གྲགས་པ་ནས།
ཕྱོགས་རིས་འཐེན་འཁྱེར་རྦ་རླབས་བཞིན་དུ་འཁྱིལ།།
མགོ་བདེ་དྲན་འཁྲུལ་ཐེའུ་རང་བཞིན་དུ་མྱུར།།
ངོ་དགའ་སྤྲེལ་ལད་བྱི་ལའི་རང་གཤིས་ཅན།།
ད་ལྟའི་སྤྱི་ཚོགས་འདི་ལ་ཡིད་ཐང་ཆད།།
རང་མཐོང་ང་རྒྱལ་རི་བོ་ལས་ཀྱང་མཐོ།།
གནས་ལུགས་དྲང་བདེན་ཉིན་མོའི་སྐར་མ་བཞིན།།
ཐོབ་དང་གོ་གནས་མིག་འབྲས་བཞིན་དུ་བསྲུང་།།
ད་ལྟའི་སྲིད་སྐྱོང་འདི་ལ་ཡིད་ཐང་ཆད།།
ཆིག་བསྒྲིལ་གསར་གཏོད་རང་ཁ་རང་གསོ་ཡི།།
རྩ་དོན་གསུམ་པོ་དབྱངས་སུ་གྱེར་ན་ཡང་།།
དོན་གྱི་འབྲས་བུ་ལྷན་འཇགས་ཙམ་ལས་མེད།།
ད་ལྟའི་སྲིད་སྐྱོང་འདི་ལ་ཡིད་ཐང་ཆད།།
དགེ་བཤེས་མ་ལ་ཕྱག་འཁྱེར་བསྩལ་བ་དང་།།
པོ་ཏཱ་ལ་ཡི་གཞུང་ལམ་གསར་བཟོ་གཉིས།།
རང་གི་བྱས་རྗེས་ཕྱོགས་སུ་བཙན་གྱིས་འཐེན།།
ད་ལྟའི་སྲིད་སྐྱོང་འདི་ལ་ཡིད་ཐང་ཆད།།
མདོ་སྨད་གཞིས་བྱེས་གཉིས་ཀྱི་དད་པའི་སྟོབས།།
གཅིག་ཏུ་སྤུངས་པའི་༧སྐུ་ཡི་གྱ་སྟོན་ཡང་།།
བཀའ་ཤག་གསར་པའི་མཛད་རྗེས་ནང་ལ་བགྲངས།།
ད་ལྟའི་སྲིད་སྐྱོང་འདི་ལ་ཡིད་ཐང་ཆད།།
ཨ་རིའི་བུད་མེད་ཅིག་གི་རྩོམ་ཡིག་ནང་།།
སྲིད་སྐྱོང་ཁང་རིན་ཡོང་ཁུངས་མི་གཙང་ཞེས།།
ཅི་ཙམ་བསྒྲགས་ཀྱང་མི་སྨྲའི་བརྟུལ་ཞུགས་འཛིན།།
ད་ལྟའི་སྲིད་སྐྱོང་འདི་ལ་ཡིད་ཐང་ཆད།།
རྒྱལ་བ་དོན་གྱི་བདག་པོ་བཞུགས་བཞིན་དུ།།
ཁོང་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ།།
གནས་སྤོ་བྱེད་པའི་བྱ་སྤྱོད་འདི་མཐོང་དུས།།
ད་ལྟའི་སྲིད་སྐྱོང་འདི་ལ་ཡིད་ཐང་ཆད།།
རྒྱལ་བའི་སྐུ་ཕྱར་བཟློ་བའི་དོལ་ཚོགས་ཀྱིས།།
རྒྱལ་བའི་ཕེབས་ལམ་བཀག་པའི་ངོ་རྒོལ་གྱིས།།
རྒྱལ་བའི་མདུན་དུ་བསླེབས་ཀྱང་སྣང་མེད་བཞག།
ད་ལྟའི་སྲིད་སྐྱོང་འདི་ལ་ཡིད་ཐང་ཆད།།
ཟམ་གདོང་བླ་མའི་ཐུགས་ཀྱི་བཅུད་ཕྱུང་བའི།།
ཤེས་ཡོན་སྲིད་བྱུས་ཉི་མ་ལྟ་བུ་ཡང་།།
གཞི་རྩ་མེད་པ་བྱེ་མའི་འཆང་བུར་བསྒྱུར།།
