བསྟན་འཛིན་འོད་ཟེར།
ཀ་བས་གནམ་སྔོན་བཏེགས་འདྲའི་གངས་ལྗོངས་ཕ་ས།།
ཁ་བ་རི་བའི་ཁོར་ཡུག་རང་བྱུང་བཀོད་པ།།
ག་ས་ག་ནས་གནོད་སྐྱོན་གཏོར་བཤིག་གཏོང་དུས།།
ང་ཚོའི་གཞི་བདག་གཉན་པོ་གང་དུ་བཞུད་སོང་།།
ཅ་ཅོའི་ལོ་རྒྱུའི་སྨྲ་བའི་ངག་རྒྱུན་རེ་ན།།
ཆ་ལུགས་འདྲ་མིན་སྣ་ཚོགས་སྲུང་མ་མང་རབས།།
ཇ་ཆང་ཡོད་ཚད་ཕུད་དེ་ཁྱེད་ལ་མཆོད་ནས།།
ཉ་ཉོག་ཟས་ཀྱི་ལྷག་མ་རང་གིས་ཟོས་མྱོང་།།
ཏ་ཐ་ག་ཏའི་བསྟན་སྲུང་མཐུ་རྩལ་ཆེ་རབས།།
ཐ་མལ་མི་དང་མི་འདྲ་རྫུ་འཕྲུལ་ཡོད་རབས།
ད་ནི་མཐུ་རྩལ་ཡོད་ན་གཟིམ་རན་མ་རེད།།
ན་ནང་ད་ལོའི་ཆག་སྒོ་གཟིགས་པ་མངའ་འམ།།
པ་ཕས་དུད་སྤྲིན་དཀར་པོའི་བསང་ཞིག་བཏང་ནས།།
ཕ་མེས་རྒྱུད་སྲུང་ཁྱེད་ལ་རེ་བ་བཅོལ་མྱོང་།།
བ་ཕྱུགས་བཞོས་པའི་འོ་ཕུད་ཁྱེད་ལ་མཆོད་ནས།།
མ་ལོས་རེ་འདུན་འགྲུབ་པའི་གསོལ་འདེབས་བྱས་མྱོང་།།
ཙྭ་རི་སྨན་ལྗོངས་ཕྱུག་མོའི་ཡུལ་ལྷ་གཞི་བདག །
ཚ་སྲེག་མེ་སྟག་བཞིན་དུ་མྱུར་མགྱོགས་ཡོད་ན།།
ཛ་དྲག་ཐོག་འབྲུག་གློག་གི་ང་རོ་དང་བཅས།།
ཝ་སྐྱེས་ཀླ་ཀློའི་དམག་དཔུང་རྨང་ནས་གཏོར་ཤིག །
ཞྭ་མོ་དམར་སེར་ཀུན་གྱི་སྲུང་མ་ཆེ་རབས།།
ཟ་བ་རི་རབ་བཏུང་བ་རྒྱ་མཚོ་བཞེས་རབས།།
འ་ཙི་འགག་ལ་ཐུག་དུས་ཐུགས་དམ་མེད་ན།།
ཡ་གི་ནམ་མཁའ་སྟོང་དང་ཁྱད་པར་ཅི་ཡོད།།
ར་བ་གངས་ཀྱིས་བསྐོར་བའི་མཐོ་སྒང་ཡང་རྩེར།།
ལ་ལུང་རི་བྲག་གཏེར་ཁ་རྨང་ནས་བསྔོགས་ཐལ།།
ཤ་རུས་སྤུན་ཟླའི་སྙིང་ལ་ན་ཟུག་བཏང་ཐལ།།
ས་ནག་མཆིན་པའི་ཕོ་ཤ་བཙན་གྱིས་གཤེག་ཐལ།།
ཧ་ཧེའི་གད་རྒྱངས་སྒྲོག་པའི་སྲུང་མ་གཉན་པོ།།
ཨ་དོན་སྟོང་པའི་དབྱིངས་སུ་གཟིམ་པ་མ་གནང་།།
ཧ་ཅང་འགག་ལ་ཐུག་པའི་དུས་སྐབས་འདི་ལ།།
ཨ་ཐང་ཆད་པའི་སྨྲེ་སྔགས་ཁ་ནས་ཤོར་ཐལ།།
