ཨོ་ཤོ་ཡིས་བརྩམས། ལོ་མ་རྒྱལ་གྱིས་བསྒྱུར།
—བྱིས་པར་བརྩེ་བ་སྦྱིན་ཤོག བཟོ་ལྟ་མ་བཟོ་རོགས། བྱིས་པར་བརྩེ་བ་སྦྱིན་ཤོག རང་གཤིས་མ་སྩོལ་རོགས། བྱིས་པར་བརྩེ་བ་སྦྱིན་ཤོག རང་དབང་མ་འཕྲོག་རོགས།
ཨ་མ་ཞིག་བྱ་རྒྱུ་ནི་གནམ་འོག་གི་ཆེས་རླབས་ཆེན་གྱི་ལས་འགན་ཞིག་ཡིན། མི་མང་པོ་ཞིག་སེམས་ཁམས་ནད་པའི་མལ་ཁྲི་ལ་ལྷུང་ཡོད་ཅིང་། དེ་བཞིན་སྨྱོན་པའི་སྨན་ཁང་དུ་ཡང་མང་པོ་ཞིག་ཡོད་ཅིང་དེ་ཡི་ལོགས་སུ་ཡང་མང་དུ་གདའ།
གལ་སྲིད་། ཁྱོད་རང་སེམས་ཁམས་སྐྱོན་ཏུ་ཤོར་ཡོད་པའི་མི་འདི་དག་གི་ཐད་ལ་གཏིང་ཟབ་ཀྱིས་འཇུག་ནུས་ཚེ། ནམ་དུ་ཡང་ཁྱོད་ཀྱིས་ཨ་མ་ཟེར་བ་འདི་རྙེད་ཚོར་བྱེད་ཐུབ། རྒྱུ་མཚན་ནི། བུདམེད་མང་པོ་ཞིག་ཨ་མ་བྱེད་འདོད་ཡོད་པས་རེད། དེ་ལྟར་ཡང་། ཁོ་མོ་ཚོས་ཇི་ལྟར་ཨ་མ་ཞིག་བྱེད་དགོས་མིན་དེ་ཤེས་ཀྱིན་མེད། ཨ་མ་དང་བྱིས་པའི་འབྲེལ་ལམ་ལ་ནོར་འཁྲུལ་ཐེངས་ཤིག་ཤོར་ཚེ། བྱིས་པའི་མི་ཚེ་གང་ཚང་ནོར་འཁྲུལ་ལ་ཕྱོགས་འགྲོ་སྟེ། རྒྱུ་མཚན། ཨ་མ་ནི་བྱིས་པ་འཇིག་རྟེན་དུ་བསླེབས་ཏེ་འབྲེལ་བ་བྱེད་ས་ཐོག་མ་དེ་ཡིན་པས་རེད།
བྱིས་པའི་ཡོད་ཚད་འབྲེལ་བ་འདི་དང་འགྲོགས་ནས་རྒྱུན་ནས་རྒྱུན་ལ་བུད་འགྲོ། དེ་བས། གོམས་སྟབས་ཐོག་མ་དེ་སྤོ་ས་ནོར་ན་བྱིས་པའི་མི་ཚེ་གང་བོ་ནོར་འཁྲུལ་ལ་ཕྱོགས་འགྲོ་བའོ།
དེར་བརྟེན་བུད་མེད་སུ་ཡིན་ཡང་། གོ་རྟོགས་ལྡན་པའི་སྒོ་ནས་ཨ་མ་བྱེད་དགོས། དེ་ལྟར་ཡིན་ན་ཁྱོ་ཀྱིས་རླབས་ཆེན་གྱི་ལས་འགན་དེ་ཕྲག་ཏུ་བཞེས་ཡོད།
