ཀླུ་སྨྱོན།
གཅིག
ཉེ་ཆར་དོན་དག་ཅིག་གི་ཆེད་དུ་ང་རང་ཡོ་རོབ་ཀྱི་རྒྱལ་ཁབ་ཆུང་ཆུང་ཞིག་ཏུ་སོང་བ་ཡིན། དེ་གར་གནའ་བོའི་སྡོད་ཁང་སྤུས་ལེགས་དང་ཀྱག་ཀྱོག་ཅན་གྱི་རྒྱ་ལམ། གཟན་ལ་བཀྲམས་པའི་ལུག་ཁྱུ་དང་རི་མགོར་ལྷུང་བའི་སྤྲིན་དཀར་སོགས་ཀྱིས་ཁོ་བོར་མ་བཅོས་རང་བྱུང་གི་ལྷུན་ཆགས་མཛེས་སྡུག་ངོ་མ་དེ་འདི་རེད་ཨང་སྙམ་པའི་བསམ་བློ་ཞིག་དབང་མེད་དུ་འཁོར་བར་བྱས་སོང་། ཉི་མ་འགའི་རིང་ལ་ང་དང་གྲོགས་པོ་འགས་རེས་མོས་ཀྱི་དངུལ་ཁུག་ཕྱིར་བཏོན་ནས་སྤྲོ་གསེང་གི་ས་ཆ་གྲགས་ཅན་འདི་དང་དེ་ལ་ངས་མགྲོན་སྦྱིན་བྱེད་ཀྱི་ཡིན་ཞེས་རང་རང་གི་རྒྱུ་ཤེད་ངོམ་པའི་ལྟད་མོ་ཆུང་ཆུང་ཞིག་ཀྱང་འཁྲབ་སྟོན་བྱས་པ་ཡིན་ལ། དེའི་ནང་དུ་ངའི་གྲོགས་པོ་ར་སེལ་ལ་རྒྱལ་ཁ་མང་ཤོས་དེ་ཐོབ་སོང་། རྒྱུ་མཚན་ནི་ཁོང་གི་དངུལ་ཁུག་དེ་ང་ཚོའི་དངུལ་ཁུག་ལས་ཆེ་ཞིང་ལྕི་བས་སོ།།
ར་སེལ་གྱིས་ལོ་མང་སྔོན་རྒྱ་གར་དབྱིན་ཇིའི་འོག་ཏུ་ཡོད་དུས་དབྱིན་དམག་གི་དྲུང་ཡིག་དཀྱུས་མ་ཞིག་གི་ལས་འགན་འཁུར་མྱོང་ཞིང་། རྗེས་སུ་རྒྱ་གར་དབྱིན་ཇིའི་འོག་ནས་རང་བཙན་ཐོབ་དུས་རྒྱ་གར་གྱི་གྲོང་གསེབ་ཅིག་ཏུ་ལུས་ནས་གྲོང་གསེབ་པ་དག་གིས་ཟླ་བ་འགར་བཀག་ཉར་གྱིས་བཟང་བཙོན་གྱི་ཚུལ་དུ་ཕྱིར་རང་ཡུལ་དབྱིན་ཇིའི་ལུང་པར་མ་མངགས་པར་ལུས་འདུག དེ་གར་ལུས་ནས་ཅི་བྱ་གཏོལ་མེད་དུ་གྱར་ཡོད་སྐབས་སྟབས་ལེགས་ཏེ་བོད་ནས་རྡོ་རྗེ་གླིང་ལ་ཚོང་རྒྱག་ཏུ་ཡོང་བའི་བོད་རིགས་ཚེ་རིང་རྡོ་རྗེ་ཟེར་བ་ཞིག་དང་ངོ་ཤེས་སུ་གྱུར་པ་དང་། ལོ་ཕྱེད་ཅིག་གི་རྗེས་སུ་ཚེ་རྡོར་གྱིས་ཁོང་ལ་བོད་མོ་མིང་ལ་ཟླ་སྒྲོན་ཟེར་བ་ཞིག་ངོ་སྤྲོད་བྱས་ཤིང་། ཟླ་བ་འགའི་རྗེས་སུ་ར་སེལ་གྱིས་ཟླ་སྒྲོན་དང་མཉམ་དུ་གཉེན་སྒྲིག་བྱས་ཏེ་བུ་ཞིག་དང་བུ་མོ་ཞིག་ཀྱང་འཕྲོ་རིམ་འཕྲོར་སྐྱེས་འདུག