ཀོ་ལྤགས་གཡུ་བྱུར་གསེར་དངུལ་རྒྱན་ཆ་དག་དོར་ཏེ། །
ཁོ་ང་མེད་པར་འཕགས་པའི་ནོར་བདུན་གྱིས་བརྒྱན་ན། །
གོ་ཐོབ་མེད་ཀྱང་ཀུན་གྱིས་དགའ་མོས་ནི་ཆེ་བ། །
ངོ་མ་མིན་ན་དཀོན་མཆོག་གསུམ་པོ་དེ་མཁྱེན་ནོ།།
ཅོ་ཀ་དྲུག་འགྱུར་ལྟ་བུའི་སྐད་ངག་ཅིག་མེད་མོད། །
ཆོ་མེད་མདོ་མེད་སྨྱོན་པའི་ལབ་བརྡོལ་གྱིས་འཇིགས་ཏེ། །
ཇོ་མོ་བླ་རིའི་རྩེ་ནས་ཀི་རིང་ཞིག་བཏབ་པས། །
ཉོ་ཚོང་སྲིད་པའི་ཁྲོམ་གྱི་འུར་ཟིང་དེ་ཡལ་སོང་། །
ཏོ་རི་ལོང་བཙན་ལ་སོགས་མེས་པོ་ཡི་ཞབས་རྗེས། །
ཐོ་གཞུང་གསེར་གྱིས་བྲིས་ལྟར་རང་སེམས་ན་གསོན་པོ། །
དོ་ཟླ་ཀུན་བྲལ་བཙན་པོའི་རྒྱལ་རབས་ལ་བལྟས་ན། །
ནོ་ཡོན་ཛ་སག་ལ་སོགས་བོད་མི་ལ་མི་འཛའ། །
པོ་ཏ་ལ་ཡི་བརྗིད་ཉམས་རྒྱང་རིང་ནས་མཇལ་ཚེ། །
ཕོ་མོ་རྒན་གཞོན་ཐམས་ཅད་ཧང་སངས་པའི་ཚུལ་དེས། །
བོ་དྷི་ས་ཏྭ་མ་ལུས་གདན་གཅིག་ཏུ་འཛོམས་ཞེས། །
མོ་ལུང་མི་དགོས་སུས་ཀྱང་ཐག་བཅད་ནས་བརྗོད་ཆོག །
ཙཽ་ར་དམུ་རྒོད་རྔམ་སེམས་རྡུལ་ཕྲན་དུ་བརླག་ན། །
ཚོ་བ་གཅིག་གཉིས་ཙམ་གྱི་ནུས་པ་ཡིས་མི་འདེང་། །
ཛཽ་རོ་zorroགེ་སར་འདྲ་བའི་དཔའ་རྒོད་འགའ་ཡོད་ན། །
ཝོ་བརྒྱལ་མེད་པར་བདུད་དཔུང་ལྷག་མེད་དུ་གཞོམ་ནུས། །
ཞོ་དང་འོ་མས་གསོས་པའི་ཐུ་བྷོད་ཀྱི་བུ་ཕྲུག །
ཟོ་སྐྱོགས་འུར་ཆ་བསྐྱུར་ཏེ་སློབ་གྲྭ་ལ་འཛུལ་ཞིག །
འོ་ཅག་ས་སྒང་འདི་ནས་བཙན་ས་ཞིག་འཛིན་ན། །
ཡོ་རོབ་ཨ་རི་བཞིན་དུ་སློབ་སྦྱོང་ལ་བརྩོནད་ཅིག །
རོ་བསླང་གསེར་འགྱུར་རྩི་ཡི་གདམས་པ་ཞིག་མེད་ཀྱང་། །
ལོ་མང་བསགས་པའི་རང་གི་ཉམས་མྱོང་ནས་བཤད་ན། །
ཤོ་རྒྱན་ཆང་གིས་མི་ཚེ་སྟོང་ཟད་དུ་གཏོང་བ། །
སོ་སོ་རང་གིས་རིག་པའི་དུས་ཚོད་དེ་རེད་འདུག །