འདི་ཐད་ནས་སྐྱེས་པ་ཕོ་རྣམས་ནི་བག་ཡངས་ཀྱིས་གནས་ཤིང་ཨ་མའི་ལས་འགན་དེ་སྒྲུབ་མི་ནུས། རྒྱུ་མཚན་ནི། ཁོ་ཚོས་ཨ་མ་བྱེད་པའི་འགན་འཁྲི་དེ་ཕྲག་ཏུ་ལེན་མི་ཕོད་པས་རེད། དེ་བས། བུད་མེད་རྣམས་ལ་ད་གཟོད་འགན་འཁྲི་ཕོན་ཆེན་ཞིག་ཡོད། དེར་བརྟེན་ཨ་མ་ཞིག་བྱེད་པ་ནི་དམིགས་བཀར་ཀྱི་གླ་ཆ་ལྟ་བུ་གང་ཞིག་གི་ཆེད་དུ་ཡིན་ཚེ་དེ་ནི་ནོར་འཁྲུལ་ཅན་གྱི་བསམ་བློའི་འཆར་སྒོ་ཞིག་ཡིན།
ཨ་མ་བྱེད་པ་ནི་རླབས་ཆེན་གྱི་སྒྱུ་རྩལ་ཞིག་ཡིན་པས།ཁྱོད་ཀྱིས་དེ་ལ་སྦྱངས་བརྩོན་བྱེད་དགོས།དེ་བས།བདག་གིས་ཁྱོད་ལ་འདིའི་ཐད་ཀྱི་དོན་གནད་འགའ་ཤས་ཤིག་བརྗོད་ན་བསམ།
དང་པོ། ཁྱོད་ཀྱིས་བྱིས་པ་ནི་རང་ཉིད་ཀྱི་མངལ་ཐོབ་ཅིག་ཡིན་པ་ལྟར་གྱིས་འབྲེལ་འདྲིས་གཏན་ནས་མ་བྱེད།བྱིས་པ་ཁྱོད་ཀྱི་མངལ་ནས་སྐྱེས་ཀྱང་། རང་ཉིད་ཀྱི་ཡིན་པ་ལྟར་བདག་དབང་ཡང་མ་བྱེད། ཁོ་ཁྱོད་ཀྱི་མ་རེད། དཀོན་མཆོག་གིས་ཁྱོད་རང་རླངས་འཁོར་དང་བརྒྱུད་ལམ་ལྟ་བུ་ཞིག་ལ་སྤྱད་ཡོད་པ་ཙམ་ལས། བྱིས་པ་ནི་ཁྱོད་ཀྱི་མངལ་ཐོབ་དང་བདག་དབང་བྱེད་ན་མི་འོས། བྱིས་པ་ལ་གཅེས་ཤིང་བརྩེ་ན་ཆོག་མོད། འོན་ཀྱང་། བྱིས་པ་ལ་བདག་དབང་ཁྱོན་ནས་མ་བྱེད། གལ་སྲིད། ཨ་མས་བྱིས་པ་ལ་བདག་དབང་བྱེད་པར་བརྩམས་ཚེ། བྱིས་པའི་མི་ཚེ་ལ་བརྡབ་གསིག་དང་གནོད་སྐྱོན་ཐེབས་ཏེ་བཙོན་པ་ལྟ་བུ་ཞིག་ཏུ་གྱུར་འགྲོ། དེ་འདྲའི་བགྱི་བ་ལྷུར་བླངས་ཚེ།ཁྱོད་ཀྱིས་བྱིས་པའི་རང་གཤིས་ལ་གཏོར་བཤིག་དང་གནོད་སྐྱོན་བཟོས་ཡོད་པར་མ་ཟད། ཁོ་རང་གི་ཡོད་ཚད་ཉམས་རྒུད་དུ་ཡང་བཏང་ཡོད
ཡིན་ན་ཡང་། བདག་དབང་བྱེད་ཆོག་པ་ཉག་ཅིག་ཡོད་པ་དེ་ནི་ཁང་པ་དང་རླངས་འཁོར་ལ་སོགས་ཡིན་པ་ལས་མི་ནི་མ་ཡིན་ནོ།
