བོན་རྒྱ་བསྟན་འཛིན་རབ་རྒྱས། (ཤེད་བུ། )
ཨེ་ཛི་རཱ་ཕཱོང་ཊི་དང་ལྗང་བུ་ཟུང་གི་ཁ་བྱང་འདྲ་བོའི་སྙན་ངག་ལས་འཕྲོས་པ།
ངས་སྙན་ངག་འདི་གཉིས་ལ་བསྡུར་དཔྱད་ཅིག་བྱ་དགོས་བསམ་མོད། སྙན་ངག་འདི་གཉིས་ཀྱི་ཚིག་ངོས་གོ་སླ་ནའང་། རྒྱབ་ལྗོངས་ནི་གཏེར་ཁ་སྔོག་པ་ལྟར་ཧ་ཅང་གོ་དཀའ་བས་ང་ལ་བསྡུར་དཔྱད་ཀྱི་ཤེས་རབ་མི་འདུག ཡིན་ནའང་། ལྗང་བུའི་སྙན་ངག་”རྒྱལ་མོ་ལམ་ཀ་”ཡིས་ངའི་ཡིད་འཕྲོག་ཐལ་ནས། ངས་སྙན་ངག་དེ་ལྗང་བུ་ལ་ལོ་གཅིག་གི་རིང་འབྲི་བཅུག་པ་ཡིན། དེ་ནི་འུ་ཚོ་ཕ་ཡུལ་ནས་ལོ་ལོན་ཚོའི་གྱ་སྟོན་ལ་སོང་ན་”ངའི་ལོ་ཁྱོད་ལ་བྱིན་པ་ཡིན། ཁྱོད་ཚེ་རིང་ལོ་བརྒྱ” ཟེར་སྲོལ་ཡོད་པ་ལྟར། ངས་ཀྱང་ལྗང་བུ་ལ་ཕཱོང་ཊི་ཡི་སྙན་ངག་འདི་བྲིས་ཡུན་གྱི་ལོ་དེ་ཕུལ་ནས་སྙན་ངག་པ་ཁོང་ལ་”ཚེ་རིང་ལོ་བརྒྱ་”ཞུས་པའི་ཁུལ་ཡིན། ཡང་སྙན་ངག་ལ་”ཚོར་བ་ཚོར་བ་”ཞེས་སླ་ཆོས་བྱེད་མཁན་དང་། དམངས་ཁྲོད་ཀྱི་ལ་གཞས་ལྟར་དཔེ་རྟུལ་བོ་བཀོད་ནས་དཔེ་དང་དཔེ་ཅན་ཐད་ཀར་ཁ་སྤྲད་དེ་ཁ་བདེ་བདེ་བྱས་ནས་སྙན་ངག་ཡིན་མདོག་སྟོན་མཁན་རྣམས་དང་། སྙན་ངག་ལ་སྙིང་བོ་མེད་པར་ལྟ་བ་མཐའ་དག་གི་ངོ་གདོང་ལ་ཁྲམ་རྟགས་བརྒྱབ་ཡོད། ཕཱོང་ཊི་དང་ལྗང་བུས་”སྙན་ངག་གཅིག་འབྲི་བ་ནི་མ་ལ་བུ་བཙས་པའི་སྡུག་བསྔལ་དང་འགྲོགས་ནས་ཡོད་” ཅེས་པར་བདེན་དཔང་བྱས་ཡོད་ལ་ངས་དེ་གསལ་བཤད་བྱས་པ་ཡིན། “དེ་འདྲ་ཞིག་ཨེ་རེད། ཧེ་ཧེ་་་་”་ངས་རྩེད་མཚར་དང་འབྲེལ་མུ་མཐུད་དེ་གླེང་མོལ་བྱེད།
ཕྱིས་དེ་ག་རང་ལྗང་བུས་ཕཱོང་ཊིའི་སྙན་ངག་དེ་དང་ཁ་བྱང་འདྲ་བོའི་སྙན་ངག་ཅིག་བྲིས་ནས་སླེབས་སོང་། སྙན་ངག་དེའི་བསླུ་བྲིད་ཚད་ལས་བརྒལ་ཏེ་ངའི་ཉིན་མཚན་ཁོར་མོ་ཡུག་ལ་དབང་བསྒྱུར་བྱས་བྱུང་། ང་གཅིག་བུ་མིན་པར་སྙན་ངག་པ་མང་པོ་ཞིག་ལའང་བསླུ་བྲིད་ཐེབས་ཡོད་ཚོད་དེ། སྙན་ངག་འདི་གཉིས་ཀྱི་ངོ་སྤྲོད་རེ་འབྲི་བ་དང་ཕཱོང་ཊིའི་སྙན་ངག་བསྒྱུར་བ་སོགས་ཀྱི་འུར་ཞིག་ལངས་སོང་། ཡིན་ནའང་། ཁོང་དག་འུར་གྱི་གནས་བབ་ལས་བརྒལ་མི་འདུག རྒྱུ་མཚན་ནི་ཁོང་ཚོས་ཚིག་ངོས་ཙམ་ལ་རིགས་པས་རྩེད་མོ་རྩེད་པ་དང་སྐད་རིགས་གཞན་ནང་གི་ངོ་སྤྲོད་དག་ཐད་བསྒྱུར་བྱེད་ཀྱིན་འདུག སྙན་ངག་འདིའི་རིགས་ལ་དེ་ཙམ་གྱིས་རྔོ་མི་ཐོགས།
སྙན་ངག་འདི་གཉིས་མཚུངས་བསྡུར་བྱེད་རུང་ངམ།
འུ་ཚོས་མཐོང་བ་ནི། སྙན་ངག་དེ་གཉིས་ཁ་བྱང་འདྲ་བ་དེ་རེད། དེ་ལས་གཞན་དུ། དུས་ཚོད་ཀྱི་ཆ་ནས་འཛམ་གླིང་གི་ཁ་ཕྱོགས་བསྒྱུར་བའི་སྣང་ཚུལ་ལམ་ཆག་སྒོ་མངོན་འགྱུར་གྱི་དུས་སྐབས་ཤིག་ལ་བརྩམས་ཤིང་བརྗོད་གཞི་དེ་བཟུང་བའང་འདྲ་བོ་རེད། ཡིན་ནའང་། ཕཱོང་ཊིའི་སྙན་ངག་ནང་དུ་ཁོ་རང་ལས་འགུལ་བ་རེད། ལྗང་བུའི་སྙན་ངག་ནང་དུ་ཁོ་རང་ལྟད་མོ་བ་རེད། ཕཱོང་ཊིའི་སྙན་ངག་ནང་དུ་ཚང་མ་ད་ལྟ་བ་རེད་ད་ལྟ་བས་མ་འོངས་པའི་འཇིག་ཉེན་གླེང་གི་ཡོད། ལྗང་བུའི་སྙན་ངག་ནང་དུ་འདས་པའི་སྒྲུང་གིས་མ་འོངས་པ་གླེང་གིན་ཡོད། སྙན་ངག་གི་ལག་རྩལ་ལམ་སྒྱུ་རྩལ་ཐད་ནས་བལྟས་ན་ཕཱོང་ཊིའི་སྙན་ངག་གི་ནང་དུ་། ཡིད་བརྙན་རིང་ལུགས་ཀྱི་ལས་འགུལ་སྐབས་ཀྱི་མངོན་བསྒྲགས་སྒྱུ་རྩལ་གྱི་རྩ་དོན་གསུམ་ག་ཡོངས་སུ་མངོན་ཡོད་ལ། ཡིད་བརྙན་རིང་ལུགས་ཀྱི་དགག་སྒྲུབ་ཀྱི་བསླབ་པ་ཡོད་ཚད་མིག་འབྲས་བཞིན་བསྲུང་བའི་ཡིད་བརྙན་རིང་ལུགས་ཀྱི་དགེ་སློང་ཞིག་མཐོང་ཐུབ། ལྗང་བུའི་སྙན་ངག་གི་ནང་དུ་ཡིད་བརྙན་རིང་ལུགས་ཀྱི་གྲྭ་ལོག་ཅིག་མཐོང་ཐུབ། གྲྭ་ལོག་དེར་ཡིད་བརྙན་རིང་ལུགས་ཀྱི་སྡོམ་པ་མེད་ནའང་ཤེས་བྱ་འདུག་པས། ངས་བལྟས་ན་དཔྱད་བསྡུར་འོས་པ་ཞིག་རེད་སྙམ། ཡིན་ནའང་། ཕཱོང་ཊིའི་སྙན་ངག་དང་ཕཱོང་ཊིའི་ལོ་རྒྱུས་མ་ཤེས་ན་ཕཱོང་ཊིའི་སྙན་ངག་ལྟ་ཅི་ལྗང་བུའི་སྙན་ངག་ཀྱང་གོ་མི་ཐུབ། ལྗང་བུའི་སྙན་ངག་གིས་ཕཱོང་ཊི་དང་ཕཱོང་ཊིའི་སྙན་ངག་དཔེ་ལ་བཞག་ནས་སྙན་ངག་གི་ཡིད་བརྙན་སྤྲོས་འདུག