རྒྱ་གར་ས་གནས་ཉེན་རྟོག་པས་རྩད་ཞིབ་ཀྱིས་ར་སེལ་ལ་ནག་ཉེས་ཅི་ཡང་མེད་པར་གྲོང་གསེབ་པ་དག་གིས་བཀག་ཉར་བྱས་པ་ཤེས་རྗེས་འཕྲལ་སེལ་ལག་ཁྱེར་ཞིག་སྤྲད་དེ་དབྱིན་ཡུལ་དུ་འགྲོ་ཆོག་རྒྱུ་བྱས་ཀྱང་ཁོའི་བཟའ་ཟླ་དང་ཕྲུ་གུ་གཉིས་བོད་རིགས་དང་བོད་ཀྱི་མི་ཁོངས་ཡིན་པར་བསྙད་དེ་ཕྱིར་བསྐྱོད་ལག་ཁྱེར་སྤྲོད་ཐབས་མེད་ལུགས་བརྗོད་པས་ར་སེ་རེ་ཞིག་འགྲོ་བསྐྱོད་མི་ཤེས་པའི་གནས་སུ་གྱར། ཡིན་ན་ཡང་མཐའ་མ་དེར་ར་སེ་གནས་སྐབས་དབྱིན་ཡུལ་དུ་འགྲོ་རྒྱུ་དང་། ཟླ་སྒྲོན་དང་ཕྲུ་གུ་གཉིས་བོད་དུ་ལོག་ནས་བོད་གཞུང་ལ་ཕྱིར་བསྐྱོད་ལག་ཁྱེར་ཞུས་རྗེས་ར་སེལ་ཁོང་མ་བུ་གསུམ་དབྱིན་ཡུལ་དུ་ལེན་ཕྱིར་བོད་ལ་ཡོང་རྒྱུའི་ཁ་ཆད་བྱས་འདུག
ར་སེལ་ཕྱིར་དབྱིན་ཡུལ་དུ་ལོག་ནས་ཟླ་བ་འགའི་རིང་ལ་བསྒུགས་རྗེས་བོད་ནས་འཕྲིན་ཡིག་ཅིག་འབྱོར་བའི་ནང་དུ་ཟླ་སྒྲོན་གྱིས་ཡི་གེ་ཞིག་བསྐུར་པའི་ནང་དུ་མོ་རང་ཁམས་པ་ཚོང་བ་ཕྱུག་པོ་ཞིག་དང་མཉམ་དུ་བརྩེ་དུང་ཆགས་པས་དབྱིན་ཡུལ་དུ་ཡོང་འདོད་མེད་ལུགས་དང་། ར་སེལ་བོད་ལ་གནས་སྐོར་དུ་ཡོང་འདོད་ཡོད་ན་གོ་སྐབས་དེ་དང་བསྟུན་ནས་རང་གི་ཕྲུ་གུར་ཐུག་འཕྲད་བྱས་ན་འགྲིག་ཚུལ་བརྗོད་ཡོད་པས། སྐབས་ཤིག་གི་རིང་ར་སེལ་དྲན་པ་འཐོར་བ་ལྟར་དུ་གྱུར་ཅིང་། དྲན་པ་ནང་དུ་ཁུག་རྗེས་ལམ་སེང་ས་གནས་ལས་ཁུངས་སུ་བསྐྱོད་དེ་ཕྱིར་བསྐྱོད་ལག་ཁྱེར་གྱི་ཡིག་ཆ་བཟོ་རྒྱུ་མངགས། དཀའ་ངལ་ཅི་ཡང་མེད་པར་ཕྱིར་བསྐྱོད་ཡིག་ཆ་ལག་ཏུ་ཐོབ་རྗེས་བོད་དུ་འགྲོ་རྩིས་ཀྱིས་རང་གི་ཕ་རྒན་གྱི་ས་ནས་དངུལ་གང་འཚམ་ཞིག་གཡར་ནས་སང་ཐོན་གནངས་ཐོན་གྱི་སྐབས་དེར་ཁོ་ལ་དོན་དག་ཚབས་ཆེན་ཞིག་བྱུང་བ་སྟེ། ཁོ་རང་དབྱིན་གཞུང་གི་དམག་མིའི་ནང་དུ་མ་འཛུལ་སྔོན་ཏག་ཏག་དེར་ཁོའི་དགའ་རོགས་ལིས་ས་ཟེར་བ་དེར་སྨྱོ་ནད་བྱུང་སྟེ་རང་ཤི་བརྒྱབ་པའི་དོན་དག་དེར་མོའི་ཕ་མ་དང་ས་གནས་ཉེན་རྟོག་པ་དག་གིས་ཁོ་ལ་མི་གསོད་ལག་དམར་ཡིན་པའི་དོགས་པ་ཟ་བཞིན་ཡོད་པ་དང་། ད་ཆ་དོགས་པ་དེ་ཆེ་རུ་སོང་སྟེ་ས་གནས་ཉེན་རྟོག་པས་ཁོ་ལ་བརྡ་ཡིག་ཅིག་བསྐུར་ནས་ཟླ་བ་གསུམ་གྱི་ནང་ཚུན་དུ་རྒྱལ་ཁབ་ཕྱི་ལོགས་སུ་འགྲོ་མི་ཆོག་པར་ཉེན་རྟོག་ཁང་དུ་ནམ་ཞིག་འབོད་འགུག་བྱས་ཀྱང་དེ་དུས་ངེས་པར་དུ་བཅར་དགོས་པའི་ཉེན་བརྡ་ཞིག་སྤྲད་པ་རེད།
གནས་ཚུལ་ལ་འདི་ལྟར་འགྱུར་བ་བྱུང་བས། རེ་སེལ་གྱི་སེམས་པར་རྡུང་རྡེག་ཚད་མེད་ཅིག་ཕོག་སྟེ་ཟས་ཟོས་ན་བྲོ་བ་མེད་ཅིང་དགོང་མོར་གཉིད་མི་ཁུག་པའི་དཀའ་ངལ་ཞིག་ཀྱང་བྱུང་སྟེ་ས་གནས་དེ་དང་ཐག་མི་རིང་བའི་སར་ཡོད་པའི་བོད་ཀྱི་བླ་མ་ཐུབ་བསྟན་རིན་པོ་ཆེའི་ཆོས་ཚོགས་སུ་སོང་སྟེ་སྒོམ་སྒྲུབ་བྱས། ཡ་མཚན་པ་ཞིག་ལ་ཟླ་འགའི་རྗེས་སུ་ར་སེལ་གྱིས་མི་ཚེའི་དཀའ་རྙོག་མང་པོ་ཞིག་གི་གཞི་རྩའི་འབྱུང་ཁུངས་རྙེད་པ་སྟེ། དེ་ཡང་འགྲོ་བ་མི་དང་སྲོག་ཆགས་གཞན་དག་ལ་ཐུན་མོང་དུ་ཡོད་པའི་རང་གཅེས་འཛིན་གྱི་བསམ་བློ་འདི་ནི་མི་སྐྱིད་པ་ཐམས་ཅད་འབྱུང་བའི་སྒོ་གཅིག་བུ་དེ་ཡིན་ལ། གལ་སྲིད་མི་སུ་ཞིག་གིས་རང་གཅེས་འཛིན་དེ་ཅུང་ཟད་ཉུང་དུ་གཏོང་ཐུབ་ན་མི་དེའི་སེམས་ཁོངས་སུ་དེ་ཙམ་གྱི་བདེ་སྐྱིད་འཐོབ་ཐུབ་ཅིང་། གལ་སྲིད་མི་སུ་ཞིག་གིས་རང་གཅེས་འཛིན་གྱི་བསམ་བློ་དེ་རྩ་བ་ཉིད་ནས་སྤོང་ཐུབ་པ་ཡིན་ན་དེ་ནས་བཟུང་སྟེ་མི་དེའི་བསམ་བློའི་ནང་དུ་འགྲན་ཟླ་མེད་པའི་ཉི་འོད་ཅིག་འཕྲོ་ཐུབ་