དེར་བརྟེན། འདི་ནི་སློབ་ཚན་དང་པོ་སྟེ།བྱིས་པ་མ་སྐྱེས་བའི་སྔོན་ཏུ་ཁྱོད་རང་གིས་བྱིས་པ་ཁོ་རང་ཚུགས་ཐུབ་ཅན་གྱི་མི་ཞིག་དང་སྒོས་སུ་སྤྱིར་མི་ཞིག་ལ་མངའ་བའི་ཐོབ་ཐང་ཡོད་པ་ལྟར་དང་ལེན་དང་སྙོར་སྐྱོང་བྱེད་པར་གྲ་སྒྲིག་བྱེད་ན་འོས་པ་ལས། རང་ཉིད་ཀྱི་བྱིས་པ་ནི་རང་ཉིད་ལ་བདག་གོ་ཞེས་པའི་ཀུན་སློང་གི་སྒོ་ནས་སྙོར་སྐྱོང་བྱ་འཆར་ཡོད་ན་མི་འོས་སོ།
གཉིས་པ་ནི་ཁྱོད་ཀྱིས་རང་ཉིད་ཀྱི་བྱིས་པ་ལ་འབྲེལ་འདྲིས་བྱེད་དུས།མི་རྒན་པ་ཞིག་དང་འབྲེལ་འདྲིས་བྱེད་པ་ལྟར་བྱེད་དགོས།བྱིས་པ་ལ་བྱིས་པ་ནང་བཞིན་གྱིས་འབྲེལ་འདྲིས་མ་བྱེད་ན་ལེགས།ད་དུང་ཁྱོད་ཀྱིས་ཁོ་ལ་འབྲེལ་འདྲིས་བྱེད་དུས་གུས་བརྩི་ཡང་བྱེད་དགོས།དཀོན་མཆོག་གིས་ཁྱོད་རང་སྦྱིན་བདག་ལྟ་བུ་ཞིག་ལ་བཅས་ཡོད་ཅིང་།དཀོན་མཆོག་ནི་ཁྱོདཀྱི་སྒོ་གསུམ་དུ་མགྲོན་པོ་ཞིག་དང་འདྲ་བར་བཞུགས་ཡོད།
བྱིས་པ་ནི་ཧ་ཅང་གི་ནུས་མེད་ཤུགས་མེད་ཅིག་ཡིན།ཁོ་ལ་གུས་བརྩི་བྱ་རྒྱུ་ནི་ལས་སླ་མོ་ཞིག་མིན་ན་ཡང་།བཙན་གནོན་བྱ་རྒྱུ་ནི་ཧ་ཅང་གི་སླ།རྒྱུ་མཚན་ནི་བྱིས་པའི་གཉོམ་ལག་ད་རུང་རྒྱས་མེད་ཅིང་།གཞན་ལ་ཡ་ལན་སློག་པ་སོགས་ཀྱི་བྱ་བ་ཅི་ཡང་བྱེད་མི་ནུས་པས་རེད། བྱིས་པ་ལ་གུས་བརྩི་བྱེད་དགོས་པར་མ་ཟད།རྒན་པ་ནང་བཞིན་གྱིས་འབྲེལ་འདྲིས་ཀྱང་བྱེད་དགོས།གལ་ཏེ།ཁྱོད་ཀྱིས་བྱིས་པ་ལ་གུས་བརྩི་བྱས་ཚེ།ཁྱོད་ཀྱིས་རང་ཉིད་ཀྱི་བསམ་ཚོད་དྲན་ཚོད་ཐམས་ཅད་བྱིས་པའི་སྟེང་དུ་བཙན་ཚུགས་ཀྱིས་མི་གཡོགས་ཤིང་བྱིས་པ་ལ་བཙན་ཚུགས་ཀྱི་བྱ་བ་ཡང་ཅི་ཡང་མི་བྱེད།ད་དུང་ཁྱོད་ཀྱིས་གུ་ཡངས་པོའི་སྒོ་ནས་བྱིས་པར་ཡོད་ཚད་ལ་གསར་རྟོགས་བྱེད་པའི་རང་དབང་སྟེར་རོ།