འདི་གཉིས་མཚུངས་བསྡུར་སྐབས་སུ་སྟོང་ཆ་ཞིག་ལྷག་པ་ནི། ཕཱོང་ཊིའི་སྙན་ངག་ཇི་ལྟར་བརྩམས་པའི་སྐོར་ཕཱོང་ཊི་རང་ཉིད་ཀྱི་གསལ་བཤད་ཡོད་ལ། སྒྱུ་རྩལ་གྱི་རྩ་འཛིན་ཡང་ཡོད་མོད། ལྗང་བུའི་སྙན་ངག་ཇི་ལྟར་བརྩམས་སྐོར་ལྗང་བུ་རང་ཉིད་ཀྱི་གསལ་བཤད་མེད་ལ། རྩ་འཛིན་ཡང་གང་ཡིན་ཆ་མ་འཚལ་བས་སོ། །དེར་བརྟེན། ལྗང་བུའི་སྙན་ངག་སྐོར་ལ་རང་གི་རིག་རྩལ་ཁོ་ནས་དཔྱད་དགོས། ཡང་ན། ནག་རྒྱག་གམ་མཁྱེན་པ་བཤད་དགོས་པ་ལས་དཔྱད་གཞིའི་གཞི་འཛིན་ས་སྙན་ངག་ལས་གཞན་ཡང་མེད། སྙན་ངག་རང་ངོས་ནའང་སྙན་ངག་གི་ལོ་རྒྱུས་དང་རིང་ལུགས་ཀྱི་གསལ་ཁ་མེད་པས་དཔྱད་གཞིར་མི་རུང་། དེ་བས་མཚུངས་བསྡུར་ཚད་ལྡན་ཞིག་བྱེད་དཀའ་བར་འདོད། སྤྱིར་ན་སྙན་ངག་གི་དཔྱད་པ་མཐའ་དག་སྙན་ངག་དེ་དང་དེ་ཡི་རྒྱབ་ལྗོངས་སམ་ལོ་རྒྱུས་དང་གཞུང་ལུགས་གཞིར་བཞག་ནས་དཔྱད་དགོས་པ་ལས་སྙན་ངག་རང་མཚན་པ་ལས་དཔྱད་མི་ཐུབ། གལ་སྲིད་སྙན་ངག་ཙམ་གྱི་ངོས་ནས་བརྒྱ་ཆ་སྤྲོད་ཐུབ་དུས་སྙན་ངག་གི་རིན་ཐང་མེད་པ་ཞིག་དང་ཟིན་བྲིས་དང་ཚིག་གྲུབ་ལས་བརྒལ་མེད་པའི་རྟགས་ཤིག་ཀྱང་ཡིན། མདོར་ན། ངས་དེ་ལྟར་སྙམ།
ཕཱོང་ཊིའི་སྙན་ངག་འདིའི་ལོ་རྒྱུས།
སྙན་ངག་འདི་ནི་ཡིད་བརྙན་སྙན་ངག་གི་ཚབ་མཚོན་སྙན་ངག་གྲགས་ཆེན་ཞིག་རེད། ཉིན་ཞིག་སྙན་ངག་པ་ཨེ་ཛཱར་ཕཱོང་ཊི་( Ezra Pound) ཧྥ་རན་སའི་རྒྱལ་ས་ཕ་རེ་སིའི་ས་འོག་མེ་འཁོར་འབབ་ཚིགས་ཀོང་ཀཱོ་རྡི་ (Concorde) རུ་ཞོགས་པར་ལས་ཀ་འགྲོ་དུས། ས་འོག་མེ་འཁོར་འབབ་ཚིགས་ཀྱི་འགྲུལ་བཞུད་མི་ཚོགས་ཁྲོད་ནས་མཛེས་མ་འགའི་ཞལ་རས་གཅིག་འཕྲོར་གཅིག་ཏུ་མངོན་པ་དང་། དེ་མ་ཐག་བྱིས་པ་སྙིང་རྗེ་བོ་དག་གི་ངོ་གདོང་ཡང་གཅིག་འཕྲོར་གཅིག་མཐུད་ཀྱིས་མངོན་པ་རེད། སྣང་བརྙན་དེ་སྐད་ཅིག་དེ་མ་ཉིད་ལ་སྙན་ངག་པའི་ཡིད་ལ་ཟུག་ཅིང་དེའི་སྐོར་ལ་འདང་བརྒྱབ་པ་རེད། སྙན་ངག་པས་དང་པོར་ཡིག་ཕྲེང་སུམ་ཅུ་ལྷག་བྲིས། ཟླ་དྲུག་གི་རྗེས་སུ་དེ་ཉུང་བར་བཏང་། ལོ་གཅིག་གི་རྗེས་དེ་ལས་ཀྱང་ཉུང་བར་བཏང་ནས་ཚིགས་ཕྲེང་གཉིས་ཅན་གྱི་སྙན་ངག་འདི་བྲིས་པ་རེད། ལོ་གཅིག་རིང་གི་བསམ་གཞིག་གི་མནར་གཅོད་དང་རྣམ་དཔྱོད་ཀྱི་རྣོ་དབལ་བརྒྱུད་རིམ་གྱིས་ཆེས་གཟིམ་ཏུ་མེད་པའི་ཡིད་བརྙན་རིང་ལུགས་ཀྱི་ཚབ་མཚོན་སྙན་ངག་ལ་གྱུར་བ་རེད།
ཕཱོང་ཊིས་དེ་དུས་ནས་སྒེར་དེབ་ཁ་ཤས་དཔར་ཡོད་ལ། མཚན་ཉིད་རིག་པ་དང་། སྐད་བརྡ་རིག་པ། འཆར་ཡན་རྩོམ་རིག ཟློས་གར་བཅས་སུ་ཆེད་སྦྱོང་གྲུབ་ཡོད། སྙན་ངག་འདི་དེ་དག་ཡོད་ཚད་ཀྱི་ཤེས་རབ་ཀྱི་ཁྱབ་ཁོངས་ནས་བྲིས་ཡོད་། སྙན་ངག་འདི་༡༩༡༣ ལོར་བཀྲམ་ཞིང་ལོ་དེ་ནི་འཛམ་གླིང་དམག་ཆེན་དང་པོའི་དུ་བ་འཕྱུར་སྐབས་ཤིག་རེད། ལོ་རྗེས་མར་འཛམ་གླིང་དམག་ཆེན་དང་པོའི་མེ་ལྕེ་དངོས་སུ་མཆེད་མགོ་ཚུགས་ཡོད། རྗེས་སུ་གསར་འགྱུར་ལས་རིགས་ཤིག་གཉེར་བ་བརྒྱུད་ཕཱོང་ཊི་ནཱ་རྫིའི་ལྟ་བ་ཅན་དུ་བསྙད་ནས། མཐའ་མཇུག་བཙོན་ཁང་ནང་གཅར་ནས་རྩིབས་མ་བཅག་ཡོད། སྨྱོན་པའི་ཟློས་གར་འོག་སྨྱོ་ནད་སྨན་ཁང་དུའང་ལོ་བཅུ་ཕྲག་ལྷག་བཅུག་མྱོང་ཡོད། རྩོམ་པ་པོ་འདིར་དེབ་བདུན་ཅུ་ལྷག་དང་ཡུ་རོབ་དང་ཨ་རི། ཨེ་ཤ་ཡ་བཅས་སུ་འགྲུལ་བཞུད་དང་འཛམ་གླིང་རང་བཞིན་གྱི་ཤེས་བྱ་ལ་རྒྱུས་མངའ་ཡོད་མཁན་ཞིག་ཡིན་པས་འཛམ་གླིང་ཤེས་བྱའི་རྒྱུན་ཤེས་མེད་ན་ཕཱོང་ཊིའི་སྙན་ངག་གོ་མི་ཐུབ་པའི་བཤད་རྒྱུན་ཡོད་པ་ལྟར། སྙན་ངག་འདི་ལའང་སྐྱེས་སྦྱངས་ཟུང་ལྡན་གྱི་ཤེས་རབ་ཅིག་མེད་ན་ར་འཕྲོད་དཀའ་བར་འདོད།
