། གང་ལྟར་རྩ་བའི་བརྗོད་བྱ་ཕར་ཞོག་རྗོད་བྱེད་ཚིག་གི་དོན་ཡང་གོ་བ་མ་ལོན་པའི་མངོན་རྟགས་རེད། འདིའི་རིགས་མི་ཡོང་བའི་ཆེད་བོད་ཡིག་མཁས་པ་ཚད་ལྡན། ལྷག་པར་རང་ཉིད་བརྗོད་བྱའི་དོན་ལ་བློ་གྲོས་ཡངས་ཤིང་རང་ཉིད་རང་ལ་ལྐོག་ཏུ་མ་གྱུར་པ་དག་གིས་ཡིག་སྒྱུར་གྱི་བགྱི་བ་དྭང་དུ་བླང་ན་ལེགས་པ་ལས། གོ་སྐབས་དང་སྟེས་དབང་གིས་ཡིག་སྒྱུར་བྱེད་པའི་རིགས་ནི་ཕན་པ་ལས་གནོད་པ་ཆེ་བས་གཟབ་དགོས།
སྐད་ཡིག་གཞན་ནས་ཚུར་བོད་སྐད་དུ་བསྒྱུར་བྱ་པར་ཡང་ཆབ་དཔལ་རིག་གསུམ་དང་། གསོ་རིག་དང་ཚན་རྩལ་བཟོ་ལས་གང་གི་སྐོར་ཡིན་ཡང་། བརྗོད་བྱ་དང་རྗོད་བྱེད་ད་ལྟ་ང་ཚོའི་འཚོ་བའི་དགོས་མཁོ་དང་ཁ་སྐོང་། འཕེལ་རྒྱས་སོགས་ཀྱི་དམིགས་འདུན་ཉག་གཅིག་ལ་རྩ་བར་བཟུང་སྟེ་བསྒྱུར་དགོས་ཀྱང་། དེང་གི་ཆར་ང་ཚོར་ཡོད་པའི་ཡིག་སྒྱུར་གནས་སྟངས་ནི་སྐྱེས་བུ་གྲགས་ཅན་འགའི་ལོ་རྒྱུས་དང་། སྒྲུང་རྩོམ་འགས་མཚོན་པའི་རྩོམ་རིག་རེ་ཟུང་ལས་ཆེར་མི་འདུག དེ་དག་ཀྱང་མཐའ་དོན་ང་ཚོར་ཕན་པ་ཡོད་མེད་བཤད་དཀའ་མོ་རེད། དེ་བས་ཀྱང་འགྱུར་གྱི་ཚད་བོད་ཡིག་ཤེས་པ་བྱིངས་ལ་གོ་བརྡ་འཕྲོད་ངེས་ཤིག་ཆགས་ཡོད་མེད་བཤད་ཁག་པོ་རེད། མང་ཆེ་བ་ཀློག་པ་པོར་གོ་བ་ཏག་ཏག་མི་སྟེར་བ་འདྲ་ཞིག་ཆགས་བསྡད་ཡོད་པ་རེད། འདི་ནི་དེང་གི་ཡིག་སྒྱུར་བ་ཚོའི་འགྱུར་དེབ་དང་འགྱུར་རྩོམ་ལས་གསལ་གསལ་ཐིང་ཐིང་མཐོང་ཐུབ་པ་ཞིག་རེད། ཡིག་སྒྱུར་བ་དང་འགྱུར་ཡིག་རེ་རེ་དཔེ་མཚོན་དུ་བཀོད་ནས་ཞུ་དགོས་ན་ཡིག་ཚོགས་མང་རོགས་རེད། སྤྱིར་དང་འདོད་ཀྱིས་ཡིག་སྒྱུར་བྱེད་པ་ནི་རང་ཉིད་ཀྱི་མངོན་འདོད་ལས་ཕན་པ་ཡོད་མེད་ལ་དེ་ཙམ་གྱིས་དོ་སྣང་བྱེད་ཀྱིན་མེད་པའི་རྣམ་པ་ཞིག་ཡིན་པ་ཡང་གསལ་པོ་རེད།