ཁྱོད་ཀྱིས་ཁོ་རང་གི་གསར་རྟོགས་ཀྱི་ནུས་པ་འཕེལ་བར་བྱེད་པའི་རོགས་རམ་བྱེད་ན་ཆོག་མོད།ཡིན་ན་ཡང་།ཁོ་ལ་ཁ་ཕྱོགས་ཁྱོན་ནས་སྟོན་མི་རུང་། ཁོ་ལ་མཁོ་བའི་ཁྱོད་ཀྱི་རོགས་རམ་ཉག་ཅིག་ནི་ཁོ་ལ་གཉོམ་ལག་རྒྱས་པར་བྱེད་པ་དང་། བདེ་འཇགས་ལ་ཁག་ཐེག་བྱེད་པ།སྲུང་སྐྱོབ་བྱེད་དགོས་པ་དེ་དག་ཡིན།ད་དུང་།ཡོད་ཚད་ལ་གསར་རྟོགས་བྱེད་པའི་ཆེད་དུ་ཁྱོད་ཀྱིས་བྱིས་པ་རང་ཉིད་ཀྱི་གམ་ནས་རྒྱང་རིང་ངམ་ས་མཐར་ཡང་འགྲོ་རུ་འཇུག་དགོས།
དེ་ནས།རང་དབང་གི་ཁྲོད་ན་ཡང་ནོར་འཁྲུལ་ཡོད་པ་སྨྲོས་མ་དགོས་པ་ཞིག་རེད།དེ་བས།ཨ་མ་ཞིག་ལ་མཚོན་ན་དེ་ནི་ཆེས་དཀའ་བའི་གནས་ཤིག་ཀྱང་རེད།རང་དབང་གི་ཁྲོད་ནས་ལས་ཀ་བཟང་པོ་ཁོ་ན་སྒྲུབ་པའི་ངེས་པ་མེད་ལ་ལས་ཀ་ངན་པ་ཡང་བསྒྲུབ་སྲིད།དེར་བརྟེན།ཁྱོད་ཀྱིས་བྱིས་པའི་རིག་པ་གྲོང་པོ་དང་གྲིམ་པོ་བཟོ་དགོས།ཡིན་ན་ཡང་།ཁྱོད་ཀྱི་བྱིས་པ་ལ་བཀའ་འཁྲོལ་ཅི་ཡང་མ་གནང་།སུ་ཞིག་གིས་ཀྱང་དེ་གཉའ་ལ་ཁུར་ཏེ་སེམས་སུ་ཉར་ན་མི་འདོད། དེ་བས། མི་རྣམས་ཚུལ་འཆོས་ཅན་ལ་འགྱུར་གྱིན་ཡོད། ཁྱོད་རང་དངོས་ནས་བྱིས་པ་ལ་བརྩེ་འདང་ཡོད་ན།སེམས་ལ་ངེས་དགོས་པའི་དོན་དག་ཅིག་ཡོད་པ་དེ་ནི་“རོགས་རམ”་དང་“བཙན་ཚུགས”་བྱས་ཏེ་བྱིས་པ་ཚུལ་འཆོས་ཅན་ཞིག་ཏུ་འགྱུར་བར་མི་བྱེད་པ་དེའོ།།
གསུམ་པ། ཀུན་སྤྱོད་དང་ཆོས་ལུགས།རིག་གནས་བཅས་ལ་རྣ་བ་བླགས་པར་མི་བྱ།རང་བྱུང་ལ་རྣ་བ་གཏད་དགོས།མཚམས་རེར་དེས་ཁྱོད་ལ་མི་བདེ་བ་དང་དཀའ་ཁག་བསྐྲུན་རུང་།རང་བྱུང་ནི་ཇི་ལྟར་ཡིན་ཡང་བསླད་མེད་པ་ཞིག་ཡིན།
དེ་ཡིས་ཁྱོད་ལ་དཀའ་ཁག་བསྐྲུན་དོན་ནི།ཁྱོད་ཀྱིས་རང་བྱུང་ལ་མ་བསྟུན་པས་ཡིན།ཁྱོད་ཀྱི་ཕ་མས་ཁྱོད་རང་ལྷད་མེད་པའི་བརྩེ་བའི་ངང་ནས་མ་སྙོར་ཞིང་མ་བསྐྱངས་པས་ཡིན།ཐེངས་ཁ་ཤས་ལ་ཁྱོད་རང་མ་བདེ་བ་ཡོང་སྲིད་མོད།དེ་ནི་རྐྱེན་ངན་ཞིག་ཡིན་པས།ནོར་འཁྲུལ་བསྐྱར་ཟློས་མ་བྱེད།