ཕཱོང་ཊིའི་སྙན་ངག་འདིའི་སྒྱུ་རྩལ་གྱི་གཞུང་།
ཕཱོང་ཊི་དང་ཁོང་གི་གྲོགས་པོ་གཉིས་ཀྱིས་སྐད་ཡིག་གི་ལས་འགུལ་ཞིག་སྤེལ་ཡོད་ལ། སྐབས་དེར་ཁོང་ཚོས་སྐད་ཡིག་གི་སྙིང་བཅུད་སྙན་ངག་དང་འབྲེལ་ཏེ་ལས་འགུལ་སྤེལ་བར་གྲོས་མཐུན་ཞིང་། ལས་འགུལ་དེ་ལ་ཡིད་བརྙན་རིང་ལུགས་སུ་གཏན་འཁེལ་ཞིང་དགག་བྱ་ཁ་ཤས་དང་།ཡིད་བརྙན་རིང་ལུགས་ཀྱི་སྙན་ངག་འབྲི་དུས་དོན་ཚན་གསུམ་ལ་དོ་སྣང་བྱེད་དགོས་པར་བཤད་ཡོད། གཅིག རྒྱ་བསྐྱེད་མི་ཐུབ་པའི་དཔེ་མི་སྤེལ་བ། གཉིས། དགོས་མེད་ཀྱི་ཚིག་མི་སྤྱོད་པ། གསུམ། ཚིག་དབྱངས་འགྲོས་དང་བསྟུན་པ་ལས་དབྱངས་འགྲོས་ཀྱིས་ཚིག་མི་འཁྲིད་པ་བཅས་ཡིན། དོན་ཚན་འདི་གསུམ་གྱི་ཚིག་ཟིན་ལྟར་བསྒྱུར་ན་དོན་ཐོབ་ཀྱི་གོ་བ་རྙེད་མི་ཐུབ་པས། ངས་འདི་ལྟར་གཏན་འཁེལ་གྱིས་མ་ཡིག་གསུམ་ག་དོན་ཚན་རེ་རེའི་རྒྱས་བཤད་ཀྱི་མཇུག་ཏུ་བཀོད་ཡོད།
དང་པོ་ནི། དཔེ་འགོད་དུས། ཁྱོད་ཀྱི་ཞལ་ནི་ཆུ་སྐྱེས་ཏེ། །ཞེས་པ་ལྟར་ཞལ་རས་དཀར་ལ་དམར་པའི་མདངས་ཆགས་པའི་དཔེར་པད་མ་བཀོད་པ་ལྟ་བུ་ནི་སྐབས་འདིའི་དགོས་མེད་ཀྱི་དཔེ་དང་རྟུལ་བོའི་དཔེ་ཡིན། དཔེ་དེས་ཀློག་པ་པོའི་རིག་པར་ཚད་བཀག་བྱས་ཡོད། དཔེ་གཅིག་གིས་རིག་པ་གཅིག་ལས་སྟོན་མི་ཐུབ་ན། དེ་ལ་རིགས་ལམ་ནས་དཔྱད་ན་རྟུལ་བོའི་དཔེ་ཡི་བརྡ་འབྱོར། བག་ཉལ་གྱི་འདོད་ཆགས་པད་མ་ལ་དཔེ་སྦྱར་བ་དེ་སྐབས་འདིའི་རྒྱ་བསྐྱེད་ཀྱི་དཔེ་རུ་ངོས་འཛིན་འོས་པ་ཡིན། འུ་ཚོའི་རིག་གནས་ཀྱི་ཁྲོད་དུ་པདྨ་ཞལ་རས་ཀྱི་དཔེར་ལེན་པ། པདྨ་རྣམ་མཁྱེན་གྱི་དཔེར་ལེན་པ། པདྨ་བག་ཉལ་གྱི་འདོད་ཆགས་ཀྱི་དཔེར་ལེན་པ་བཅས་ཡོད་པ་ལས། རྒྱུད་བླ་མར། སངས་རྒྱས་པད་ངན་སྦྲང་རྩི་སྦྲང་མ་ལ། །ཞེས་པ་ནས། ཇི་ལྟར་པདྨ་འདམ་སྐྱེས་དེ། །མདུན་དུ་གྱུར་ན་ཡིད་དགའ་དང་། །ཕྱིས་ནས་དགའ་བ་མེད་འགྱུར་བ། །འདོད་ཆགས་དགའ་བ་དེ་བཞིན་ནོ། །ཞེས་པའི་བར་ཏུ། དཔེ་དགུ། དོན་དགུ། སྒྲིབ་བྱེད་དྲི་མ་དགུ། སྒྲིབ་ཚུལ་བཅས་ཧ་ཅང་རྒྱས་པར་བཤད་པའི་དཔེ་དོན་སྦྱོར་སྟངས་འདི་ལས་དཔེ་དང་དཔེ་ཅན་སོ་སོ་ལས་གོ་བ་མཐའ་མེད་དུ་སྤྲོས་ཏེ་སྐབས་དོན་གསལ་བ་དང་སྐབས་དོན་ལ་སྒོ་སྣ་མང་ནས་གོ་བ་ལེན་ཐབས་བསྐྱེད་པ་དེ་དོན་ཚན་འདིའི་སྙིང་དོན་དངོས་གནས་རེད། གོ་བ་འདི་ལྟར་བླངས་ན་ཡིད་བརྙན་ལའང་གོ་བ་གཏིང་ཚུགས་པར་རམ་འདེགས་བྱེད་ནུས་པ་མ་ཟད། རྟོག་པ་འོག་འགྱུ་དང་དོན་སྤྱི་སོགས་ཀྱི་མུན་སྤྲུལ་ལྡོག་པ་ཡིན། དེ་ལས་གསལ་བར་བཤད་ན། ངོ་ལྟའམ་མེ་ལོང་དང་སྒེའུ་ཁུང་ལྟ་བུའི་ཁྱད་པར་རེད། མེ་ལོང་ལ་ཇི་བཞིན་འཆར་བ་ལས་སྒེའུ་ཁུང་གི་ནུས་པ་མེད། སྒེའུ་ཁུང་ནང་ཇི་བཞིན་གསལ་བོར་མི་འཆར་ཡང་ཕྱི་རོལ་གྱི་ཁམས་ཆེན་པོར་ལྟ་ཐུབ་པ་མ་ཟད། ཕྱི་རོལ་ནས་ཀྱང་ནང་དུ་ལྟ་ཐུབ་པ་ཡིན། འདི་ནི་ཕྱོགས་གཅིག་ནས་བཤད་ན་བརྗོད་གཞི་ལ་ཐད་ཀར་སྟངས་འཛིན་བྱེད་པ་དེ་ཡིན། 1-Direct treatment of the subject.