རྩ་བའི་ཆ་ནས་བོད་བསྒྱུར་བྱེད་མཁན་ཚང་མར་གུས་བརྩི་དང་བསྔགས་བརྗོད་ཡོད། འོན་ཀྱང་། ཐོག་མའི་བརྩམས་སྒྲུང་གི་བརྗོད་བྱ་ཅི་ཞིག་ཡིན་ཡང་རྗོད་བྱེད་ཚིག་གི་སྦྱོར་བ་དང་ཉམས་འདོན་སྟངས་ཀྱི་ཐད་ནས་རིག་གཞུང་དེའི་རྒྱབ་ལྗོངས་ན་སྤྲོ་བ་སྟེར་བའི་སྣང་ཚུལ་ཅན་གྱི་ཁ་མཚར་དང་ལྷ་སྒྲུང་། དེ་བཞིན་ས་མིང་དང་སྐྱེ་དངོས་ཀྱི་མིང་། མི་སྣ་གལ་ཆེན་སོགས་གནད་འགག་རེ་རེའི་འཚོ་བ་དང་བསམ་བློའི་རྒྱབ་ལྗོངས་སོགས་ཀྱི་ཤུགས་རྐྱེན་ཐེབས་སྟངས་དངོས་བྱུང་ངམ་རྟོག་བཟོའི་རྣམ་པ་གང་ཞིག་ཡིན་རུང་། དེབ་དེས་རྒྱལ་སྤྱིའི་གླེང་སྟེགས་སུ་གོ་གནས་ངེས་ཟིན་པ་ནས་བཟུང་། སྐད་རིགས་གང་ལ་བསྒྱུར་ཀྱང་བྲོ་བ་སྟེར་ཐུབ་ཀྱི་ཡོད་པ་དངོས་འབྲེལ་རེད། ཡིན་ནའང་། བོད་སྐད་དུ་བསྒྱུར་བ་དག་བཀླགས་ན་རྒྱལ་སྤྱིའི་ཀློག་མཁན་ཁྲོད་ན་ཤུགས་རྐྱེན་དང་གོ་གནས་ངེས་ཅན་བཟུང་ཡོད་པའི་གནས་བབ་དང་འབྲེལ་བའི་བྲོ་བ་དེ་བོད་སྐད་ནང་བསྒྱུར་ནས་ཉམས་འདུག རིན་ཐང་ཕར་ཞོག ཀློག་མཁན་ལ་ཡང་མིང་དོན་དང་མཚུངས་པའི་འདོད་པ་མི་སྐོང་བ་མ་ཟད། སྒྱུར་མཁན་དག་གིས་མ་རྩོམ་གྱི་གོ་བ་ཏག་ཏག་ཅིག་ལོན་ཡོད་མེད་དང་། བོད་སྐད་ནང་ཏག་ཏག་ཅིག་བསྒྱུར་ཐུབ་ཡོད་མེད་ལ་དོགས་པ་ཡང་ཤུགས་ཆེ་རུ་འགྲོ་བ་ཞིག་ཆགས་བཞིན་ཡོད།
ང་རང་ལ་མཚོན་ན་ཡང་། དབྱིན་དེབ་བོད་འགྱུར་མ་ཁ་ཤས་བཀླགས་མྱོང་། རྗོད་བྱེད་ཚིག་འགྲོས་ཀྱིས་བྲོ་བ་སྤྲོད་མི་ཐུབ་པ་གསལ་པོ་རེད། དོན་འགྱུར་རེད་བསམ་ན་བརྗོད་བྱའི་སྙིང་པོ་གསལ་པོ་མེད་པ། ཚིག་འབྲུ་གཙོར་བཟུང་རེད་བསམ་ན་རྒྱན་ཚིག་དང་མིང་ཚིག བྱ་ཚིག་སོགས་སྐབས་བབ་ཀྱི་དོན་དང་མ་འབྲེལ་བ་མང་པོ་ཞིག་མངོན་གྱིན་འདུག