ད་ལྟའི་སྲིད་སྐྱོང་འདི་ལ་ཡིད་ཐང་ཆད།།
བོད་རྒྱ་འབྲེལ་མོལ་སྐུད་ལམ་ཆད་པ་དང་།།
རྒྱ་བོད་འབྲེལ་མཐུད་མི་སྣ་མེད་པ་བཟོས།།
ཐད་བསྐོས་སྐུ་ཚབ་རྣམས་ཀྱང་རྩ་དགོངས་བཏང་།།
ད་ལྟའི་སྲིད་སྐྱོང་འདི་ལ་ཡིད་ཐང་ཆད།།
མི་རིགས་ལྟ་གྲུབ་སྨྲ་ལ་གན་དྷེ་བཞིན།།
རྒྱལ་ཁམས་ཚད་མས་སྐྱོང་བར་ནེ་རོ་བཞིན།།
སྲིད་སྐྱོང་འོས་མི་སྤེན་ཚེ་མཆོག་ལ་ཡང་།།
ནག་མེད་ཉེས་འཛུགས་བྱས་པས་ཡིད་ཐང་ཆད།།
གཞིས་བྱེས་དད་པའི་སྤུ་ལོང་གཡོ་བ་ཡི།།
དུས་འཁོར་དབང་ཆེན་མར་ཁུ་འདྲ་བོ་ཡང་།།
སྲིད་སྐྱོང་མཆོག་གི་སྲིད་ཀྱིས་མེད་པར་བཏང་།།
ད་ལྟའི་སྲིད་སྐྱོང་འདི་ལ་ཡིད་ཐང་ཆད།།
འཛིན་སྐྱོང་ནང་ཁུལ་མཐུན་པའི་གཏམ་བསྒྲགས་ཏེ།།
འཛམ་གླིང་ཤར་ནུབ་ཉུལ་ནས་ཕྱིར་འཁོར་དུས།།
མཛངས་མ་བདེ་སྐྱིད་ཆོས་དབྱིངས་རྩ་དགོངས་ཞུས།།
ད་ལྟའི་སྲིད་སྐྱོང་འདི་ལ་གད་མོ་འཆོར།།
རང་གི་སྐྱོན་ལ་ཅུང་ཙམ་རག་པ་ན།།
དེ་མི་དགའ་ཁྲོ་བོའི་སྐུར་བཞེངས་ཏེ།།
ཉེན་རྟོག་པ་ལ་རྩིས་སྤྲོད་བྱེད་ངེས་ཞེས།།
འཇིགས་སྐུལ་བྱེད་པ་འདི་ལ་ཡིད་ཐང་ཆད།།
གནས་ལུགས་དྲང་བདེན་ཚངས་པའི་ཐིག་འདེབས་པའི།།
སྲིད་སྐྱོང་འོས་མི་སྤེན་ཚེར་རྒོལ་མཁན་རྣམས།།
བརྙན་དང་འདྲ་གཟུགས་རྫུན་མ་བཟོས་བཟོས་ན།།
ནམ་ཞིག་རྗེས་ངན་གསལ་བའི་རང་མཚང་སྟོན།།
ཨོ་རྒྱན་སྟོབས་རྒྱལ་བསྟན་པ་ཡར་འཕེལ་སོགས།།
སྒེར་གྱི་ན་ཚ་ཞིག་གི་འཁོན་སེམས་ཀྱིས།།
སྤེན་ཚེའི་ཕྱོགས་ལ་སྡང་ཟུག་བྱས་པ་ལས།།
སྲིད་སྐྱོང་མཆོག་ལ་ལྷག་བསམ་བྱས་པ་མིན།།
བོད་དོན་བདེན་མཐའི་ཉི་མ་ཤར་བ་ལ།།
ཡོད་ཚད་བློས་བཏང་བྱས་པའི་བཙོན་ཟུར་བ།།
ད་ལྟ་ཆོལ་ཁའི་ཕྱོགས་སུ་ལངས་པ་ཡང་།།
རྐང་རྗེས་ལག་གསུབ་བྱས་པའི་བྱ་སྤྱོད་རེད།།
བཀྲས་མཐོང་བ་དང་བཀྲ་ཤིས་དབང་འདུས་སོགས།།
ལོ་མང་ཉམས་མྱོང་ཅན་གྱི་སྐྱེས་བུ་དག།
ཟུར་དུ་བཞག་ནས་བློ་སེང་བདམས་ན་ཡང་།།
ད་ལྟ་འགྱོད་པ་སྐྱེས་པའི་དུས་སུ་བསླེབས།།