གཉིས་པ་ནི། ཚིག་ལྷག་མེད་པ་སྟེ། ཆ་ཁ་ཡ་རྡིབ་ཀྱི་ཚིག་སྦྱོར་མི་སྤེལ་བ། དཔེར་ན། བོད་ཀྱི་ཚིགས་བཅད་ནང་ཚིགས་རྐང་སྐོང་ཕྱིར། དགེ་འདུན་གྱི་ཆོས་འཕེལ། །སྲས་གཙང་གི་སྲས་པོ་ལྟ་བུར་དགོས་མེད་ཀྱི་ཕྲད་དང་སྙན་ཆ་མེད་པའི་ཚིག་བེད་སྤྱོད་པའི་རིགས་ཡིན། འདི་ལའང་ཞིབ་པར་བཤད་རྒྱུ་ཡོད་མོད། ངག་གི་དཔལ་གྱི་གོ་དོན་ཡག་པོ་ཞིག་ལོན་ན་འགྲིག་འདུག འདི་ནི་བེད་མེད་དང་དགོས་མེད་ཀྱི་ཚིག་བེད་སྤྱོད་མི་བྱེད་པ་དེ་ཡིན། 2-Use no word that does not contribute to the presentation.
གསུམ་པ་ནི། ཆོ་ག་བཞིན་འདོན་པ་དང་། གཞས་ལྟར་ལེན་པ་ལས་གྱེར་མི་བདེ་བའི་བོད་ཀྱི་ཚིགས་བཅད་རིགས་མཐའ་དག་ལ་གོ་ཆོག་པ་ཡིན། དཔེར་ན། ཚངས་མགུར་ལྟ་བུ་ཡིན་ནའང་ཐག་བཅད་ཀྱི་དབྱངས་འགྲོས་ཀྱིས་སྙན་ངག་དེའི་ཚིག་ཡོད་ཚད་ཁ་ལོ་བསྒྱུར་ཡོད། འདིའི་ཚེག་ཁྱིམ་གྱི་དབྱངས་འགྲོས་ནི། ཆ་ཆ་ཆ། །ཆ་ཆ་ཆ། །ཆ་ཆ་ཆ། །ཆ་ཆ་ཆ། །ཡིན། ཚིགས་རྐང་དང་པོ་གྲུབ་དུས་ཕྱི་མ་མཐའ་དག་ཆ་ཆ་ཆ་ལས་ཡ་ཡ་ལྟ་བུས་གྲུབ་མི་ཆོག་པ་ཡིན། རྒྱུ་མཚན་དེར་བརྟེན། བོད་ཀྱི་ཚིགས་བཅད་ཡིན་ན་དབྱངས་བཅད་ཡིན་དགོས་དོན་མེད་ཅེས་ངས་རྒྱུན་ཏུ་བཤད་ཀྱིན་ཡོད། ངའི་སྙན་དེབ་<<སྟོང་བའི་རྐང་མར་>>ནང་གི་ཚིགས་བཅད་ཆ་ཚང་ནི་དེ་ལས་ལྡོག་ཏེ་ཚིག་གིས་དབྱངས་འགྲོས་ཁྱི་ལྟར་འཁྲིད་ཀྱིན་ཡོད། དཔེར་ན།
གནམ་མཐའ་ནས་སྤྲིན་པ་དཀར་པོ་ཞིག་མཐོང་གི་འདུག །
སྐྲ་རྫུན་གྱོན་པའི་མི་ནག་མ་ཞིག་བགད་པ་ལྟར། །
ང་ལ་ཚོར་བ་མི་འདུག་དགོངས་པ་མ་འཚོམ་རོགས། །
གཡེར་བག་ཚ་བའི་ཕ་རེ་སི་གང་ལ་བཞུད་སོང་། །ལྟ་བུའོ། །འདིའི་ཚེག་ཁྱིམ་གྱི་དབྱངས་འགྲོས། ཡ་ཆ་ཡ་ཡ། །ཆ་ཆ་ཆ་ཆ་ཡ། །ཆ་ཆ་ཆ་ཆ་ཡ། །ཆ་ཆ་ཡ་ཆ་ཆ་། །ཡིན། ད་དུང་འདི་ལས་ཞིབ་ཕྲར་སོང་ན་ཡི་གེའི་ལྕི་ཡང་གི་སྡེབ་སྦྱོར་གྱི་ཐད་ནས་ཀྱང་གོ་བ་ལེན་རྒྱུ་ཡོད་མོད། གནས་སྐབས་གོང་ལྟར་གོ་བ་བླངས་ན་འགྲིག་འདུག་སྙམ། ད་དུང་དཔེར་མཚོན་རགས་མོ་ཞིག་ལ། གླུ་དབྱངས་ཀྱི་དབྱངས་རྟ་ལྟ་བུར་དཔེར་བཞག་ན། དབྱངས་རྟ་རྙིང་བར་ཚིག་གསར་བ་སྦྱོར་བ་དང་དབྱངས་བརྩམས་རྗེས་ཚིག་རྩོམ་པ་དགག་ཕྱོགས་དང་། ཚིག་བརྩམས་རྗེས་དབྱངས་རྩོམ་པ་ནི་སྒྲུབ་ཕྱོགས་ཀྱི་དཔེ་རེད། འོན་ཏེ། སྙན་ངག་གི་དབྱངས་འགྲོས་ནི་གཞས་ཀྱི་དབྱངས་འགྲོས་རང་མཚན་པ་རུ་གོ་བ་ལེན་མི་འོས། དེ་ནི་རང་བྱུང་གི་དབྱངས་རྟ་དང་བསྟུན་རྩོམ་པ་ལས་དབྱངས་ཀྱི་འཇལ་ཆས་དང་བསྟུན་སྙན་ངག་མི་འབྲི་བ་དེ་ཡིན།
3-Compose in the rhythm of the musical phrase, not in the rhythm of the metronome.