ངས་བཤད་དོན་ལྟེ་བ་ནི། བསྒྱུར་ནས་དགོས་པ་མི་འདུག་ཟེར་གྱི་མེད། ཚད་ལྡན་ཞིག་དགོས་ཀྱི་འདུག་ཟེར་གྱི་ཡོད། སུ་ཞིག་རུང་མ་བསྒྱུར་སྔོན་ལ་དེབ་དེའི་རྒྱབ་ལྗོངས་དང་རང་གི་སྐད་ཡིག་གཉིས་ཀྱི་ཤེས་ཚད་དང་བརྡ་སྤྲོད་ལ་བྱང་ཆ་ཕུན་སུམ་ཚོགས་པའི་ཆ་རྐྱེན་ལྡན་མིན་ལ་བསམ་ཞིབ་བྱེད་པ་ནི་ཆ་རྐྱེན་དང་པོ་རེད། དེ་མིན་ཕྱིས་སུ་བོད་འགྱུར་ལ་ཡིག་རིགས་གཞན་གྱི་གཏིང་མ་ལོན་པའི་འགྱུར་འཕྱེ་བོ་ཞིག་ལས་དོན་དང་ཚིག་གི་འགྲོས་རྐང་མཉམ་པོ་དེ་ཡོང་རྒྱུ་མེད་པར་ནགས་ཀྱི་སྤྲེའུ་སུམ་རྩེན་ལྷ་ཡི་གྲོང་ཞེས་བའི་དཔེ་ཞིག་ཡོད་པའི་རྗེས་སུ་འགྲོ་བ་ཉག་ཅིག་རེད། ཡིག་སྒྱུར་གྱི་ལས་གཞི་འདི་ནི་དེ་རིང་སང་ཉིན་གྱི་བསམ་ཚུལ་དང་འགལ་བའི་ཆ་ཁོ་ན་མ་ཡིན་པར་སྔ་མོའི་དུས་སུ་ཡང་བྱུང་ཡོད། རྒྱུ་མཚན་ཞིག་དྲངས་ན། མདོ་སྨད་པ་དགེ་འདུན་ཆོས་འཕེལ་གྱིས་དཔེར་མཚོན་ཞིག་བཀོད་ཡོད། དེ་ནི་དམ་པ་ཁོང་གིས་ཉམས་ཞིབ་ཁྲོད་ལས་བྱུང་བའི་ལེགས་སྐྱེས་ཞིག་ཀྱང་ཡིན་ལབ་ན་ཆོག དེ་ནི་ལོ་ཙཱ་བ་སྐ་བ་དཔལ་བརྩེཊ་ཀྱི་འགྱུར་སློབ་དཔོན་ཙཎྚ་གོ་མཱིའི་སློབ་སྤྲིངས་ལས། ལེགས་སྦྱར་ནང་།
༼“ཡདཱལོ་ཀཾཀུརྦནྲབྷྲམ་ཏིརབིརཤྲཱནྟཏུརགཿསདཱལོཀཾདྷཏེཧཡདགཎིཏབྷཱརཱབསུམཏི། །ནསསྭཱརྠཿཀཤྕིཏྤྲཀྲིཏིརིཡམེབམཧཱཏཱཾཡདེཏེལོཀཱནཱཾཧིཏསུཁརསཻཀཱནྟརསིཀཱ ཉི་མ་རླབས་ཆེན་རྟ་བཞོན་རྒྱུ་བ་སྣང་བྱེད་གང་ཡིན་དང་། །ཁུར་ལ་མི་རྩེགས་ས་ཡིས་འཇིག་རྟེན་འདེགས་པ་གང་ཡིན་པ། །རང་དོན་འགལ་མེད་རྣམས་ཀྱི་རང་བཞིན་དེ་འདྲ་སྟེ། །དེ་དག་འཇིག་རྟེན་ཕན་དང་བདེ་བའི་རོ་ལ་གཅིག་ཏུ་གཞོལ། །ཞེས་པ་སློབ་སྤྲིངས་ཀྱང་སྔོན་གྱི་འགྱུར་དོན་ཐོབ་གཙོ་བོར་མཛད་པ་དེའི་རིགས་ཡིན་ལ། ཚིག་འདི་འདྲ་ལ་ཕྱིས་ཀྱི་སྲོལ་བཞིན་འབྲུ་དོན་རེ་རེ་ནས་བསྒྱུར་ཏེ་གོ་རིམ་ཅུང་བསྣོལ་ན་ཡང་གོ་ཐུབ་ཙམ་ཞིག་ནི་འོང་མཆི་སྟེ། དཔེར་ན། །ཡདཱ-གང་ཞིག་ ཨཱལོཀཾ-སྣང་བར་ ཀུརྦཏ-བྱེད་ཅིང་ བྷྲམཏི-འཁོར་བ་ རབི-ཉི་མ་ ཨཤྲཱནྟ-ངལ་མེད་ ཏུར-མགྱོགས་ གཿ-འགྲོ་ཅན། །སད྄རཱ-རྟག་ཏུ་འཇིག་རྟེན་འདེགས་ལ་གང་གིས་ཁུར་དུ་མི་བརྩི་དབྱིག་ལྡན་མ། །དེ་ནི་རང་དོན་འགའ་ཞིག་མིན་གྱི་འདི་ཙམ་ཆེན་པོ་རྣམས་ཀྱི་གཤིས། །གང་གིས་འཇིག་རྟེན་ཕན་བདེའི་རོ་ནི་མཐའ་གཅིག་མྱོང་པ་དེ་དག་ཡིན། །ཅེས་པ་ལྟ་བུའོ། འདི་ལྟར་བྱས་ཚེ་ཚིག་འབྲུ་རེ་རེ་སྦྱོར་ཐུབ་ཅིང་། སྙན་དངགས་བཟང་དུ་སོང་བ་འདྲ་ཞིག་བྱུང་ཡང་། དོན་ལ་གོ་དཀའ་རུ་བཏང་བ་ལགས། །ཚིགས་བཅད་འདི་སྔར་ལས་ཀྱང་གོ་བདེར་བྱས་པ་ཞིག པདྨ་བཀའ་ཐང་ཤེལ་བྲག་མར། །རང་དོན་འགའ་མེད་ཆེན་པོའི་རྣམ་ཐར་ཏེ། །ཉི་མ་རླབས་ཆེན་རྟ་ཞོན་རྒྱུ་བར་བྱེད། །ཁུར་ལ་མི་རྩེགས་ས་ཡིས་འཇིག་རྟེན་འདེགས། །བྱ་བ་ཞིག་ཡོད། དེས་ན། རྙིང་མའི་མཁས་པ་འགའ་ཞིག་གི་གསུངས་ལས། སྔོན་དུས་སྤྲུལ་བའི་ལོ་ཆེན་དེ་ཀུན་རྩ་འགྲེལ་ཐམས་ཅད་ཀྱི་དགོངས་པ་ཐུགས་སུ་ཆུད་ནས་གང་བདེར་བསྒྱུར་བས། ཚིག་འཇམ་ལ་དོན་གསལ། ཕྱིས་ཀྱི་ལོ་ཙཱ་བ་བལ་ཡུལ་དུ་དགུན་ཐོག་བསྡད་པ་དག་གིས་འབྲུ་རེ་ལ་ཞིབ་ཚགས་ཆེ་བ་སྐད་བསྒྱུར་ཏེ། ཚིག་གྱོང་ཞིང་དོན་གྱི་ངོ་བོ་གོ་དཀའ་བར་སོང་ཞེས་བཤད་པ་ཡང་། རྣམ་པ་གཅིག་ཏུ་ན་ཐུགས་མད་པ་ཡིན་སྙམ།༽ ཞེས་གསུངས་ཡོད་པས། ང་ཚོས་ཀྱང་འགྱུར་གྱི་ཁྱད་པར་ལ་དབྱེ་བསྡུར་བྱེད་དགོས་པར་ངེས་སོ།།