ཧོ་ཧོ་རང་མགོ་མི་ཐོན་གཞན་ལ་གདམས་པ་འདི་མཚར་ཡང་། །
ཨོ་ཙམ་མིན་འགྲོ་བསམས་ནས་དྲ་ལམ་དུ་ཤོར་སོང་། །
ཕྱི་ལོ་༢༠༡༣ ཟླ་ ༨ ཚེས་ ༡༧ རེས་གཟའ་སྤེན་པའི་ཉིན། སྤྱན་རས་གཟིགས་སྒོམ་བཟླའི་ཐུན་གསེང་དུ་ཅུང་ཟད་གཡེང་བའི་དབང་དུ་ཤོར་བའི་ཚུལ་གཟུགས་སུ་བསྟར་བའོ།།
ཉལ་ས་སྐྱིད་པོར་ཨ་ཐང་ཆད་རབས་བཤད།
རང་ལག་མི་འགུལ་གཉེན་ལག་འགུལ་ཤིག་ཟེར།།
རྩམ་སྐྱ་ཞིག་དང་རས་དར་དུད་བསང་ལ།།
ཡུས་བཤད་དེ་འདྲ་རྒྱབ་ན་ཧམ་རེད།
ལྷ་ཀླུ་གསོ་བའི་ཤེ་ཉེ་གཡོ་རྐྱལ་ཚོ།
སྔོན་མའི་དཔའ་བོས་དཔའ་འཛིངས་བྱེད་དུས་འབོད།
རྒྱལ་ཁ་སྟེར་བའི་སྡོང་གྲོགས་རྒྱུད་མ་ཆད།
དེང་སང་ཝ་མོས་ཉལ་ས་སྐྱིད་དུས་འབོད།
བོས་བོས་ས་ལ་རྒྱུག་ཡང་ཞི་གནས་རེད།
ལྷ་སྲུང་ང་ཚོ་མ་ཐོན་མ་ཟེར་རོགས།།
པ་ཅིག་ཆད་འདུག་གོ།
ཡིད་ཆད་ལྷ་ལ་རེ་བའི་ཀ་རྩོམ་རེད་མི་འདུག་
ཡིད་ཆད་ལྷ་ལ་རེ་བ་མེད་པའི་ཀ་རྩོམ་རེད་འདུག
ཧ་ཧ་ཧ་ཧ
ལྷ་ཞིག་ཡོད་ན་རེ་བ་ཡིན་མོད།་ དོན་ལ་མེད་པ་འདྲ་བའི་ན་རེ་བ་མེད་པ་ཡང་ཡིན་ཆོག།
གང་ལྟར་བསམ་ཚུལ་གནང་བར་ཐུགས་རྗེ་ཆེ།
སྨོན་ལམ་ལོག་པས་རྒྱལ་བའི་བསྟན་པ་ལ། །
འཁུ་བའི་ནག་ཕྱོགས་གཟུགས་ཅན་གཟུགས་མེད་སྡེ། །
བསམ་སྦྱོར་ངན་པའི་འཇུག་པ་མ་ལུས་པ། །
མཆོག་གསུམ་བདེན་པའི་རྩད་ནས་གཅོད་གྱུར་ཅིག །འདི་སུའི་གསུང་རེད།
ཀ་ཁ་མི་ཤེས་རྒྱ་དམར་ཀླ་ཀློ་ཡི་ཁྱུ་ཚོགས། །ཁ་བ་ཅན་དུ་བཙན་གྱིས་འཛུལ་བའི་ཉིན་དེ་ནས། །
ག་ལེ་ག་ལེར་ང་ཚོའི་རང་དབང་ཀུན་འཕྲོགས་སོང་། །ང་ཡིས་བལྟས་ན་བདུད་དམག་གསོན་པོ་དེ་རེད་འདུག །
ཅ་ཅོའི་ཉོག་གཏམ་སྲིད་དོན་གཡོ་སྒྱུ་ལ་བྱང་བའི། །ཆ་རྒྱུས་དེ་ཙམ་མེད་པ་རྒྱ་ནག་གི་མི་རིགས། །