དཔེ་ཞིག་བཞག་ནས་བཤད་ན།བྱིས་པ་ཆུང་ཆུང་ཞིག་གིས་རང་ཉིད་ཀྱི་“མཚན་མ”ལ་རྩེད་མོ་རྩེད་དུས།དེ་མཚམས་འཇོག་བྱེད་དུ་འཇུག་པ་ནི་ཨ་མའི་རང་བཞིན་གྱི་བཅའ་སྟངས་ཤིག་རེད།རྒྱུ་མཚན་ནི་མོ་ལ་སྔ་མོ་ནས་མི་ཞིག་གིས་དེ་ནི་ནོར་འཁྲུལ་ཞིག་ཡིན་པའི་བག་ཆགས་བཞག་ཟིན་པས་རེད།ཐ་ན།མོ་རང་ཉིད་ཀྱི་ངོས་ནས་བལྟས་ན་དེ་ལ་ནོར་འཁྲུལ་ཅི་ཡང་མེད་པར་འདོད་ཀྱང་། གལ་ཏེ། མི་གཞན་ཞིག་དེ་ན་ཡོད་ཚེ་མོས་དེ་ནི་ནོར་འཁྲུལ་ཞིག་ལ་བརྩིས་ཤིང་།སྐྱེངས་པ་ཡང་ཏོག་ཙམ་སྐྱེས་ངེས།ངོ་ཚ་བ་ནི་ཁྱོད་ཀྱི་གནད་དོན་ཞིག་རེད།དེ་བྱིས་པ་དང་འབྲེལ་བ་གཏན་ནས་མེད།རང་བྱུང་དང་ཆོས་ཉིད་ལ་བསྟུན་པར་བྱ།རང་བྱུང་དང་ཆོས་ཉིད་ནི་བཀབ་སྦས་དང་རྫུན་པར་བསྒྱུར་མི་རུང་།ཁྱོད་ནི་བྱིས་པའི་འཚར་ལོངས་ལ་རོགས་འདེགས་བྱེད་མཁན་ཙམ་ཞིག་བྱ་རྒྱུ་དེའོ།།
བྱིས་པ་མ་སྐྱེས་བའི་སྔོན་དུ་ཁྱོད་ཀྱིས་འཇོན་ཚད་འབད་ཚད་ཀྱི་སྒོ་ནས་སྒོམ་སྒྲུབ་ཀྱི་ལས་ལ་ཟབ་ཟབ་ཀྱིས་ཞུགས་དགོས། བྱིས་པ་ཁྱོད་ཀྱིས་མངལ་ན་ཡོད་དུས།ཁྱོད་ཀྱིས་རྟག་པར་ཅི་ཞིག་བསྒྲུབས་པ་དེ་ཐད་ཀར་བྱིས་པའི་བདེ་ཐང་ལ་ཤུགས་རྐྱེན་ཐེབས་འགྲོ།གལ་སྲིད་ཁྱོད་རང་ཁོང་ཁྲོ་ལངས་པ་ཡིན་ན།ཁྱོད་ཀྱི་མངལ་ལ་ཁོང་ཁྲོ་ཡི་གནོན་ཤུགས་ཀྱིས་ཁེངས་ཏེ་བྱིས་པས་འཕྲལ་དུ་དེ་ཚོར་ཡོང་།གལ་སྲིད་ཁྱོད་ཀྱི་སེམས་པ་སྡུག་ལ་ལྷུང་དུས།ཁྱོད་ཀྱི་མངལ་ཁོང་ལ་ཡང་སྐྱོ་ངལ་གྱིས་ཁེངས་ཏེ་བྱིས་པས་ལམ་སང་དེ་ཚོར་ཡོང་བར་མ་ཟད་བྱིས་པར་ཡང་ཉོབ་སྣང་དང་སྡུག་སྣང་གིས་མནར་ཡོང་།