གོང་གི་དོན་ཚན་གསུམ་ནི། ཕཱོང་ཊི་དང་ཁོའི་གྲོགས་པོ་གཉིས་བཅས་ཀྱི་གཏན་འབེབ་རྩ་འཛིན་རེད། ངའི་དཔྱད་ཐབས་ཀྱི་གཞི་རྩ་འདི་དག་ཡིན་པས་མ་ཡིག་ཆེད་འགོད་བྱས་པ་ཡིན།
ཕཱོང་ཊིའི་སྙན་ངག་གི་ཚིག་འགྲེལ།
སྙན་ངག་འདི་ནི་དངོས་བྲིས་ཀྱི་ཟིན་ཐོ་ཞིག་ལ་སྙམ་ཆོག་པ་ཡིན། ཕ་རེ་སིའི་ས་འོག་མེ་འཁོར་འབབ་ཚིགས་སུ་མི་ཚོགས་ལྷོག་ལྷོག་འཕྱུར་ནས་ཡོང་སྐབས་དང་གདོང་ཐུག་བྱུང་ན། རྡོག་སྒྲ་མཐོ་ལ་སྐེ་མདའ་ཅན་གྱི་བུད་མེད་མཛེས་མ་དང་སྙིང་རྗེ་བའི་བྱིས་པ་དག་ལས། མི་མང་རེ་རེ་བཞིན་དོ་སྣང་བྱེད་མི་ཐུབ། འུ་ཚོའི་བཤད་སྟངས་བྱས་ན། བུད་མེད་དེ་དག་དང་བྱིས་པ་དེ་དག་གི་ཞལ་རས། མི་ཚོགས་ལས་སྐར་ཚོགས་ཁྲོད་ཀྱི་ཟླ་བ་བཞིན་མིག་ལ་མངོན་ཡོང་བ་ཡིན། ས་འོག་མེ་འཁོར་ནང་ལ་བུད་ནས་སྒེའུ་ཁུང་ལས་ས་འོག་གི་གྱང་ཁོག་ཏུ་འཛུལ་བའི་ཚུལ་གྱིས་བཀར་བའི་གློག་འོད་ཆུང་ཆུང་ཏག་ལ་མེ་འཁོར་གྱི་མྱུར་ཚད་ཁྲོད་བལྟས་ན། ཏན་ཏན་ནགས་ཚལ་དུ་མེ་ཏོག་ཁྲ་ཀྱི་ལེར་བཞད་པའི་སྣང་བརྙན་སྟེར་བ་ཡིན། སྙན་ངག་འདིའི་དངོས་བྲིས་བརྙན་ཐུང་འགའ་ཡང་འདི་ལྟར་ཕབ་འདུག་ལ། ཕ་རེ་སིའི་མེ་འཁོར་འབབ་ཚིགས་བརྒྱུད་ན་སྣང་ཚུལ་འདི་ནི་རྒྱུན་ལྡན་གྱི་སྣང་ཚུལ་ཞིག་ཡིན། དེ་སྙན་ངག་པ་ཞིག་གིས་དངོས་བྲིས་ཚུལ་དུ་བྲིས་ན།
ས་འོག་མེ་འཁོར་འབབ་ཚིགས་སུ།
“ མི་ཚོགས་ཁྲོད་ཀྱི་འཕྲུལ་སྣང་གི་བཞིན་རས་དག
མེ་ཏོག་གི་འདབ་མ་རེ་རེ། ཡལ་ག་སྣག་པོའི་སྟེང་དུ། ” ཞེས་ཏན་ཏན་འབྲི་ངེས་པ་ཡིན། འདི་ནི་གོ་བ་ལེན་སྟངས་སྟབས་བདེ་ཞིག་ཡིན།
ཡང་སྟབས་བདེའི་གོ་བ་ལེན་སྟངས་ཤིག་ནི། སྙན་ངག་འདི་ཕ་རེ་སིའི་མེ་འཁོར་འབབ་ཚིགས་ཀྱི་སྐད་ཅིག་མའི་སྣང་ཚུལ་དེ། རང་གི་སེམས་ནང་ལ་མཛེས་སྡུག་གི་ཤུགས་རྐྱེན་སྤྲད་མྱོང་བའི་ཉི་ཧོང་གི་རི་མོ་སྒྱུ་རྩལ་བ་སུ་ཟུ་ཀཱི་ཧཱ་རུ་ནོ་བྷུའི་རི་མོ་ཞིག་གི་སྣང་བརྙན་དང་སྦྱར་ནས་བྲིས་ཡོད། རི་མོ་དེ་ནི་ཉི་ཧོང་གི་སྨྱུག་བྲིས་རི་མོ་སྒྱུ་རྩལ་བ་སུ་ཟུ་ཀི་ ཧ་རུ་ནོ་བྷུ་(Suzuki Harunobu) བྲིས་པ་ཡིན། ཁོང་ནི་སྤྱི་ལོ་ ༡༧༢༥ ལོར་སྐྱེས། སྤྱི་ལོ་ ༡༧༧༠ ཟླ་ ༧ ཚེས་ ༡༥ ཉིན་འདས། ཁོང་ལ་རིས་དེབ་ཉི་ཤུ་ལྷག་དང་། ཚོན་ལྡན་རི་མོའང་སྟོང་ཕྲག་བརྒལ་བ་བྲིས་ཡོད། རི་མོ་དེར་བལྟས་ན་ང་ཚོའི་བསམ་ཚུལ་འདིར་ཏན་ཏན་བདེན་ཁ་སྟེར་བ་ཡིན།
ཚིག་འགྲེལ་ཞིག་བྱས་ན། ངོ་གདོང་ནི་ཚིག་རྐང་དང་པོའི་གཙོ་ཚིག་ཡིན་ལ། དེའང་ངོ་གདོང་གཅིག་མིན་པར་དུ་མ་དང་། གློ་བུར་རམ་འཕྲུལ་སྣང་གི་ངོ་གདོང་ཞིག་ཡིན་པ་དེ་རེད། ངོ་གདོང་དེ་འཕྲུལ་སྣང་ལྟ་བུ་ཞིག་ཡིན་ཞེས་ངོ་གདོང་དེ་དག་དང་འཕྲུལ་སྣང་གཉིས་དཔེ་དང་དཔེ་ཅན་གྱི་ཚུལ་དུ་གོ་བ་བླངས་ན་ནོར་བ་ཡིན། ཚིག་གིས་དེ་ལྟར་བསྟན་མེད་ལ་སྙན་ངག་གིས་ཀྱང་དེ་ལྟར་བཤད་མེད། ངོ་གདོང་དེ་དག་མངོན་ས་ནི་མི་ཚོགས་ཀྱི་ཁྲོད་ཡིན། མི་ཚོགས་དེ་ས་འོག་མེ་འཁོར་འབབ་ཚིགས་ཀྱི་མི་ཚོགས་ཡིན་པ་ཁ་བྱང་གིས་གསལ་བཤད་བྱས་ཡོད། དེའང་མེ་འཁོར་སྒོ་ཕྱེ་མ་ཐག་མར་འབབ་པ་དང་ཡར་འབུད་མཁན་གྱི་མི་ཚོགས་ཡིན་པ་སྙན་ངག་རིལ་བོས་གསལ་བཤད་བྱས་ཡོད། ཚིགས་རྐང་གཉིས་པའི་གཙོ་ཚིག་མེ་ཏོག་གི་ལོ་མ་ཡིན་ལ། དེ་ཡང་གཅིག་མིན་པར་དུ་མ་དང་། དེ་བཞད་སའི་ཡལ་ག་ནི་ནག་པོ་དང་། བརླན་དང་ལྡན་པ། སྦོམ་པ་བཅས་སུ་བཤད་ཡོད། སྦོམ་པ་ནི་ཚིག་གིས་ཟིན་མེད་པར་སྐབས་ཐོབ་ཀྱིས་གོ་དགོས་པ་ཡིན།
ཕཱོང་ཊིའི་སྙན་ངག་གི་དོན་འགྲེལ།
སྙན་ངག་འདིས་ཅི་ཞིག་བཤད་ཀྱིན་ཡོད་ཅེ་ན། རང་བྱུང་ཁམས་ཆེན་མོ་བཟོ་ལས་དཔལ་འབྱོར་དང་མ་རྩ་རིང་ལུགས་ཀྱི་བྲན་བསྒྱུར་དང་འདུལ་སྦྱོང་འོག་ནས་སྐད་ཅིག་དེ་ཉིད་ལ་འཆི་རྒྱུ་རེེད་ཅེས་པ་དེའོ། །སྙན་ངག་འདིའི་ལུས་དང་། ས་འོག་མེ་འཁོར་འབབ་ཚུགས་སུ་མེ་འཁོར་སྐར་མ་གཅིག་རིང་བསྡད་དེ་མི་ཚོགས་གློ་བུར་དུ་ཕྱིར་བཏོན་ཡོང་བ་དང་མེ་འཁོར་ས་འོག་ནས་ངར་གྱིས་རྒྱུག་དུས་ཀྱི་སྣང་བ་སྐད་ཅིག་མ་བཅས་ཀྱིས་དུས་ཐུང་ཞིག་གི་ཡུན་སྟོན་གི་ཡོད། དེ་མཚན་ཉིད་རིག་པའི་ཐ་སྙད་ནས་གླེང་ན་མི་རྟག་པའམ་སྐད་ཅིག་མ། ཚིག་ནག་ཏུ་ཕབ་ན་མགྱོགས་པོར་འཆི་རྒྱུ་རེད་ཅེས་པ་དེའོ། །གང་མགྱོགས་པོར་འཆི་རྒྱུ་རེད་ཅེ་ན། མཛེས་སྡུག་གི་རང་བྱུང་ཁམས་ཆེན་མོའོ། །སྙན་ངག་འདི་ཀློག་པའི་ཚེ་སྐད་ཅིག་མའི་ཡུན་ལ་རྫོགས་འགྲོ། བཀླགས་ཚར་དུས་ཀྱང་གློ་བུར་གྱི་སྐད་ཅིག་མའི་སྣང་ཚུལ་ཤ་སྟག་གཅིག་འཕྲོར་གཅིག་མཐུད་ཀྱིས་འཆར་བ་ཡིན།
སྙན་ངག་འདིའི་ཁ་བྱང་ལ་བཟོ་ལས་དཔལ་འབྱོར་གྱི་ཆ་ཤས་ས་འོག་མེ་འཁོར་འབབ་ཚིགས་ཤིག་བཞག་པ་འདིས། རང་བྱུང་ཁམས་ཆེན་མོ་བཟོ་ལས་དཔལ་འབྱོར་གྱི་འདུལ་སྦྱོང་བྱེད་ཐལ་དྲགས་ནས་བཟོ་ལས་དཔལ་འབྱོར་འཛུགས་བསྐྲུན་གྱི་ཆ་ཤས་མེ་འཁོར་འབབ་ཚིགས་ཀྱི་ས་འོག་ཅིག་ནས་སྐད་ཅིག་མའི་ཡུན་ལ་མེ་ཏོག་ཁྲ་ལེམ་མེར་མཐོང་བའི་སྣང་ཚུལ་ཞིག་བཀོད་པ་འདིས། རང་བྱུང་ཁམས་ཧ་ཅང་གི་ཛ་དྲག་པོའི་གནས་བབ་ན་ཡོད་པ་དང་། མེ་ཏོག་ཁྲ་ལེམ་མེར་ཡོད་པ་དེས་ད་དུང་རེ་བ་ཞིག་ཡོད་པ་མཚོན་མོད། རེ་བ་དེའང་སྐད་ཅིག་མ་དང་། རེ་བའི་འདབ་ལོ་བཞད་པའི་ཁོར་ཡུག་ཡོད་ཚད་ནག་ལ་བརླན་ལྡན་གྱི་རྔམ་མཐུག་པོར་སྦྱར་བ་འདིས་ཧ་ཅང་ཛ་དྲག་པོའི་གནས་བབ་དང་རེ་བའི་གསོན་ཤུགས་གཉིས་ཀ་མཚོན་པ་ཡིན། རྔམ་ནག་གི་ཁོར་ཡུག་དེ་རུ་ད་དུང་རང་བྱུང་ཁམས་ཀྱི་རེ་བའི་ཚེ་སྲོག་ཡོད་པ་མ་ཟད། སྐྱེ་སྟོབས་ཀྱི་གསོན་ཤུགས་ལྷག་ཡོད་པ་དེ་བཤད་ཀྱིན་ཡོད།
ཡང་སྙན་ངག་འདིའི་ཁ་བྱང་ནི་ཆེས་གལ་ཆེ་བ་ཡིན། ས་འོག་མེ་འཁོར་འབབ་ཚིགས་སུ་ཞེས་པ་འདིས་ཅིག་ལ་འགྲོ་དགོས་པར་མཚོན་ལ་དེའང་ས་འོག་ནས་འགྲོ་དགོས་པར་མཚོན། མ་རྩ་རིང་ལུགས་ཀྱི་འགྲོ་སྟངས་དངོས་ནི་དེ་ལྟར་ཡིན། མདོར་ན། ས་འོག་དར་ཐག་གི་འབྲེལ་བ་བཤད་ཀྱིན་ཡོད། འཕྲུལ་སྣང་གི་ངོ་གདོང་དེ་དག་ཀྱང་བརླན་དང་བཅས་པའི་ཤིང་སྡོང་ཆེན་པོའི་ཡལ་ག་ནག་པོ་རུ་བཞད་པའི་མེ་ཏོག་ཡིན། རྩ་བའི་གཞི་སྒྲོམ་གཅིག་ཡིན་པས་ཞེ་ཆགས་ས་ཅི་ཡང་མེད་པར་གདོན་འཕྲུལ་ཤ་སྟག་ཡིན་མོད། སྙན་ངག་པས་མཚུངས་པ་གསལ་བཤད་ལྟ་ཅི་ཐ་ན་བྱ་ཚིག་ཀྱང་མ་བྲིས་པར་མཚུངས་ཆོས་བསྡུར། བྱ་བ་བྱེད་བཅུག་པ་ནི་སྙན་ངག་གི་དྲག་རྩལ་གྱི་བླ་ན་མེད་པའི་ཁམས་ཡིན།
ཕཱོང་ཊིའི་བོད་འགྱུར་སྙན་ངག
ཕཱོན་ཊིའི་སྙན་ངག་འདི་སྐད་ཡིག་མང་པོའི་ནང་དུ་བསྒྱུར་ཡོད་འདུག དྲ་ལམ་ནས་བཙལ་ན་རྒྱ་ཡིག་གཅིག་བུར་འགྱུར་མི་འདྲ་བཅུ་དགུ་རྙེད་ཐུབ་ཀྱི་འདུག ངས་ལོ་ཙཱ་བ་འཇམ་དབྱངས་དཀར་པོ་ལ་ཆེད་དུ་བོད་ཡིག་ལ་བསྒྱུར་བཅུག་པ་ཡིན། སྙན་ངག་ཅེས་པ་ནི་སྐད་ཡིག་གང་དུ་བརྩམས་ན་སྐད་ཡིག་དེ་ཡི་ཐུན་མོང་མ་ཡིན་པའི་རིག་གནས་སུ་གྱུར་ནས་སྐད་ཡིག་གཞན་ནང་ཇི་བཞིན་བསྒྱུར་མི་ཐུབ་པ་ཡིན། སྙན་ངག་གི་ཚིག་རིས་དང་དོན་དག་ཙམ་བསྒྱུར་ནུས་ཀྱང་སྙན་ངག་ནང་གི་སྐད་ཡིག་དེའི་རིགས་རྫས་བསྒྱུར་མི་ཐུབ། ཡིན་ནའང་། སྙན་ངག་དེའི་ཁྱད་ཆོས་གཙོ་བོ་དག་སྐད་ཡིག་གང་དུ་བསྒྱུར་ན་དེ་རུ་ཐོན་དགོས་པར་འདོད།
སྙན་ངག་འདིར་མཚུངས་པ་གསལ་བྱེད་ལྟ་ཅི། བྱ་ཚིག་ཀྱང་མེད་པ་དེ་སྙན་ངག་འདིའི་ཁྱད་ཆོས་གཙོ་བོ་ཞིག་དང་ནུབ་ཕྱོགས་ཀྱི་སྲོལ་རྒྱུན་སྙན་ངག་གི་རྒྱ་ལས་བརྒལ་བའི་རྟགས་གལ་ཆེན་ཞིག་ཡིན་པར་གླེང་ཡོད། ད་དུང་ཁ་སྣོན་པ་དང་འཕྲི་བ་སོགས་ཀྱང་སྙན་ངག་འདི་ལ་མཚོན་ན་མི་འོས་ཏེ། རྩོམ་པ་པོས་སྙན་ངག་འདིའི་ལུས་ཀྱང་སྐད་ཅིག་མའི་མཚོན་བྱེད་དུ་གྲུབ་བཅུག་པས་སོ། །
དཔེར་ན། མ་ཡིག་ནང་Petals on a wet, black bough ཞེས་པའི་སྐབས་སུ་ཡལ་ག་ལ་ཁྱད་ཆོས་གསུམ་བཤད་ཡོད། བརླན་པ་དང་ནག་པོ་གཉིས་དབྱིན་ཡིག་ནང་ཚིག་གིས་ཟིན་པས་གོ་སླ། གསུམ་པ་ཡག་ག་ཙམ་མིན་པར་ཡལ་ག་སྦོམ་པོ་ཡིན་པ་དེ་སྒྲ་ཡི་ལྗིད་ཤུགས་ལས་བསྟན་ཡོད། དེ་ནི་ཀློག་དུས་༼ black bow༽ ཞེས་པའི་སྒྲ་ཡོང་བས་སྒྲ་ཤུགས་ལས་འཕེན་པ་ཡིན་ཞེས་འགྲེལ་ཡོད། འཇམ་དབྱངས་དཀར་པོའི་འགྱུར་དེ་ལས་ཁྱད་ཆོས་གསུམ་ག་མངོན་ཐུབ་མོད། བོད་འགྱུར་གཞན་དག་ལས་རྙེད་མི་ཐུབ་ཀི འཇམས་དབྱངས་དཀར་པོའི་འགྱུར་ལས་ཁྱད་ཆོས་དེ་གསུམ་རྙེད་པ་ལ་བོད་ཀྱི་ཡི་གེ་ལས། ནག ནགས། གནག སྣག ཅེས་པ་རྣམས་ཀྱིས་ནག་པོ་སྟོན་པ་འདྲ་ཡང་། ཚིག་གི་འཕེལ་རིམ་དང་ཁྱད་ཆོས་སྦྱར་སྟངས་ལས་གོ་ཐོབ་མི་འདྲ་བ་ཡོད་པ་དེ་ཤེས་དགོས། དེ་ཤེས་ན་ད་གཟོད་བོད་ཀྱི་ཡི་གེའི་ཟབ་གནས་ལ་ངེས་པ་འདྲོངས་པ་མ་ཟད། དེ་ལག་ལེན་ནུས་པ་ཡིན།
ནག་ཅེས་པས་ཁ་དོག་ནག་པོ་ཙམ་དང་། ནགས་ཞེས་པས་ནག་པོ་གང་ཞིག་ལ་གྲངས་མང་བའི་ནག་པོ། དཔེར་ན། ནགས་ཚལ་ལ་ནགས་ཞེས་པ་ལྟ་བུ། །རིགས་འདྲའི་དཔེ་ནི། ༼ མིག་མངས། རྒྱུད་མངས།༽ ལྟ་བུ་ཡིན་ལ། ནགས་ཚལ་ལ་ནགས་ཞེས་པ་གྲངས་ཚད་ཀྱི་ཆ་ནས་བཏགས་ཡོད་པ། དབུ་མ་འཇུག་པ་ལས། བུམ་པ་སྣམ་བུ་རེ་ལྡེ་དམག་དང་ནགས་ཚལ་ཕྲེང་བ་ལྗོན་ཤིང་དང་། །ཞེས་སོགས་ལས་ཀྱང་བདེ་བླག་ངང་གོ་ཐུབ། གནག་ཅེས་པས་ངོ་བོ་རྒྱུ་འབྲས་གསུམ་གྱི་སྒོ་ནས་ནག་པོ་ཡིན་པའི་རིགས་ལ་གནག་ཅེས་བྱ་སྟེ། དཔེར་ན། ངན་འགྲོར་སྐྱེ་བའི་ལས་ལ་གནག་པའི་ལས་ཞེས་པ་ལྟ་བུའོ། །སྣག་ཅེས་པས་ནག་པོ་གང་ཞིག་རྫས་གཞན་མེད་པར་རྔམ་མཐུག་ལ་བརླན་དང་འདྲེས་པའི་ནག་པོ་ལ་བྱ་སྟེ། དཔེར་ན། སྣག་ཚ་ལྟ་བུའོ། །སྣག་ཅེས་པ་འདི་ཡལ་གའི་ཁྱད་ཆོས་སུ་སྦྱར་དུས་ནག་པོ་ཙམ་མིན་པར་བརླན་དང་འདྲེས་ལ་རྔམ་མཐུག་པར་གོ་ཐུབ་པ་ཡིན། དཔེར་ན། ཚིལ་དང་རིད་པ་མེད་པའི་བརླན་འདྲེས་ཀྱི་རྔམ་མཐུག་པོའི་ཤ་རིགས་ལ་ཤ་སྣག་དང་། དེ་བཞིན་བྲག་རྡོ་དང་ཤིང་ནགས་སོགས་མེད་པའི་བརླན་འདྲེས་ཀྱི་ས་བཟང་བོར་ས་སྣག་ས་ཟེར་བ་ལྟ་བུའོ། ། དེའི་ཕྱིར། འཇམ་དབྱངས་དཀར་པོའི་འགྱུར་ལས། “ཡལ་ག་སྣག་པོའི་སྟེང་དུ་”ཞེས་པས་མ་རྩོམ་གྱི་གོ་བའི་མཐིལ་ཕྱུང་བ་མ་ཟད། བོད་ཡིག་གི་ཟབ་བརླིང་དྲག་རྩལ་ཡང་བསྟན་འདུག་སྙམ།
ལྗང་བུའི་སྙན་ངག
ལྗང་བུས་ཕཱོང་ཊིའི་སྙན་ངག་ལ་སྒོ་ཀུན་ནས་ལད་མོ་བྱེད་ཀྱིན་ཡོད་དམ། ཕཱོང་ཊིའི་སྙན་ངག་གི་སྒྱུ་རྩལ་གྱི་མདའ་གཞུ་བོད་ཀྱི་སྙན་ངག་ལ་འདོགས་རྩིས་ཡིན། འདི་ཐོག་མའི་དྲི་བ་རེད། དྲི་བ་དེའི་ཀློང་ནས་ངས་སྙན་ངག་འདི་གཉིས་ཡང་ཡང་བཀླགས་པ་ཡིན། གྲོགས་རས་པའི་ལྟ་ཚུལ་ཞིག་སྟེ། ལྗང་བུ་མདུན་ནས་མདུན་དུ་ཆས་ཏེ་འཛམ་གླིང་ཕུལ་བྱུང་རྩོམ་རིག་དང་མཉམ་སྐྱོད་ཀྱི་བོད་ཡིག་གི་སྙན་ངག་འབྲི་བར་འབད་ཀྱིན་པ་དང་། འཇུ་སྐལ་བཟང་གིས་ཕྱིར་བཤོལ་དང་ཕྱིར་བཤོལ་གྱིས་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་རྐང་མར་འཁྱིལ་བའི་སྙན་ངག་འབྲི་བར་འབད་ཀྱིན་པ་གཉིས་ནི་བོད་ཀྱི་སྙན་ངག་པའི་ཁྲོད་ཀྱི་ཆེས་ཚད་མཐོ་བའི་མདུན་སྐྱོད་གཉིས་ལ་སྙམ་པས། ལྗང་བུའི་སྙན་ངག་ལ་དོ་སྣང་བྱེད་པ་ནི། བོད་ཀྱི་སྙན་ངག་ལ་བློ་དཀར་བའི་རྟགས་ཤིག་ལས་འགྲེལ་བཤད་ཅི་ཡང་མེད།