ཅིང་། ཉི་འོད་དེའི་ཀློང་ནས་ཇི་སྲིད་བསྐལ་པ་མ་སྟོང་གི་བར་དུ་ཞི་བདེའི་སྣང་བ་ཞིག་ལ་རོལ་ཐུབ་པའི་ངེས་ཤེས་ཤིག་རྙེད་པས། ར་སེལ་གྱིས་བླ་མ་ཐུབ་བསྟན་གྱི་མདུན་ནས་དགེ་བསྙེན་གྱི་སྡོམ་པ་བླངས་ཏེ་སྒོམ་སྒྲུབ་མུ་མཐུད་དེ་བྱས་ཤིང་། ལོ་གཅིག་གི་རྗེས་སུ་ས་གནས་ཉེན་རྟོག་ལས་ཁུངས་ཀྱིས་ཁོར་ནག་ཉེས་ཅི་ཡང་མེད་པའི་བདེན་དཔང་ཡིག་ཆ་ཞིག་སྤྲད་པའི་མཇུག་ཐོགས་དེ་རང་དུ་ར་སེལ་བོད་དུ་བསྐྱོད་རྩིས་བྱས་མོད། སྟབས་མ་ལེགས་པར་ཟླ་སྒྲོན་ལ་སྙིང་གི་ན་ཚ་ཞིག་བྱུང་སྟེ་ཚེ་ལས་འདས་ཤིང་། མོའི་ཕྲུ་གུ་གཉིས་པོ་མོའི་ཁྱོ་ག་ཚོང་བ་དེས་ཁྲིད་ནས་ཁམས་སུ་ཕྱིར་ལོག་བྱས་པའི་སྐོར་གྱི་གནས་ཚུལ་གློ་བུར་བ་ཞིག་འབྱོར། འདིི་ལྟར་འཁོར་བའི་རང་མཚང་གཅིག་རྗེས་གཉིས་མཐུད་དུ་བསྟན་ཡོང་བས། ར་སེལ་གྱི་བསམ་བློར་འགྱུར་བ་ཆེན་པོ་ཞིག་བྱུང་སྟེ་རྒྱ་གར་དུ་བསྐྱོད་ནས་རྡོ་རྗེ་གླིང་གི་ཆུ་ཁོག་ཟེར་བའི་ས་ཆ་བོད་དང་ཐག་ཉེ་བ་ཞིག་ཏུ་གྲོང་གསེབ་ཆུང་ཆུང་ཞིག་ནས་སྒོམ་ཁང་རང་ལུས་འདོམ་གང་ཤོང་བ་ཞིག་གླས་ཏེ་ལོ་ཕྱེད་ཅིག་ལ་སྒོམ་སྒྲུབ་བྱས།
གཉིས།
ར་སེལ་ཕྱོགས་བཞི་བྲག་རི་དང་ནགས་རིས་བསྐོར་ཅིང་རྫ་ཆུ་ལྷུང་ལྷུང་དུ་འབབ་ལ་ཉི་འོད་བཀྲག་མདངས་འཚེར་བའི་གྲོང་གསེབ་ཡིད་དུ་འོང་བ་འདིར་བསྡད་དེ་ཟླ་བ་དྲུག་ནི་འཁྱུག་ཙམ་ཞིག་གི་རིང་ལ་བཞུད་ཚར། དེའི་རིང་ལ་ཁོས་བླ་མ་ཐུབ་བསྟན་གྱི་མན་ངག་བཞིན་སྔོན་འགྲོའི་བསགས་སྦྱོང་འབུམ་བཞི་སོགས་སྒོམ་སྒྲུབ་གང་ལེགས་ཤིག་བྱས་པ་དང་། དེའི་རིང་གི་ཉམས་མྱོང་དག་ཀྱང་ཡིག་ཐོག་ཏུ་ཕབ་པས། གལ་སྲིད་ཟིན་ཐོ་དེ་དག་ཕྱོགས་བསྒྲིགས་ཀྱིས་པར་སྐྲུན་བྱེད་ཐུབ་ན་དེབ་ཆུང་ཆུང་ཞིག་གི་ཁྱད་ཆོས་ཡོངས་སུ་ཚང་འདུག
