(ཀླུ་སྨྱོན་རྩོམ་རིག་བྱ་དགའི་འགྲན་རྩོམ།)
དབྱངས་བུ་ཚེ་རིང།
མོ་ལ་དབྱངས་ཅན་ལྷ་མོ་ལྟ་བུའི་འཇོ་སྒེག་གི་མཛེས་སྡུག་དང་། ཁུ་བྱུག་གི་གསུང་སྐད་ལྟ་
བུའི་སྐད་ངག་གི་སྙན་འགྱུར་མེད་ཀྱང། བཅོས་མིན་ལྷུན་ཆགས་དང་གཡོ་མེད་དྲང་
བདེན་གྱི་གཤིས་སྤྱོད་གཉོམ་པོ་དེས་མོ་ནི་ཀུན་གྱི་སེམས་ངོགས་ན་མེ་ཏོག་ལྟ་བུའི་
མཚར་སྡུག་གི་གཟི་བྱིན་ཆེས་ཆེར་འབར་ཡོད།
དེའི་ཕྱིར་མོ་ནི་ཡིད་དུ་འོང་བའི་བུ་མོ་ཞིག་ཡིན་པས། མཐའ་འཁོར་ན་ཕོ་གསར་མང་པོ་
ཞིག་གིས་མིག་ཟུང་རིག་རིག་དང་སེམས་པ་ཚ་ལམ་ལེམ་ཁོ་མོ་ལ་དོ་སྣང་དང་ཡིད་འཇོག་
བྱས་ཀྱང། མོས་རང་ཉིད་ཀྱི་ཡིད་འོང་གི་ཀུན་གཤིས་དེ་དམ་དུ་བཟུང་ནས་སུ་ལའང་
སེམས་པའི་ཁ་ལོ་མི་གཡེང་པར། གཉོམ་ལྷང་ལྷང་གི་འཛུམ་མདངས་ནམ་རྒྱུན་བཞིན་
རྫོགས་མཐའ་མེད་པའི་སེམས་འགྱུ་མང་པོའི་ཁྲོད་དུ། ཕ་མའི་མཛའ་བརྩེ་ལས་ཐོབ་
པའི་རང་དགོས་ལས་དོན་ལ་འབད་པས་བརྩོན་བཞིན་མཆིས།
ཁོ་མོས་གཞན་སེམས་ལ་དགོས་མེད་ཕོག་ཐུག་གི་རྨ་ཁ་མི་བཟོ་པར། ན་མཉམ་གྱི་སློབ་གྲོགས་
ཕལ་བ་དག་དང་ཁ་སེམས་གཉིས་མེད་ཀྱིས་འབྲེལ་འདྲེས་ཟབ་ཅིང། ཅི་མི་སྙམ་པར་ཁོ་ཚོ་
དང་ལྷན་དུ་གནས་པར་ཧ་ཅང་དགའ་ལ། དུས་ཚོད་ནི་གསེར་ལྟར་རྩ་ཆེར་རྩིས་ནས་
ནམ་རྒྱུན་སློབ་སྦྱོང་དང་ལས་དོན་ཁོ་ནར་གཞོལ་ཏེ། ཡོད་ཚད་མི་རིགས་ཀྱི་མཚན་མཐོང་
དང་རང་ཡུལ་སླར་གསོའི་ཆེད་འབུལ་བར་མོས།
ཁོ་མོས་ཕ་མ་ནི་རང་ཉིད་ཀྱི་ཡོད་ཚད་ལ་སྤྲོ་སྣང་དང་བདེ་སྐྱིད་སྦྱིན་པའི་བླ་སྲོག་ཡིན་པ་
ངེས་ཤེས་ཐོབ་སྟེ།་བྱིས་དུས་ཀྱི་ནམ་ཟླ་ནས་གནང་བའི་ཁ་ཏ་བསླབ་བྱའི་ཚིག་འབྲུ་རེ་རེ།
སེམས་དབུས་ཀྱི་དྭངས་མར་ཉར་ཏེ་འགྲོ་འདུག་ཉལ་ཆག་གི་བྱ་སྤྱོད་ཚང་མ་ཕ་མའི་བཀའ་
གསུང་བརྟེན་ཞིང། ནམ་ཡང་ཕ་མའི་བརྩེ་སེམས་དང་བཀའ་དྲིན་སྙིང་གི་ཟབ་སར་ཉར
ནས་དྲིན་བྱས་ཐམས་ཅད་དྲིན་དུ་གོ།
ཁོ་མོའི་ངུ་སྐད་ཀྱི་དབྱངས་རྟ་འཐེན་ས་དང་ཚེ་སྲོག་གི་ལང་ཚོ་འབུས་ས་ཕ་ཡུལ་གྱི་
མཛེས་སྡུག་གིས་སྟོང་པའི་སྐྱ་ཐང་ཐང་གི་གཞན་ཡུལ་ཡིན་ཡང། མོའི་སེམས་ཁོང་ན་
ཕ་མེས་ཀྱི་གཏམ་རྒྱུད་མང་པའི་རང་ཡུལ་ལ་བཅངས་པའི་ལྷད་མེད་ཀྱི་དུངས་པ་རྒྱ་
མཚོའི་གཏིང་ལས་ཟབ་ཅིང། རང་དབང་ལ་རེ་བའི་དམར་ཆུང་གི་སེམས་པ་རི་བོའི་
གཏོས་ལྟར་ཆེ། དེའི་ཕྱིར་ཁོ་མོས་ནམ་རྒྱུན་ཕ་ཡུལ་གྱི་ལོ་རྒྱུས་ལ་མྱོང་ཚོར་དང་རང་རིགས་