ཇ་ཡུན་ཙམ་ལའང་སྙིང་རྗེ་ཡོད་མཁན་ཞིག་དཀོན་པས། །ཉ་གསོད་བྱ་སྲེག་སྡིག་པ་མིག་བཙུམ་དེ་སྐྱོ་བ། །
ཏཱ་ལའི་བླ་མ་སངས་རྒྱས་མངོན་སུམ་དེ་ཡིན་ཡང་། །ཐ་ཆད་རྒྱ་མིས་སྐུ་གསུང་ཐུགས་གསུམ་ལ་བསྡོས་ཏེ། །
ད་བར་ལས་ངན་བསགས་པ་གནམ་འོག་འདིར་མི་ཤོངས། །ན་ནིང་གཞེས་ནིང་ལོ་ནས་ཇེ་སྡུག་དང་ཇེ་ཐུ། །
པ་ཏཱ་ལིན་八达岭 ནས་རྒྱ་ནག་ལྕགས་རི་དེ་མཐོང་སྐབས། །ཕ་མེས་བཙན་པོའི་སྟོབས་དང་ནུས་པ་དེ་དྲན་བྱུང་། །བ་ཡན་ཧ་རིའི་རྒྱུད་ནས་བོད་རྒྱ་གཉིས་འཐབ་དུས། །མ་རབས་རྒྱ་ལ་ཕམ་ཁ་ཡང་ཡང་དུ་སྤྲད་འདུག །
ཙ་མེན་་咋们一家人་་ཁྱིམ་ཚང་གཅིག་གི་མི་ཡིན་ཞེས་ཟེར་བཞིན། །ཚ་བོ་ཚ་མོའི་འཚོ་རྟེན་ཐོན་ཁུངས་ཀུན་བཅོམས་སོང་། །ཛ་ལང་གཏུམ་སྤྱོད་ཧམ་པ་རྒྱ་ཡན་དུ་འབར་བའི། །ཝ་སྐྱེས་རྒྱ་དམར་ས་སྟེང་གདོན་རྫས་དེ་ཡིན་ནོ། །
ཞ་ཧྭ་ཡན་ཧོང་华夏炎黄་་མེས་པོ་གོང་མ་ཚོའི་དུས་ལ། །ཟ་མ་བཟོ་མཁས་རྒྱ་རིགས་ཐབས་སྡུག་རང་མི་འདུག །འ་ར་འུར་རེ་མ་བརྟགས་དམར་ཤོག་འདི་དར་རྗེས། །ཡ་རབས་དམ་པའི་ལུགས་ཀུན་ཤུལ་མེད་དུ་བཏང་འདུག །
རྭ་ལོ་རྡོ་རྗེ་གྲགས་དེ་དེང་སང་ཡང་བཞུགས་ན། །ལ་མོའི་རྒྱབ་ཀྱི་བདུད་ཚོགས་ཐར་ས་ཞིག་མེད་དོ། །
ཤ་ཟ་ཁྲག་འཐུང་གདོང་དམར་ཐུ་བྷོད་ཀྱི་བུ་རྒྱུད། །ས་སྟེང་འདི་ནས་ཁྱིམ་གཞིས་ཟིན་ཐབས་དེ་དཀའ་བ། །
ཧ་ཧ་ཧོ་ཧོ་སྣང་བ་སྐྱིད་མདོག་རེ་བྱས་ཀྱང་། །ཨ་ཕ་ཨ་མའི་ཕ་གཞིས་དྲོན་མོ་དེ་དྲན་པ། །
ཕྱི་ལོ་༢༠༡༣ ཟླ་༨ ཚེས་༡༨ རེས་གཟའ་ཉི་མའི་ཐུན་གསེང་དུ། བྱང་ཨ་རིའི་རྒྱལ་ས་ཝ་ཞིན་ཋོན་གྱི་གནས་ཚང་གྲུ་བཞི་ནས་ཤར་མར་བྲིས།
ཀ་ར་སིལ་ཏོག་འཛོམས་ཚོད་སྡེར་ཁ་ཞིག་བསྒྲིགས་ཏེ། །ཁ་ཁོག་མཐུན་པའི་གྲོགས་པོ་གྲོགས་མོ་དང་མཉམ་དུ། །ག་ལེར་སེམས་གཏམ་གླེང་བའི་སྐལ་བཟང་གི་དུས་ཚོད། །ང་ཡིས་དྲན་ཐེངས་རེ་ལ་སྐྱིད་སྣང་ཞིག་ཤར་གི །