རེ་ཟུང་གིས་བོད་ཡིག་གིས་དུས་རབས་འདིའི་འཚོ་བའི་མངོན་འདོད་སྐོང་མི་ཐུབ་པར་ངོས་ལེན་བྱེད་བཞིན་ཡོད། དེ་ནི་བོད་ཡིག་ལ་བྱང་ཆ་མེད་པའི་སྐད་ཆ་ཞིག་ཏུ་བརྩི་བཞིན་ཡོད། ཡང་དོན་དག་གཅིག་ནི། བོད་ཀྱི་དེང་སང་གི་ཡིག་སྒྱུར་བ་ཚོས་དེབ་དང་རྩོམ་ཡིག་བོད་བསྒྱུར་བྱས་པ་མང་པོ་ཞིག་བོད་ཡིག་ཀློག་མཁན་ཚོས་གོ་དཀའ་བ་ཞིག་ཏུ་བསྒྱུར་དང་སྒྱུར་བཞིན་ཡོད་པ་འདིས། བོད་ཡིག་ཀློག་མཁན་ཇེ་ཉུང་དུ་གཏོང་བར་བྱེད་ཀྱི་འདུག་པའང་གནད་དོན་ཆུང་ཆུང་ཞིག་མ་རེད། གཞན་ནི། བོད་རིགས་ས་ཁུལ་དག་གི་སྦྲག་ཁང་། དངུལ་ཁང་། ཚོང་ཁང་། ལས་ཁུངས། སྤྱི་ཚོགས་ཞབས་ཞུའི་ལས་རིགས་ཁྲོད་ན་རྒྱུན་སྤྱོད་བྱེད་པའི་རྣམ་པ་ཞིག་ཆགས་ཐུབ་ཀྱི་ཡོད་མེད་སོགས་བེད་སྤྱོད་ཁོར་ཡུག་ཆེར་བསྐྱེད་བྱེད་མ་ཐུབ་པའང་ཡར་རྒྱས་ལ་གནོད་གཞི་ཞིག་རེད།
བོད་རྒྱལ་ལོ༢༡༤༥-༣-༡༥
ཕྱི་ལོ་2018-04-29ཉིན།
༄༅། རླངས་སྔགས་་ཞེས་པ་ནས་བརྩམས་བསྒྲིགས་གནང་བ་ཡིན་ས་རེད།
དཔེ་ཡག་པོ་བྲིས་གནང་འདུག་ རང་མི་རིགས་ཀྱི་སྐད་དང་ཡི་གེ་ནི་་སུ་ལའང་རེ་དགོས་མེད་པ་་
གཏིང་ཟབ་ལ་རྒྱ་ཆེ་བའི་རིག་གནས་ཞིག་རེད། ཤེས་ལྡན་པ་རྣམས་ནས་ངེས་པར་ཉར་ཚགས་
གནང་དགོས་པ་ཤིན་ཏུ་ནས་གལ་ཆེ་བ་འདུག་ རྒྱལ་བ་རིན་པོ་ཆེ་ནས་ཡང་སེ་བཀའ་སློབ་གནང་གི་
ཡོད་པ་རྣམས་སེམས་དཀྱིལ་ལ་བཞག་གནང་ཡོང་བ་ཞུ།
ཆོས་མེད་ཀླ་ཀློ་གུང་བྲན་དམར་པོས་བོད་ལྗོངས་བཙན་འཕྲོག་བྱས་ནས་བོད་རིགས་རྣམས་
འཛལ་གླིང་ཡུལ་གྲུ་་་༣༥ལྷག་གི་ནང་ཁ་འཐོར་ནས་ཡོད་དུས་བོད་ཀྱི་སྐད་དང་ཡི་གེ་ཉམས་ཆགས་
སུ་འགྲོ་རྒྱུ་གདོན་མི་ཟ་བས་མཁྱེན་ལྡན་པ་རྣམས་ནས་བདག་ཉར་གནང་རོགས་ཞེས་མི་བཟོད་སྙིང་
ནས་འབོད་སྐུལ་ཞུ་གི་ཡོད། བཀྲིས་བདེ་ལེགས།