སྤུན་ཟླའི་བདེ་སྡུག་རྒྱུས་ལོན་གྱི་བྱ་བཞག་ལ་འབད་འབུངས་བསྐྱེད་དེ། ཁོ་མོའི་རྟག་བརྟན་
ལྟ་སྤྱོད་ཀྱིས་བཅིངས་པའི་མི་ཚེ་ཧྲིལ་པོའི་ལམ་བུ་འདིར། མཐའ་མཇུག་གི་ལུས་སྲོག་གོམ་
ཁ་སྤོས་མ་མྱོང་བའི་ཕ་ཡུལ་གྱི་རི་ཆུ་ལུང་གསུམ་ལ་གཏུམ་འདོད་ཧ་ཅང་ཆེ།
ཁོ་མོ་རང་དོན་ཁོག་བཅུག་དང་གཞན་དོན་སྨིན་མ་ཟང་ཟིང་གི་སྐྱི་གཡའ་བའི་བྱ་བར་
མི་ཞུགས་ལ། རང་ཡུལ་དང་རང་ཉེ་ཕ་མ་སོགས་ལ་རྒྱབ་ཀྱི་ཕྱོགས་པའི་ངོ་གནོང་བའི་
ལས་ཀ་དེ་བས་མི་བྱེད། དུས་རྒྱུན་དྲང་བདེན་ལ་བློ་ཁ་པྱོགས་ཤིང་རླུང་ལ་སྤུར་པའི་
རང་ཡུལ་གྱི་ཆག་གྲུམ་སླར་གསོའི་ངལ་བ་ཧ་ཅང་ལྕི།
ཁོ་མོས་རང་ལས་མཐོ་བའི་རིགས་ལ་ཕྲག་དོག་གི་མདའ་མོ་མི་འཕེན་ཞིང་། རང་
མཉམ་རང་དམན་གྱི་རིགས་ལ་མཐོང་ཆུང་དང་ཁྱད་གསོད་མེད་པར། ཡོད་ཚད་ལ་ཁྱབ་
མཉམ་པའི་མཛའ་མཐུན་གྱི་འཛུམ་མདངས་སྟོན་བཞིན། གཞན་སྟེང་གི་ལེགས་ཆ་རང་ཉིད་
ཀྱི་མཛེས་སྡུག་ཏུ་འཐུ་བ་དང། རང་སེམས་ན་ཉར་བའི་ངེས་དོན་གྱི་ཚིག་འབྲུའི་གསང་བ་
ཡོད་ཚད་གཞན་རྒྱུད་ཀྱི་རྨ་ཁ་གསོ་བའི་སྨན་དུ་སྦྱིན།
ཁོ་མོས་དུས་རྒྱུན་ཆེ་བཀུར་ཆུང་གཉོར་དང་རང་མཉམ་མཐུན་སྒྲིལ་གྱིས་གཞན་སེམས་ལ་
སྡུག་མི་འཇོག་རང་སེམས་ལ་ངན་མི་དྲན་པར། རང་རིགས་ཀྱི་ལ་རྒྱ་སེམས་ངོགས་ལ་བཟུང་
ནས་སྐྱིད་སྡུག་མཉམ་མྱོང་གི་མོས་པ་ཤིན་ཏུ་ཟབ།
ཁོ་མོས་རང་ཉིད་ལ་ལྷོད་མེད་ཀྱི་བློ་སྟོབས་ཡོད་ན་མོ་ལུས་བླངས་པའི་མི་ཚེ་ལའང་དོན་སྙིང་
ལོན་པའི་འདུ་ཤེས་བཟུང་སྟེ། རང་ཉིད་ཀྱིས་རང་ཉིད་ལ་གདེང་འཇོག་དང་སྤོབས་པ་ཆེར་
བསྐྱེད་ཀྱིས། ཤེས་རིག་གི་རྒྱ་མཚོ་ལས་ཤེས་ཡོན་གྱི་ནོར་བུ་བླངས་ནས་མི་ཚེ་ལ་འོད་སྟོང་
འབར་བའི་མདུན་ལམ་འཚོལ་སྒྲུབ་དང།་མི་རིགས་ལ་ལྷག་བསམ་ཟོལ་མེད་ཀྱིས་ལག་སྐྱེས་
འབུལ་རྒྱུའི་དམ་བཅའ་བཞག
ཁོ་མོས་རང་ཉིད་ཀྱིས་ཅི་བྱེད་རང་ཉིད་ལ་དབང་བར་སེམས་ཏེ་འདུ་ཤེས་ངན་པ་ཚད་
བཀག་དམ་འཛིན་གྱིས། སྟོབས་འབྱོར་གྱི་རྒྱབ་རྩ་མཐུག་པའི་སྐྱེས་པ་ཚོའི་རྗེས་སུ་ཁྱི་བཞིན་
འབྲང་ནས་རང་ལུས་ཁ་འཚོང་མི་བྱེད་ལ། རྒྱུ་ངོམ་གྱི་བུ་མོ་རྐྱལ་སྟོང་ཚོའི་ལོངས་སྤྱོད་
ལའང་འགྲམ་ཆུ་མི་ལྡང། དེའི་ཕྱིར་ཁོ་མོ་ནི་ཡིད་དུ་འོང་བའི་བུ་མོ་ཞིག་ཡིན་ནའང་
།།བུ་མོ་ཚོས་ད་དུང་ཤེས་རྟོགས་བྱུང་མེད།།་།།
རྩོམ་འདིས་བུ་མོ་དྲང་བདེན་ཞིག་གི་གཤིས་ཀ་བརྗོད་ཡོད་པ་དང་།དེང་རབས་བུ་མོ་རྣམས་ཀྱི་ཀུན་སྤྱོད་ལ་ཕན་ངེས་རེད།