ཅ་ལག་དངུལ་མེད་ལག་གཉིས་མཆན་སྟོང་ལ་བཅུག་སྟེ། །ཆ་མེད་རྒྱ་གར་འཕགས་ཡུལ་རྡ་ས་ལ་བརྟོལ་རྗེས། །ཇ་ཡུན་ཙམ་ལ་༧རྒྱལ་བའི་གསེར་ཞལ་དེ་མཇལ་སྐབས། །ཉ་གང་ཟླ་བའི་འཛུམ་ཞལ་སྙིང་དབུས་ནས་གྲོལ་སོང་། །
ཏ་ཐཱ་ག་ཏའི་བསྟན་ལ་ཆུང་དུས་ནས་དད་ཀྱང་། །ཐ་མལ་ལུས་ལ་གཞན་དབང་དམར་ལུགས་ཀྱི་སློབ་གསོས། །ད་བར་ཉམས་ལེན་བྱེད་པའི་རང་དབང་ཞིག་མ་ཐོབ། །ན་མཉམ་མང་བོའི་ཆོས་སྐལ་རྒྱ་དམར་གྱིས་བཅད་སོང་། །
པ་ཏྲའི་རི་མོ་ཙམ་ཡང་རྨོངས་དད་དུ་བརྩིས་ཏེ། །ཕ་ཆོས་རིག་གཞུང་བཟང་བོ་རིག་གསར་གྱིས་བསྣུབས་སོང་། །བ་གམ་མངོན་མཐོའི་དགོན་པ་ལྷ་ཁང་དང་གནས་ཆེན། །མཱ་ལེ་རིང་ལུགས་པ་ཚོས་གྱང་གོག་ཏུ་བསྒྱུར་སོང་། །
ཙ་ལེང་ཧྭའོ་་ 咋俩好་་ཞེས་སྐད་ཅོར་ཁང་བ་གང་བརྒྱབ་སྟེ། །ཚྭ་སྒོག་གཡེར་གསུམ་མང་བའི་རྒྱ་ཟས་ལ་རོལ་ནས། །ཛ་ཡའི་གསུང་རབ་ཀློག་རྒྱུ་གཏིང་བརྗེད་དུ་སོང་བ། །ཝ་ལེར་བསམ་ན་སྨྱོན་པའི་མཐར་ཐུག་དེ་རེད་འདུག །
ཞྭ་མོ་བསྐོན་ནས་མི་ངན་རིགས་བཞི་རུ་བསྙད་དེ། །ཟ་དབང་འཐུང་དབང་མེད་པར་སྐྱོན་འཛུགས་དང་རྡུང་བརྡེགས། །འ་ན་འོན་ནེ་ཞ་འཐེང་ཚེ་ལད་དུ་བསྒྱུར་བའི། །ཡ་མཱོན་མི་དགོས་བོད་མི་གསོད་གཏུབ་ཀྱི་ལོ་ཟླ། །
ར་བ་གངས་རིས་བསྐོར་བའི་སྣོད་བཅུད་ཀྱི་སྐྱབས་མགོན། །ལ་དྭགས་ཞི་བ་ཚལ་གྱི་ཕོ་བྲང་ན་བཞུགས་འདུག །ཤ་རུས་གདུང་རྒྱུད་གཅིག་པའི་གཞིས་བྱེས་ཀྱི་སྤུན་ཟླ། །ས་ཆ་གང་ན་ཡོད་ཀྱང་གསོལ་འདེབས་ལ་རེམ་ཞིག །
ཧ་ཅང་མཉམ་པར་མ་བཞག་ཀ་རྩོམ་གྱི་ཕྲེང་བ། །ཨ་ཁུ་གདུགས་མིང་རྒད་པོས་མཚན་དཀྱིལ་ལ་བྲིས་སོ། །
ཕྱི་ལོ་༢༠༡༣ ཟླ་༨ ཚེས་༡༩ རེས་གཟའ་ཟླ་བའི་ཐོ་རེངས་དང་བོར།