ཡུམ་བུ་བླ་མཁར་བོད་ཀྱི་ཐེབས་རྩ།
ཧྥ་རན་སིའི་རྒྱལ་ས་ཕ་རེ་སིར་རྟེན་གཞི་བྱས་པའི་ཡུམ་བུ་བླ་མཁར་བོད་ཀྱི་ཐེབས་རྩ་ནི་བོད་ཀྱི་རིག་གཞུང་དང་དེང་དུས་ཤེས་ཡོན་སློབ་སྦྱོང་སོགས་སློབ་གཉེར་མཐའ་འཁྱོལ་གནང་མཁན། བོད་མིའི་སྤྱི་ཚོགས་ལ་ཕན་པའི་དམིགས་བསལ་གྱི་ཆེད་ལས་ལས་གཞི་གཉེར་མཁན། དེ་བཞིན་འཚོ་གནས་ཉམས་ཐག་དང་འཕྲོད་བསྟེན་དཀའ་ངལ་སོགས་བོད་པའི་སྤྱི་ཚོགས་ཁྲོད་དངོས་ཡོད་དཀའ་ངལ་ཡོད་རིགས་ལ་རོགས་ཕན་མཐུན་འགྱུར་ཞུ་རྒྱུ་རྩ་བའི་དམིགས་ཡུལ་དུ་བཟུང་པའི་ཁེ་མེད་རོགས་སྐྱོར་ཐེབས་རྩ་ཞིག་ཡིན།
ཐེབས་རྩའི་ངོས་ནས་ཕྱི་ལོ་༢༠༡༤ ལོའི་སློབ་ཡོན་ཁ་གསབ་རོགས་དངུལ་དེ་སློབ་གྲྭ་ཆུང་འབྲིང་འགྲིམ་བཞིན་པའི་དྭ་ཕྲུག་སློབ་མ་དང་། དེ་བཞིན་ཁྱིམ་མིའི་འཚོ་བར་སློབ་ཡོན་སྤྲོད་པར་ཤིན་ཏུ་དཀའ་ངལ་ཡོད་མཁན་གྱི་རིགས་ལ་ཁ་ཕྱོགས་ཏེ་སྤེལ་རྩིས་ཡོད་པས། བོད་ཕྱི་ནང་གཉིས་ཀྱི་བོད་རིགས་དངོས་ཡོད་དཀའ་ཁག་ཅན་དང་། དྭ་ཕྲུག་སློབ་གྲྭ། དེ་བཞིན་དྭ་ཕྲུག་སློབ་མར་ཤེས་ཡོན་གྱི་གོ་སྐབས་སྤྲོད་བཞིན་པའི་ཚོགས་སྡེ་གང་ཡིན་ཡང་རོགས་དངུལ་སྙན་ཞུའི་ཁོངས་སུ་འཛུལ་ཞུགས་གནང་ཆོག་པ་ཡིན།
འདི་ནས་འབུལ་བཞིན་པའི་སློབ་ཡོན་ཁ་གསབ་མ་དངུལ་ལ་ཚད་ཡོད་པས་སྙན་ཞུ་ཕུལ་མཁན་ཚང་མར་ཁྱབ་ཐུབ་པའི་ངེས་པ་མེད་སྟབས། ཐེབས་རྩ་ཁང་གི་འགན་འཛིན་ལས་བྱེད་ཀྱིས་སྙན་ཞུ་འབྱོར་རིམ་ལྟར་འབྲེལ་གཏུག་ཞིབ་འཇུག་བརྒྱུད་སློབ་ཡོན་ཁ་གསབ་ཐོབ་མིན་བརྡ་ལན་སྤྲོད་རྒྱུ་ཡིན་པས། ཐེབས་རྩའི་མཐའ་མའི་གསལ་བསྒྲགས་ལ་སློབ་ཡོན་རེ་ཞུ་བ་ཚང་མས་དགོངས་གཞེས་གནང་ཐུབ་པའི་རེ་བ་ཡོད།
རོགས་སྐྱོར་ཞུ་མཁན་ཚོས་གཤམ་འཁོད་དགོས་ངེས་ཀྱི་ཆ་རྐྱེན་གཞིར་བཟུང་སྙན་ཞུ་ཕྱི་ལོ་༢༠༡༤ ཟླ་༢ པའི་ཚེས༡༥་ ནས་ཕྱི་ཟླ་༤ པའི་ཚེས་༡ འགྱངས་མེད་ཡུམ་བུ་བླ་མཁར་བོད་ཀྱི་ཐེབས་རྩའི་གློག་འཕྲིན་ཡིག་ཟམ(yumbulakar@gmail.com)བརྒྱུད་འཕྲོད་ཐུབ་པ་གནང་དགོས།
སློབ་ཡོན་རེ་ཞུ་བ་དག་གིས་གྲ་སྒྲིག་དང་དོ་སྣང་གནང་དགོས་པ་གཤམ་གསལ།
༡༽ རོགས་དངུལ་ཞུ་མཁན་བོད་རིགས་ཡིན་དགོས་པ་མ་ཟད། སློབ་སྦྱོང་ལ་མུ་མཐུད་ཤུགས་སྣོན་པར་འདུན་པ་ཟབ་མོ་ཡོད་མཁན་གལ་ཆེ།
༢༽ དྭ་ཕྲུག་གམ་སློབ་ཡོན་སྤྲོད་པར་ཁྱིམ་གྱི་འབྱོར་བར་དངོས་ཡོད་དཀའ་ཁག་ཡོད་པའི་རིགས་ཡིན་དགོས།
༣༽ ཉེ་དུས་བླངས་པའི་རང་གི་འདྲ་པར་དང་ལྷན་དུ་དོ་བདག་གི་འཚོ་བའི་གནས་སྟངས་གསལ་བོར་འཁོད་པའི་སྙན་ཞུ་ངེས་པར་དུ་ཕ་སྐད་ཐོག་ནས་བྲིས་ཏེ་བསྐུར་དགོས།
༤༽ སྙན་ཞུ་གཏོང་མཁན་སུ་ཡིན་ན་འབྲེལ་ཡོད་སློབ་གཙོའམ། ས་གནས་སྡེ་དཔོན(གཞིས་དཔོན)གང་རུང་གིས་ཐམ་ཀ་བཀོད་པའི་ངོས་སྦྱོར་བདེན་དཔང་ཡི་གེ་སྙན་ཞུ་དང་མཉམ་དུ་གཏོང་གནང་དགོས།
༥༽ རོགས་དངུལ་སྙན་ཞུའི་ཁོངས་སུ་མི་སྒེར་དང་ཚོགས་སྡེ་སུ་ཡིན་པས་ཆ་ཤས་ལེན་ཆོག་ལ། འབྲེལ་གཏུག་བྱ་སའི་སྡོད་གནས་ཁ་བྱང་ངམ་ཁ་པར་ཨང་གྲངས་མ་ནོར་བར་བསྐུར་དགོས།
ཕྱི་ལོ་༢༠༡༤ ཟླ་ ༠༢ ཚེས་ ༡༥ ཉིན། www.lafondationdutibet.org
ཕྱི་སྡོད་བོད་མི་ཚོས་འདིའི་རིགས་ཀྱི་ལས་འགུལ་མང་ཙམ་སྤེལ་ཐུབ་ན་བཟང་།