མི་རེ་རེར་དགའ་ཕྱོགས་མི་འདྲ་བ་རེ་ཡོད་བ་བཞིན། ར་སེལ་གྱི་དགའ་ཕྱོགས་གཅིག་ནི་ཞོགས་པར་ཁོ་ཧྥེ་ཕོར་བ་གང་རེ་བཏུང་རྒྱུ་དེ་ཡིན་མོད། གྲོང་གསེབ་ཆུང་ཆུང་འདིར་ཁོ་ཧྥེ་ཉོ་སའི་ཚོང་ཁང་ཕར་ཞོགས་མི་མང་པོ་ཞིག་གིས་ཁོ་ཧྥེ་ཟེར་ན་བཏུང་རྒྱུ་ཞིག་ཡིན་ནམ་གྱོན་རྒྱུ་ཞིག་ཡིན་པ་ཙམ་ཡང་མི་ཤེས་པས། ཁོ་རང་གིས་བཟོད་སྒོམ་ཆེན་པོའི་ངང་ནས་བོད་ཇ་བསུབས་མ་དེས་ཁ་ཧྥེའི་གོ་ཆོད་པར་བྱས། ཟླ་བ་རེ་རེ་བཞིན་འདས་པ་དང་མཉམ་དུ་ཁོ་རང་བོད་ཇ་ལ་དགའ་བར་གྱུར་ཅིང་། མཐའ་མ་དེར་ཉིན་རེར་བོད་ཇ་ཕོར་བ་བདུན་བརྒྱད་རེ་མ་བཏུངས་ན་སྡོད་མི་ཐུབ་པའི་གནས་སུ་གྱར།
ར་སེལ་གྱིས་དགའ་བོ་བྱེད་སའི་བོད་ཇ་འདི་ཡང་རྒྱུ་མེད་དུ་གནམ་ནས་བབས་པ་ཞིག་མིན་པར། གྲོང་གསེབ་དེའི་བུ་མོ་གཡུ་སྒྲོན་དང་མོའི་ནང་མི་དང་ཡོངས་སུ་འབྲེལ་ཡོད། གཡུ་སྒྲོན་ནི་བོད་རིགས་བུ་མོ་ལོ་ན་ཉེར་གཅིག་ཙམ་ལ་སོན་ཞིང་སྐྱེ་གཟུགས་ལེགས་ལ་ངག་སྒོ་འཇམ་པ་ཞིག་ཡིན་ཞིང་། མོའི་ཁྱིམ་དུ་ཕ་མ་རྒན་རྒོན་གཉིས་དང་ཕུ་བོ་ཞིག་ཡོད། ཕ་མ་གཉིས་ཆོས་དད་ཧ་ཅང་ཆེ་བས་ནམ་རྒྱུན་རི་གྲོང་དེར་སྒོམ་སྒྲུབ་བྱེད་དུ་ཡོང་མཁན་སུ་ཞིག་ཡིན་ན་ཡང་ཁོ་ཚང་གི་བོད་ཇ་ཞིམ་པོ་དེ་འཐུང་མི་མྱོང་མཁན་ཞིག་ཕལ་ཆེར་མེད།
སྟབས་ཡག་ནས་ར་སེལ་གྱི་སྒོམ་ཁང་དང་གཡུ་སྒྲོན་གྱི་ཁྱིམ་ཚང་གི་བར་དུ་རྩིགས་པ་དམའ་མོ་ཞིག་ལས་མེད་ཅིང་། ནམ་རྒྱུན་ར་སེལ་གྱི་སྒོམ་ཁང་ནང་དུ་མཁའ་དབུགས་བརྒྱུད་ནས་གཡུ་སྒྲོན་གྱི་ཁྱིམ་ནས་བསྐོལ་བའི་འོ་ཇའི་དྲི་ཞིམ་གྱིས་ཁྱབ་ནས་བསྡད་ཡོད། རི་གྲོང་དེར་དཔལ་འབྱོར་སྐྱོ་མིན་ལ་མ་ལྟོས་པར་མི་ཚང་རེ་རེའི་ནང་དུ་ཟངས་དམར་གྱིས་ཤན་པའི་སྣོད་ཆས་སྣ་ཚོགས་ཡོད་པའི་ཁྲོད་དུ་ར་སེལ་དགའ་མོས་ཆེན་པོ་བྱེད་ས་ཞིག་ནི་ཇ་སྐོལ་བྱེད་ཀྱི་ཟངས་དེམ་དེ་དག་ཡིན་ལ། ཞོགས་པའི་ཉི་འོད་དང་བསིལ་རླུང་གི་ཁྲོད་དུ་གཡུ་སྒྲོན་གྱིས་གདོང་ཡོངས་འཛུམ་གྱིས་ཁེངས་ནས་བོད་ཇ་ཁྱེར་ཡོང་ཐེངས་རེ་རེར། ར་སེལ་གྱི་སྙིང་དམར་པོ་མཆོང་ལྡིང་བྱེད་པའི་སྒྲ་དེ་ཁོ་རང་ཉིད་དང་ནམ་མཁའི་དབྱིངས་སུ་བཞུགས་པའི་དཀོན་མཆོག་གཉིས་ཁོ་ན་མ་གཏོགས་སུ་གཅིག་གིས་ཀྱང་མི་ཤེས།
ཐོག་མའི་ཟླ་བ་འགའི་རིང་ལ་ར་སེལ་གྱིས་བོད་སྐད་འཁྱར་འཁྱོར་ཞིག་ལས་མི་ཤེས་པ་དེས་མ་འདང་པར་གཡུ་སྒྲོན་དང་སྐད་ཆ་མང་པོ་ཞིག་བཤད་མ་ཐུབ་ཀྱང་། ནུབ་ཕྱོགས་པ་མང་པོ་ཞིག་ལ་ཡོད་པའི་བརྩོན་སེམས་ཆེན་པོ་དེས་ར་སེལ་གྱི་བོད་སྐད་དེ་ཉིན་རེ་བཞིན་ཡར་རྒྱས་སུ་འགྲོ་བར་ཤུགས་རྐྱེན་ངེས་ཅན་ཞིག་སྤྲད་དེ། ད་ཆ་རྒྱུན་སྤྱོད་ཐ་སྙད་བརྒྱ་ཕྲག་མང་པོ་ཞིག་གིས་ཁོའི་ཀླད་པའི་ནང་དུ་ང་འགྲོ་ཁོ་འགྲོའི་འཚང་ཁ་བྱེད་བཞིན་ཡོད་ལ། ལྷག་པར་དུ་ཕོ་གཞོན་མོ་གཞོན་དག་གི་བར་དུ་མ་གཏོགས་བེད་སྤྱོད་དེ་ཙམ་མེད་པའི་ཐ་སྙད་འོད་འཚེར་བ་མང་པོ་ཞིག་ནི་གལ་སྲིད་གཟུགས་སུ་གྲུབ་ན་ཕལ་ཆེར་རྒྱ་མཚོའི་རྦ་རླབས་ངོས་ཀྱི་ཟེགས་མ་རེ་རེ་བཞིན་མཆོང་ལྡིང་བྱེད་བཞིན་ཡོད།
གསུམ།
རི་གྲོང་གི་སྟོན་ལོ་སེར་པོ་གང་སར་འཕུར་བའི་དུས་ཚིགས་ཤིག་ལ། ར་སེལ་གྱིས་ཉི་མ་གསུམ་གྱི་གུང་གསེང་དང་བསྟུན་ནས་རྡོ་རྗེ་གླིང་གི་རི་མཐོན་པོ་ཞིག་གི་རྩེ་རུ་འཛེགས་ཏེ་ཕྱོགས་བཞིའི་ཡུལ་ལྗོངས་ལ་རྒྱང་ལྟ་རེ་བྱེད་བསམས།
