སོག་མདའ།
རྒྱུ་ཆེན་ཞིག་བྱ་དགོས་བསམ་རུང་།།
མ་རྩ་ཡི་རིན་ཐང་དབེན་པས།།
སྤྲང་ཁུག་ཅིག་མ་བཟུང་ཙམ་གྱིས།།
འདོད་པ་དེ་ཁེངས་ནས་བསྡད་ཡོད།།
དཔོན་ཆེན་ཞིག་བྱ་དགོས་བསམ་རུང་།།
ལྟག་སྒོ་དེ་འཛུལ་ཐབས་མ་ཤེས།།
བཟའ་བདག་གི་དཔོན་ས་བཟུང་ནས།།
རང་ཁྱིམ་ན་སྐྱིད་པོར་བསྡད་ཡོད།།
མཁས་གྲལ་ཞིག་འགྲིམ་དགོས་བསམ་རུང་།།
རིག་གནས་ཀྱི་མཁྱེན་རྒྱ་ཆུང་བས།།
ཡིག་བསྐུར་ཙམ་འབྲི་ཐབས་ཤེས་པས།།
འདོད་པ་དེ་ཚིམ་ནས་བསྡད་ཡོད།།
སྦག་སྦག་ཞིག་ཉོ་འདོད་བསམ་རུང་།།
དངུལ་ཁང་ནང་སྒོར་མོ་མེད་་པས།།
ལྕགས་རྟ་ཞིག་གསར་དུ་ཉོས་ནས།།
གར་སླེབས་ལ་འགྲོ་མུར་བསྡད་ཡོད།།
ནུབ་ཕྱོགས་སུ་འགྲོ་འདོད་བསམ་རུང་།།
ལམ་ཡིག་དེ་ལོན་ཐབས་བྲལ་བས།།
སྐྲ་སེར་གྱི་བུ་མོ་ཞིག་ལ།།
སེམས་པ་དེ་འཁྲེང་ནས་བསྡད་ཡོད།།
མཛེས་མ་ཞིག་འགུག་འདོད་བསམ་རུང་།།
བརྩེགས་མ་ཡི་སྒོར་མོ་མེད་པས།།
ཆུང་འདྲིས་ཀྱི་བུ་མོ་དེ་ལ།།
བརྩེ་སེམས་དེ་བཟུང་ནས་བསྡད་ཡོད།།
གཞས་སྙན་ཞིག་གཏོང་འདོད་བསམ་རུང་།།
མགྲིན་ངག་ན་སྙན་ཆ་མེད་པས།།
སྣ་གླུ་རེ་དབྱངས་ལ་གྱེར་ནས།།
རང་སེམས་དེ་གསོས་ནས་བསྡད་ཡོད།།
མཇལ་འཛོམས་ཀྱི་ཉིན་མོ་བསམ་རུང་།།
རྒྱུ་རྐྱེན་གྱི་དུས་དབང་རྒོད་པས་།།
ཁ་པར་གྱི་སྐུད་མདའི་བར་ནས།།
སྙིང་གཏམ་རེ་གླེང་ནས་བསྡད་ཡོད།།
སྙན་རྩོམ་ཞིག་འབྲི་དགོས་བསམ་རུང་།།
དེ་བབ་ཀྱི་རྣམ་དཔྱོད་དབེན་པས།།
ཁ་སྐད་ཀྱི་ཚིགས་བཅད་འགའ་ཞིག །
རང་སེམས་སུ་ཤར་བ་བྲིས་ཡོད།།
སྙན་བྱུང་། འདི་འདྲ་སྙན་རྩོམ་རེ་ཀློག་རྒྱུ་སྒུག་ནས་བསྡད་ཡོད།
“མཛེས་མ་ཞིག་འགུག་འདོད་བསམ་རུང་།།
བརྩེགས་མ་ཡི་སྒོར་མོ་མེད་པས།།”
“དཔོན་ཆེན་ཞིག་བྱ་དགོས་བསམ་རུང་།།
ལྟག་སྒོ་དེ་འཛུལ་ཐབས་མ་ཤེས།།”
འདི་གཉིས་རང་གིས་མ་འཇོན་པའི་སྡུག་ཡུས་རེད།
རྒན་མོ་ཡོད་བཞིན་དབྱིན་མོར་རེ་བ་དེ།
ཕལ་ཆེར་བསམ་པ་ངན་པའི་ཧམ་པ་རེད།
སྒོར་མོ་མེད་པར་འགྲོ་འདུག་ཤོར་བ་དེ།
ཚོང་གི་ཀླད་པ་མེད་པའི་རང་སྐྱོན་རེད།
ཐོབ་དང་གོ་སའི་ལྟག་སྒོ་མེད་པ་དེ།
ཁ་ཡག་མགོ་བདེ་མིན་པའི་རང་གྱོང་རེད།
ཡོད་ཚད་ཡིད་ཚིམས་མེད་པར་ལུས་པ་དེ།
བདེ་བ་ཆུང་ལ་ཆགས་པའི་རང་ཉོས་རེད།
རང་སྐྱོན་ངོ་ལ་བཞག་པའི་མཚང་འབྲུ་འདི།
རྩེད་མོ་ཡིན་པས་བློ་སེམས་ཁྲོས་མི་ཉན།
རྩོམ་འདིའི་རིགས་དངོས་གནས་སྙན་པོ་ཞི་དྲག་འདུག། དྲ་གྲོགས་ཚོ་ད་དུང་དེ་འདྲའི་རྩོམ་གཤིས་འབྲི་རོགས་གནང་། ཐུག་རྗེ་རེ་ཆེ།