གང་ལྟར།བྱིས་པ་ཕྱོགས་ཡོངས་ནས་ཁྱོད་ལ་བརྟེན་ནས་བསྡད་ཡོད་ཁྱོད་རང་གི་ཁམས་<mood>ཀྱི་དྭངས་མིན་དེ་བྱིས་པ་ཡི་ཁམས་ཀྱི་བདེ་མིན་ལ་རག་ལས་ལོ་ཚོད་འདིར་ཁོ་རང་ལ་རང་ཚུགས་བྱེད་པའི་ནུས་པ་མེད་པས།ཁྱོད་ཀྱི་“གནམ་གཤིས”་ནི་བྱིས་པའི་“གནམ་གཤིས”་ཡིན།དེར་བརྟེན།ཁྱོད་ཀྱིས་ཁ་རྩོད་འཁྲུག་རྩོད་དང་ཁོང་ཁྲོ་ཞེ་སྡང་གི་ལས་ཀ་གཏན་ནས་བྱེད་ནི་འོས།འདི་ནི་ངས་ཨ་མ་ཞིག་བྱ་རྒྱུ་དེ་ཆེས་རླབས་ཆེན་གྱི་འགན་འཁྲི་ཞིག་རེད་ཟེར་བའི་རྒྱུ་མཚན་རྡོག་རྡོག་དེ་ཡིན།གང་ལྟར།ཁྱོད་ཀྱིས་བློས་གཏོང་མང་པོ་ཞིག་བྱེད་དགོས་ཀྱིན་ཡོད།
ཟླ་བ་བདུན་འགོར་ལ་ཉེ་བའི་སྐབས་སུ། ཁྱོད་ཀྱིས་ཧ་ཅང་གིས་གཟབ་ནན་དང་གྲོང་པོ་བྱེད་དགོས། བྱིས་པ་ནི་གཞན་གང་ལས་ཀྱང་རྩ་ཆེན་དང་གལ་ཆེན་ཞིག་ཡིན།གལ་སྲིད་མི་ཞིག་གིས་ཁྱོད་ལ་བརྙས་བརྐོ་བའམ་སུན་པོ་བཟོ་ན། དེ་ལ་རྒོལ་ལན་དང་ཁོང་ཁྲོ་མ་སྟོན།འདི་ལྟར་བརྗོད་རོགས། “ང་རང་སྦྲུམ་མ་ཞིག་ཡིན། བྱིས་པ་ནི་ཁོང་ཁྲོ་ལས་གལ་ཆེན་དང་རྩ་ཆེན་ཡིན། རྐྱེན་ངན་དག་འདས་ཏེ་ཉིན་ཤས་འགོར་རྗེས། མི་སུ་ཞིག་གིས་རང་ཉིད་ལ་བརྙས་བརྐོ་བ་དང་རང་ཉིད་ཀྱིས་ཅི་ཞིག་བསྒྲུབས་ཟིན་པ་དེ་སེམས་ནས་བརྗེད་འགྲོ། བྱིས་པ་ནི་འཇིག་རྟེན་འདི་ནས་ཉུང་མཐར་ཡང་ལོ་བདུན་ཅུ་དང་བརྒྱད་ཅུ་ལ་འཚོ་བས
དེ་དོན་ཆེན་པོ་ཞིག་ཡིན།” གལ་སྲིད་ཁྱོད་ཀྱིས་རྒོལ་ལན་དང་ཡ་ལན་སློག་འདོད་ན་ཁྱོད་ཀྱིས་གནད་དོན་དེ་ཉིན་ཐོར་བཀོད་དེ། བྱིས་པ་བཙས་པའི་རྗེས་ནས་ཁྱོད་རང་ཁོ་ཁྲོང་ལངས་ན་ཆོག་མོད་། འོན་ཀྱང་ད་ལྟ་ནི་མ་ཡིན་ནོ།
“ང་རང་སྦྲུམ་མ་ཞིག་ཡིན།ཁོང་ཁྲོ་ལངས་མི་ཉན” ཞེས་པའི་རྩ་བའི་ཀུན་སློང་འདི་ལ་ང་རང་གིས་ཚོར་སྐྱེན་གྱི་བསམ་ཤེས་ཞེས་བརྗོད་ཀྱིན་ཡོད། རང་ཉིད་ཀྱི་གཏན་གྲོགས་དང་མཉམ་དུ་སྐྱོ་ངལ་མེད་ཅིང་ཁྲོ་བ་མེད།ཞེ་སྡང་མེད་ལ་འཁྲུག་རྩོད་ཀྱང་མེད་པར་ཁྱོ་ཤུག་གཉིས་ཀྱིས་བྱིས་པ་ལ་བལྟ་དགོས། བྱིས་པ་མངལ་དུ་འཁོར་བ་ནས་བཟུང་ཁྱོད་གཉིས་ནི་ཕལ་བ་དང་བྱིས་པ་ནི་གལ་ཆེན་དེ་ཡིན།གཏན་ཚིགས་ནི་ཁྱོད་ལ་ཚེ་སྲོག་གསར་བ་ཞིག་སྐྱེ་རྒྱུ་ཡོད་པས་རེད། རྗེས་ནས་དེ་ཁྱོད་ཀྱི་འབྲས་བུ་རུ་གྱུར་འགྲོ། ཐོག་མ་ཉིད་ནས་བྱིས་པའི་སེམས་ངོགས་སུ་ཁོང་ཁྲོ་དང་ཞེ་སྡང་།དཀའ་རྙོག་སོགས་ཀྱི་དྲི་མ་བགོས་པ་ཡིན་ན། ཁྱོད་ཀྱིས་ཁོ་རང་དམྱལ་བར་གཡུགས་ཏེ་སྡུག་བསྔལ་མང་པོ་ཞིག་མྱངས་སུ་བཅུག་པ་རེད། དེ་ལས་བྱིས་པ་མ་སྐྱེས་ན་བཟང་། བྱིས་པ་ཅིའི་ཕྱིར་སྡུག་བསྔལ་གྱི་གནས་སུ་ཁྲིད་ཀྱིན་ཡོད་དམ། འཇིག་རྟེན་འདི་སྡུག་བསྔལ་གྱི་མཚོ་ལ་ཟགས་འདུག
ཆེས་ཐོག་མའི་བྱིས་པ་སྐྱེས་ས་དེ་ཧ་ཅང་གི་ཉེན་ཁ་ཆེ་བའི་གནས་ཤིག་ཀྱང་རེད། དེ་ལྟར་ཡིན་ན་ཡང་། ཁྱོད་ཀྱིས་བྱིས་པ་ཁོ་རང་འཇིག་རྟེན་འདི་ནས་མཐུན་མོང་མ་ཡིན་པ་ཞིག་ཏུ་འགྱུར་ན་སྙམ་པ་ལས་སྐྱོ་ཞིང་ཐབས་རྡུགས་ཅན་ཞིག་ཏུ་འགྱུར་ན་མི་བསམ་ཞིང་མ་མཐར་ཡང་སྤྱི་ཚོགས་ལ་ཕན་པ་བསྒྲུབས་དེ་བདེ་སྐྱིད་ཀྱི་དགའ་སྟོན་དང་དགོད་སྒྲ།བརྩེ་བས་ཕྱུག་པའི་འཚོ་བ་ཞིག་བསྐྲུན་ན་སྙམ། དེར་བརྟེན། བྱིས་པ་མངལ་ན་ཡོད་པའི་སྐབས་སུ། དགའ་སྟོན་ལ་རོལ་བར་བྱ་གླུ་ལེན་གར་རྩེ་བྱེད་པ་དང་སྙན་འཇབས་ཀྱི་གླུ་གཞས་ལ་ཉན་པ་སྒོམ་སྒྲུབ་ལ་གནས་པ། བརྩེ་བའི་ངང་འཚོ་བ། འཇམ་པའི་ངང་གནས་པ་འཚབ་འཚུབ་ཀྱིས་ལས་མ་བྱེད། སྐྱོ་བས་ལས་མ་སྒྲུབ།ལྷོད་འཇགས་ཀྱིས་བགྲོད། རླབས་ཆེན་གྱི་མགྲོན་པོ་དེ་ཁྱོད་ཀྱི་གམ་དུ་འབྱོར་བར་ཉེའོ།།
༢༠༡༦།༠༢།༡༤
ཨོ་ཤོ་ཡིས་བརྩམས་པའི་<< ཟ་མ་མོའི་གླེགས་བམ། >> ཞེས་པ་ལས་བསྒྱུར་རོ།
ཁྱོད་ཀྱིས་ཧ་ཅང་གིས་གཟབ་ནན་དང་གྲོང་པོ་བྱེད་དགོས།
གྲོང་པོ་འདི།
ཁྱོད་ཀྱིས་ཧ་ཅང་གིས་གཟབ་ནན་དང་གྲུང་པོ་བྱེད་དགོས།
གྲུང་པོར་དགོས།