སྙན་ངག་འདི་ནི་བལྟས་མི་ཚར་བའི་སྙན་ངག་ཅིག་རེད། བསྔོག་མི་ཚར་བའི་སྙན་ངག་ཅིག་རེད། སྙན་ངག་འདི་གོ་བ་ལ་ཡིད་བརྙན་རིང་ལུགས་ཀྱི་སྙན་ངག་གི་ཚབ་མཚོན་སྙན་ངག་ཅིག་དང་སྙན་ངག་པ་ཞིག་ཤེས་དགོས་པར་འདོད། རྒྱུ་མཚན་ཧ་ཅང་སླ་སྟེ། ལྗང་བུས་འབྲུག་དམར་དང་ཕཱོང་ཊི་དཔེ་སྦྱར། འབྲུག་དམར་གྱི་རེ་བ་དང་ཕཱོང་ཊིའི་སྙན་ངག་ནང་གི་རེ་བ་གཉིས་མཚུངས་བསྡུར་གྱིས་ཕཱོང་ཊིའི་སྙན་ངག་ནང་གི་རེ་བ་མ་འགྲུབ་སྔོན་ལ་ཕཱོང་ཊི་ཐལ་བར་འགྱུར་བ་ལྟར། འབྲུག་དམར་གྱི་རེ་བ་མ་འགྲུབ་སྔོན་ལ་འབྲུག་དམར་ཐལ་བར་འགྱུར་བ་དེ་བཤད་ཡོད་པས་སོ། །
འབྲུག་དམར་གྱིས་ལྟ་བ་ངན་པའི་དུག་འཐུང་བས་ཧམ་པས་ཁ་གདངས་པ་ན། འཛམ་གླིང་ལ་དུག་འབུ་འཐོར་བའི་མེ་ཞགས་བསྐྱུགས། ཚེ་སྲོག་རྔུབ། ཕཱོང་ཊིས་ནཱ་རྫིའི་དུག་འཐུང་བས་འཛམ་གླིང་ལ་ནད་ཡམས་ཅན་གྱི་ཆ་འཕྲིན་སྒྲོག་སྤེལ་བྱས། ཚེ་སྲོག་རྔུབ། མཐར་སྙན་ངག་ཁྲོད་ཀྱི་རེ་བ་མ་འགྲུབ་པར་ཁོ་རང་གི་ནད་ཡམས་ཅན་གྱི་ཆ་འཕྲིན་དག་ཁོ་རང་གི་མགོར་ལྷུང་ནས་རྩིབས་མ་བཅག སྨྱོ་ནད་ཁང་དུ་ཚེ་མཇུག་བསྐྱལ་ཡོད།
འདི་ལྟར་གཤིབ་བསྡུར་ཞིག་བྱས་ན་ལྗང་བུའི་སྙན་ངག་འདི་ཏན་ཏན་གོ་དཀའ་བ་ཡིན། ཡིན་ནའང་། སྒྱུ་རྩལ་གྱི་ལས་སྣོན་ཐད་ནས་གོང་གི་སྙན་ངག་དེ་དང་བསྡུར་སའི་ས་མིག་ལྷག་མི་འདུག་སྙམ། “གང་ལྟར་སྙན་ངག་འདིས་ངའི་བསམ་བློར་མནར་གཅོད་བཏང་བ་ཐལ་ཆེས་སོང་། ངས་ཚད་བརྒལ་གྱི་བསྟོད་པ་བྱེད་པར་མི་འདོད། ཧེ་ཧེ་ཧེ ་་་་་་”ངས་ཀུ་རེ་དང་འབྲེལ་རྩོམ་ཡིག་འདིའི་མཇུག་བསྡུ་རྒྱུ་ཡིན། བར་ལམ་ཞིག་ལ་ལྗང་བུའི་སྙན་ངག་ཀློག་པར་ཡང་ཞེད་སྣང་ཡོང་བ་ལྟ་བུའི་ཚོར་བ་ཞིག་སྐྱེས་པ་མ་ཟད། རྒན་བདུད་ལྷ་རྒྱལ་གྱིས་ཁྱོད་ཀྱིས་སྙན་ངག་གི་ཁེར་རྐྱང་ལྡོག་ཐུབ་ཀྱང་། ང་ཚོས་སྙན་ངག་གི་བསླུ་བྲིད་ལྡོག་དཀའ་རབས་ཤིག་གསུངས་མྱོང་བ་ལྟར། ངས་ཀྱང་སྙན་ངག་འདིའི་བསླུ་བྲིད་ལྡོག་མ་ཐུབ་པར་དཀའ་སོང་། གང་ལྟར་སྐུ་ཞབས་ཁོང་ལ་བཀའ་དྲིན་ཆེ་ཞུ། རང་གི་ཤེས་རབ་ཀྱི་ཞན་ཆ་ར་སྤྲད་པ་མ་ཟད། སློབ་སྦྱོང་གི་གོ་སྐབས་གལ་ཆེན་ཞིག་བསྩལ་ནས་ད་ནི་ཕཱོང་ཊིའི་སྙན་ངག་དེའི་སྐོར་ལ་གོང་གསལ་གྱི་ངེས་ཤེས་ཤིག་སྐྱེས་སོང་།
སྤྱི་ལོ་ ༢༠༢༠ ཟླ་ ༠༥ ཚེས་ ༡༧ ཉིན་རྫོགས་པར་བྲིས།
ཟུར་སྦྱར།
In a Station of the Metro
The apparition of these faces in the crowd;
Petals on a wet, black bough.
——Ezra Pound
ས་འོག་མེ་འཁོར་འབབ་ཚིགས་སུ།
“ མི་ཚོགས་ཁྲོད་ཀྱི་འཕྲུལ་སྣང་གི་བཞིན་རས་དག
མེ་ཏོག་གི་འདབ་མ་རེ་རེ། ཡལ་ག་སྣག་པོའི་སྟེང་དུ།”
——- འཇམ་དབྱངས་དཀར་པོས་བསྒྱུར།
མི་ཚོགས་ཁྲོད་ཀྱི་རྣམ་ཤེས་ལྟ་བུའི་ངོ་གདོང་འདི་དག་ནི
རློན་ཞིང་ནག་པའི་ཡལ་ཀར་མེ་ཏོག་འདབ་མ་བཞིན
———-སྐྱབས་ཆེན་བདེ་གྲོལ་གྱིས་བསྒྱར།
སྐྱབས་ཆེན་གྱི་སྐད་འཕྲིན་བར་སྟོང་དུ་བཀོད་པའི་སྙན་ངག་པའི་སྨྱུག་འོག་གི་<<ས་འོག་མེ་འཁོར་འབབ་ཚིགས་>>མི་འདྲ་བ་གཉིས།
མི་ཚོགས་ཀྱི་ཀློང་ནས་རབ་རིབ་ཏུ་མངོན་པའི་ངོ་གདོང་འདི་དག
བརླན་ཤིག་ཤིག་གི་ཡལ་ག་ནག་པོའི་སྟེང་གི་མེ་ཏོག་གི་འདབ་མ་རེ་རེ
——–ལྕགས་རྡོར་རྒྱལ་གྱི་ <<བོད་ཀྱི་དེང་རབས་སྙན་ངག་རིག་པ>>ལས་བཏུས།
ཡང་ས་འོག་མེ་འཁོར་འབབ་ཚུགས་ཤིག
ལྗང་བུ
འབྲུག་དམར་གྱིས་གདངས་པའི་ཁ
ནད་འབུ་འབྱིན་། མི་ཚོགས་རྔུབ
ཁ་ནས་མེ་ཞགས་ཤིག་བསྐྱུག་པ་ན
ཡལ་གའི་རྩེ་ཡི་གདོང་པ་དག་དང་ལྷན་དུ
ཆེས་སྔོན་ལ་ཐལ་བར་གྱུར་འགྲོ་བ་ནི
ཨེཙི་ར * ཕཱོན་ཊི་ཡི་དེ་ཉིད་ཡིན་ཀྱང་སྲིད།
Yet Another Metro Station
The red dragon’s mouth wide open
Exhaling virus, inhaling the crowd
When the mouth spews a lasso of flames
Along with the faces on the bough
The very first to turn to ashes
Might also be Ezra Pound’s Thing
མདའ་ཚན་བླ་མ་སྐྱབས་ཀྱིས་དབྱིན་ཡིག་ལ་བསྒྱུར་གནང་མཛད།