རེབ་ཐོག་མདའ།
ཕྱི་སྐད་བོད་སྐད་བསྲེས་པའི་བོད་མོ་འགའ།།
བོད་པའི་ཁ་ལྕེ་བོར་བའི་ཕོ་གསར་འགའ།།
དབྱིན་ཇིའི་སྐད་ལ་དུངས་པའི་གྲྭ་བ་འགའ།།
ལས་ཀྱིས་འཛོམས་པའི་ཡིག་སྒྱུར་འཛིན་གྲྭ་འདི།
འཛུམ་ཆུང་མེ་ཏོག་བཞད་པའི་བུ་མོ་ཡག།།
སྙིང་གཏམ་དྲང་མོར་གླེང་བའི་སེམས་པ་སྐྱིད།།
ཆེ་ཆུང་ཆ་རྐྱེན་འཛོམས་པའི་འཛིན་གྲྭ་ཞིག།།
ཟླ་གསུམ་ཟབ་སྦྱོང་འཛིན་གྲྭ་འདི་ན་འདུག།།
ནང་ཆོས་རྩོམ་རིག་འཁྲིད་དུས་གཉིད་ཀྱིས་དུབ།།
དབྱིན་ཇིའི་བརྡ་སྤྲོད་སློབ་དུས་རྣམ་རིག་གསལ།།
བོད་པའི་རིག་གཞུང་བོར་བའི་སྔ་ལྟས་ཤིག།།
ཟབ་སྦྱོང་འཛིན་གྲྭའི་གདོང་ན་འཆར་ནས་འདུག།
དབྱིན་ཡིག་དག་ཆ་འདྲི་དུས་སྐད་གསང་མཐོ།།
བོད་ཡིག་ཐ་སྙད་གླེང་དུས་སྨྲ་ལྕེ་རྟུལ།།
སྒྱུར་བྱ་སྒྱུར་བྱེད་བསྡུར་སའི་བཞི་མདོ་ན།།
ང་དང་ཁོ་དང་ཁོང་ཚོ་རྔུལ་ཆུས་གཤེར།།
རྩོམ་ཡིག་འཁྲིད་དུས་ང་ལ་དོགས་པ་ཞིག།
ནང་སྦྱོང་བལྟ་དུས་ཁོ་ལ་ངལ་གསོ་ཞིག།།
བོད་དབྱིན་ལྕི་ཡང་ཤོར་བའི་འཛིན་གྲྭ་འདི།།
བཙན་བྱོལ་བོད་པ་ཚང་གི་ནད་རྙིང་ཡིན།།
བརྗོད་བྱ་རྗོད་བྱེད་ནང་པའི་ཆོས་ལ་ཐིམས།།
ལུས་དང་སེམས་པ་ཕྱི་རོལ་གྲོང་ལ་ཤོར།།
ཕྱི་སྐད་གཙོ་བོ་རང་སྐད་ཕལ་བའི་གནས།།
ཁ་སང་དེ་རིང་བདག་ཀྱང་འདི་ན་ཡོད།།
རྣམ་པ་མཛེས་པའི་བུ་མོ་མང་ན་ཡང་།།
མཛངས་མའི་ཡོན་ཏན་ལྡན་པ་ཉིན་སྐར་ཙམ།།
སྨྱུ་གུ་བཟུང་བའི་ཉམས་མྱོང་ཟབ་ན་ཡང་།།
བོད་ལ་དུངས་ཞེན་ཆེ་བ་ཧ་ཅང་ཉུང་།།
སློབ་གྲྭ་ཆེན་མོ་ཐོན་པ་ཕལ་ཆེར་རེད།།
ལག་ཁྱེར་རྫིག་པོ་ཡོད་པ་དེ་ལས་མང་།།
མང་པོའི་དཀྱིལ་ན་ཅང་མེད་གསར་འབྱོར་ང་།།
མགོ་འཕང་ཅུང་ཙམ་དམའ་ཡང་བོད་ཞེན་མཐོ།།
དགེ་རྒན་དེ་ཚོའི་བསླབ་གཞི་མི་གཅིག་གི།།
སློབ་མ་ང་ཚོའི་འདོད་པ་མི་འདྲ་གི།།
དགེ་སློབ་གཉིས་ཀས་སྣང་བ་སྐྱིད་པོའི་ངང་།།
ཟླ་གསུམ་དུས་ཡུན་འདི་ལྟར་རྫོགས་ནས་ཐལ།།
བོད་ཡིག་འབྲི་ཀློག་བྱེད་པའི་ལག་པ་ཐུང་།།
དབྱིན་ཡིག་ཟིན་བྲིས་འདེབས་སའི་འབྲི་དེབ་མང་།།
བོད་སེམས་ཕྱི་ལ་འཁོར་བའི་ཁོར་ཡུག་འདི།།