རྒྱབ་ཁུག་ཆུང་ཆུང་ཞིག་དང་མཁར་རྒྱུག་ཅིག ད་དུང་ཐག་པ་ཞིག་དང་ལོ་མང་སྔོན་ནས་ཉར་ཡོད་པའི་རྒྱང་ཤེལ་ཆུང་ཆུང་དེ་ལ་སོགས་པའི་དངོས་པོ་སྐོར་ཞིག་གྲ་སྒྲིག་བྱེད་བཞིན་པའི་སྐབས་དེར། གཡུ་སྒྲོན་གྱིས་འོ་ཇ་ཟངས་དེམ་གང་ཁྱེར་ནས་ནང་དུ་འཛུལ་ཡོང་། མོས་ཅ་ལག་དེ་དག་མཐོང་མ་ཐག་ཐོག་མར་ཧ་ལས་པའི་རྣམ་འགྱུར་ཞིག་བསྟན་ཅིང་། དེ་ནས་འཛུམ་ཞིག་ལངས་ཏེ་དགོད་ཞོར་དུ། ད་ནི་ཁྱེད་རང་ལ་གྲུབ་པ་ཐོབ་ཚར་ནས་འགྲོ་དོན་མཛད་དུ་ཕེབ་རྩིས་ཡིན་ནམ། ཟེར་བས། ར་སེལ་གྱིས་འཚབ་འཚབ་ངང་མགོ་བོ་གཡུག་ཞོར། མིན་མིན། གྲུབ་པ་ག་ལ་ཐོབ། གྲུབ་པ་ཐོབ་རྒྱུར་དུས་ཚོད་ཞེ་དྲགས་འགོར་གྱི་རེད། དེ་རིང་ང་རི་མགོར་འཛེག་ཏུ་འགྲོ་གི་ཡིན། ཞེས་བརྗོད་པ་ན། གཡུ་སྒྲོན་གྱི་གདོང་ལ་ལྷོད་ལ་བབས་པའི་རྣམ་འགྱུར་ཞིག་ཤར་ནས། ཨོ་ད་ཡིན་ན་ཡག་བྱུང་། ང་ཚོའི་སྒོམ་ཆེན་པ་ལ་སྐུ་ངལ་གསོ་བའི་དུས་ཚོད་ཅིག་ད་ལོས་དགོས། སྒོམ་ཆེན་པ་ཁྱེད་ལ་རི་འཛེག་ཞབས་ཞུ་འདྲ་དགོས་ན་ང་རང་འགྲོ་ཆོག ཅེས་བརྗོད་རྗེས་ཧ་ཅང་མཛེས་པའི་མིག་ཟུང་གི་ནང་དུ་རེ་བ་འདོན་པའི་འོད་མདངས་ཤིག་འཚེར་བཞིན་བསྡད་པ་ན། ར་སེལ་གྱི་ལུས་པོར་གློག་འཁྱུད་པ་ལྟ་བུའི་ཚ་བེར་བེར་གྱི་ཚོར་སྣང་ཞིག་སྐྱེས་ཤིང་དེ་ནས་སྒལ་གཞུང་གི་རྒྱུས་པ་གང་ཞིག་ཕྱོགས་གཞན་ཞིག་ཏུ་འཐེན་པ་ལྟ་བུའི་ཚོར་སྣང་ཞིག་ཀྱང་སྐྱེས།
གང་ལྟར་ཁོས་སྒམ་ཚུགས་ཤིག་སྟོན་ཞོར། ལོས་ཆོག བོད་ཀྱི་སྒོམ་ཆེན་མི་ལ་རས་པས། རི་ལ་སྒོམ་པའི་སྒོམ་ཆེན་དང་། །འཚོ་བ་སྦྱོར་བའི་ཡོན་བདག་གཉིས། །འཚང་མཉམ་པོར་རྒྱ་བའི་རྟེན་འབྲེལ་ཡོད། །རྟེན་འབྲེལ་གྱི་སྙིང་པོ་བསྔོ་བ་ཡིན། །གསུངས་འདུག་ག དེ་རིང་ངེད་གཉིས་རི་མཐོ་ས་ཞིག་ཏུ་འཛེགས་ནས་མ་འོངས་པ་ན་འཚང་མཉམ་པོར་རྒྱ་བའི་བསྔོ་བ་ཞིག་བརྒྱབ་ན་ག་འདྲ་འདུག ཅེས་བརྗོད་པ་ན། གཡུ་སྒྲོན་གྱིས་ཧ་ཧ་ཧ་ཞེས་གད་མོ་ཞིག་བགད་རྗེས། ད་ཡིན་ན་ང་ཚོའི་སྒོམ་ཆེན་པ་འདི་མཁས་པ་ཞིག་ཀྱང་ཆགས་འདུག