མདོར་ན་དྲང་པོའི་སྤྱན་དཀྱུས་རིང་བ་ཚོས།།
རང་གི་འོས་དེ་མང་གཙོའི་ཁེ་བཟང་དུ།།
ལོངས་སུ་སྤྱོད་པའི་བློ་མིག་རབ་བགྲད་དེ།།
བསྲེག་བཅད་བརྡར་བའི་མི་བུ་ཚད་ལྡན་འདོམས།།
༢༠༡༦/༣/༡༥ ཉིན།
དགའ་ལྡན་ཕོ་བྲང་ལོགས་སུ་ཐོན་ནའང་།
ཟམ་གདོང་བླ་མས་ལྐོག་ནས་ནང་འདྲེན་དང་།
ཀླད་མེད་སྤེན་ཚེ་མདུན་དུ་འཕྱར་ནས་ནི།
བོད་ཀྱི་སྲིད་ལ་ལག་པ་འཆང་དེ་སྐྱོ།
རང་གི་ངོ་ཤེས་སྐལ་རྡོར་ཏེ་ལོ་སོགས། །བོད་པ་མིན་ཡང་གློ་བུར་དོན་གཅོད་བསྐོས། །གཞན་གྱི་བྱ་བཟང་རང་གི་ངོ་གསོར་འཁྱེར། །ནོར་འཁྲུལ་ཁས་ལེན་མེད་པས་ཡིད་ཐང་ཆད།།
ཚོགས་གཙོ་སྤེན་ཚེ་མཆོག བསྲེག་བཅད་བརྡར་བའི་མི་བུ་ཚད་ལྡན་ཡིན་ནམ། ལགས།
༡༽ ཚོགས་གཙོ་སྤེན་པ་ཚེ་རིང་གིས། །རྒྱལ་བས་དུས་དབང་ཕྱིར་འཐེན་དེ། །དགོངས་པ་གཞན་དག་ཡོད་རབས་ཟེར། །བཀའ་ལ་ལོག་འགྲེལ་བྱས་པར་སྐྱོ།།
༢༽ མི་བསད་དང་ནི་གྲོས་ཚོགས་གཏོར། །རག་གིས་བཟི་སྟེ་གྲོས་ཚོགས་སུ། །རྒྱ་ནག་བཀའ་དྲིན་ཆེ་རབས་བཤད། །ཡིད་ཆེ་བྱེད་ས་མེད་པར་སྐྱོ། །
༣༽ རག་གིས་བཟི་སྟེ་སྤྱི་ཐབ་ཏུ། །མདོ་སྨད་སྤྱི་འཐུས་རྡུང་རྡེབ་བཏང། །ཨ་རིའི་གཞོན་ནུ་ཚོགས་པ་དེ། །དུམ་བུ་གཉིས་སུ་བཟོས་པར་སྐྱོ། །
༤༽ ཡོ་རོབ་སྦེལ་མཇམ་སྐུ་ཚབ་ལ། །ང་ཚོར་རོགས་པོ་དགོས་མེད་བཤད། །བོད་མི་ཉམ་ཐག་གསར་འབྱོར་རྣམས། །སྐྱབས་བཅོལ་ཡིག་ཆ་ནག་པོར་བསྒྱུར། །
༤༽ སྤྱི་རྒྱུ་སྒེར་བདག་ཟླ་ཚེ་ལྷན། །ཆོས་བརྒྱུད་དང་ནི་ཆོལ་ཁ་དཀྲུག །ཤར་ཁུག་ལ་ནི་ལམ་སྟོན་གྱིས། །སྲིད་སྐྱོང་ལས་རིགས་མཛད་དཀའ་བཟོ།།
༥༽ བདེ་སྐྱིད་ཆོས་དབྱངས་བརྩི་དུང་གིས། །བསླུ་སྟེ་ས་ཡ་དྲུག་པོ་ཡི། །ལ་རྒྱ་དོར་ཏེ་ལམ་ལོག་ཁྲིད། །མི་རིགས་མཐུན་སྦྲིལ་རྨང་ནས་བཤིག །
དག་ཆ་མི་ཤེས་ཡིག་ནོར་མང་།།ཚིག་བཅད་མི་ཤེས་བཙན་བསྒྲིགས་བྱས།།ཆབ་སྲིད་མི་ཤེས་ཚོགས་གཙོ་གླེང་།།ཁུངས་བསྐྱེལ་མེད་པའི་གཏམ་མ་སྒྲོགས།།