ང་དང་ཀ་ཁ་གཉིས་ཀྱི་ན་ཟུག་ཡིན།།
ཆ་ཚང་བཀླགས་ཟིན། དོན་སྙིང་ཡོད་པའི་ཚིག་བཅད་ཞིག་རེད། མུ་འཐུད་དུ་འདི་འདྲའི་སྐོར་སྤེལ་རོགས།
སྙན་ངག་འདི་བཀླགས་པ་ཡིན། འབྲི་རྩལ་དང་ནང་དོན་གསལ་འདོན་གཉིས་ཀ་ཚད་ལྡན་རེད། ཡིག་སྒྱུར་འཛིན་གྲྭའི་སྐོར་དེ་གོ་མྱོང་། ལོ་རྟག་པར་འབད་པ་བྱས་ན། འདྲ་གི་མ་རེད། ཚང་མས་ཤུགས་རྒྱོབས། རེ་བ་ཆེ།
དངོས་ནས་བདེན་རེབ་ཐོག་མདའ། ང་ལ་ཡང་ཡིག་བསྒྱུར་བ་ཁ་ཤས་ཐུག་སོང་བས་དེ་འདྲ་ཞིག་འཚོ་སྣང་བྱུང་། འབྱུང་འགྱུར་དེའི་སྐོར་ལ་མུ་འཐུད་དེ་འབྲི་བའི་རེ་བ་ཞུ།
ཁྱོད་དང་ཀ་ཁ་གཉིས་ཀྱི་ན་ཟུག་འདི། །
ང་དང་ས་ཡ་དྲུག་གི་ལས་འགན་རེད། །
ད་ནས་ཨ་ར་པ་ཙ་གང་འདོན་གྱིས། །
བོད་ཡིག་བོད་སྐད་སྦྱོང་དུ་འགྲོ་བགྱི་ཡིན། །
དབྱིན་ཡིག་སྦྱང་བ་སྐད་ཡིག་གཉིས་པ་རེད།
སྐད་གཉིས་སྐད་གསུམ་བོད་མི་མང་པོས་ཤེས།།
ཡོན་ཏན་སྐད་ཀྱིས་ཕྱུག་བའི་དུས་རབས་འདིའི།
བོད་པ་ཚང་གི་ངོ་སོ་ཡར་ལ་བསྟོད།
སྤྱི་ཚོགས་ཤེས་བྱ་ཕལ་ཆེར་སྐད་ཡིག་གཞན།
དེ་ལ་སྤྱང་ན་འཇིག་རྟེན་རྗེས་ཟིན་པས།།
རྒྱ་སྐད་དབྱིན་སྐད་སྐད་ཡིག་འདྲ་མིན་ལ།།
བརྩོན་པའི་བོད་པ་ཚང་འདི་ངོ་སོ་བསྟོད།
བླ་མ་གྲྭ་བས་བོད་ཡིག་བཙོན་དུ་བཅུག།
བོད་ཡིག་ངག་ལ་མ་སྦྱར་ཆོས་སྦྱར།།
ཆོས་ལ་གོ་བ་མེད་དུས་གཉིད་ལ་ཤོར།།
བོད་ཡིག་འདི་ལྟར་ཚེ་ཐག་ཇེ་ཐུང་རེད།
སེམས་པ་ཚབ་ཡང་བོད་ཡིག་མཉམ་རྒྱུ་རེད།
བོད་སྐད་ཆ་མ་ཆག་ཞིག་བཤད་རྒྱུ་རེད།
ད་ལྟའི་བླ་རྒན་འདི་ཚོ་ཤི་རྒྱུ་རེད།
མི་རབས་རྗེས་མར་གྱོང་ཞིག་རྒྱག་རྒྱུ་རེད།
ཨ་ཤི་རེ་ཁོ་ན་ཤི་རེ་ཁོ།།
ང་འདི་ལྟར་ངུས་ན་གོ་ནི་མེད།
གོ་སོང་རུང་འཕྱ་སྨོད་བྱེད་པ་ལས།།
སྐད་གསར་བཅད་བཞི་བ་གླེང་ནི་མེད།
བླ་མ་གྲྭ་བས་བོད་ཡིག་བཙོན་དུ་བཅུག།
བོད་ཡིག་ངག་ལ་མ་སྦྱར་ཆོས་ལ་སྦྱར།།
ཆོས་ལ་གོ་བ་མེད་དུས་གཉིད་ལ་ཤོར།།
བོད་ཡིག་འདི་ལྟར་ཚེ་ཐག་ཇེ་ཐུང་རེད
བཀླགས་པ་ཡིན། ཡར་རྒྱས་ཀྱི་རྣམ་པས་ཁེངས་འདུག མུ་མཐུད་ན་མདུན་ལམ་ཆེ།