དེ་ཡང་འཚོ་བ་སྦྱོར་བའི་ཡོན་བདག་ལ་དྲིན་ལན་འཇལ་འདོད་ཡོད་པའི་མཁས་པ་ཕྱི་ཐག་ཅན་ཞིག་ཆགས་འདུག གང་ལྟར་དེ་རིང་ངེད་གཉིས་རི་མགོར་སོང་ནས་ས་ལྟ་ཡུལ་ལྟ་རེ་བྱེད་ཟེར་བས། ར་སེལ་གྱི་སེམས་ཁོང་དུ་སྤྲོ་བ་དཔག་མེད་ཅིག་སྐྱེས་ནས་ཁུར་ཙ་རྒྱབ་ཏུ་ཁུར་ཅིང་ཟླ་སྒྲོན་རོལ་ཏུ་ཁྲིད་ནས་ཀྱག་ཀྱོག་གི་རི་ལམ་ཞིག་བསྙེགས་ནས་བསྐྱོད།
སྤྱིར་ན་ཟླ་བརྒྱད་པའི་རྡོ་རྗེ་གླིང་གི་གནམ་གཤིས་དེ་ཙམ་ཚ་བ་མེད་པར་སྟོན་རླུང་བསིལ་བོ་ཞིག་ལྡང་བཞིན་ཡོད་ན་ཡང་། དེ་རིང་གི་ར་སེལ་དང་གཡུ་སྒྲོན་གཉིས་ཀྱི་སེམས་ཁོང་དུ་བསྐལ་པ་འཇིག་པའི་མེ་ལྟར་ཚ་ཞིང་སྲེག་པའི་དངོས་པོ་ཞིག་མུ་ནས་མུ་རུ་འབར་བཞིན་ཡོད་ཅིང་། འབར་བཞིན་པའི་དངོས་པོ་དེའི་ནུས་པ་ཕྲ་མོ་ཞིག་ལ་ཡང་ཚེ་གང་གི་དྲན་ཤིང་དུ་ལུས་ཐུབ་པའི་ཕྲ་ཕུང་རེ་རེ་ཡོད་ལ། ཕྲ་ཕུང་དེ་དག་གི་ནང་དུ་འཁོར་བ་དང་ཁྱིམ་ཚང་། ཕྲུ་གུ་དང་ཆགས་སྡང་སོགས་བསྐྱེད་ཐུབ་པའི་རྫས་རྡུལ་ཕྲ་མོ་དུང་ཕྱུར་མང་པོ་ཞིག་ཕྱུར་བུར་སྤུངས་ཡོད།
སྐབས་ཤིག་གཡུ་སྒྲོན་གྱི་ལག་པ་ཚེར་ཤིང་ཞིག་ལ་ཐོགས་ཏེ་རྨ་ཕྲན་བུ་ཞིག་བཟོས་པས་ར་སེལ་གྱིས་ལམ་སེང་དེ་ལ་རྨ་རས་ཤིག་དཀྲུས་རྗེས་རང་གི་ལག་པར་འགོས་པའི་ཁྲག་དེ་བཀྲུ་རྩིས་བྱས་པ་ན། གཡུ་སྒྲོན་གྱིས་དེ་བཀྲུས་ན་ཆོག་གི་རེད། གལ་སྲིད་མི་ཞིག་གི་ལུས་ལ་ན་ཚ་མེད་ན་རང་གི་ཁྲག་དེས་མི་གཞན་ལ་གནོད་ཀྱི་མ་རེད། དེ་ལས་ལྡོག་སྟེ་མི་ཞིག་གི་ལུས་སྟེང་གི་ཁྲག་དེ་མི་གཞན་ཞིག་གི་ལུས་སྟེང་དུ་འགོས་པ་དེ་ནི་མི་དེ་གཉིས་ལ་སྐྱེ་བ་སྔོན་ནས་ལས་འབྲེལ་ཡོད་པའི་རྟགས་རེད་ཅེས་ངའི་ཨ་མས་བརྗོད་མྱོང་། ཞེས་ཟེར་བས། ར་སེལ་གྱིས་ལག་པ་བཀྲུ་མཚམས་བཞག་ནས་གཡུ་སྒྲོན་གྱི་གདོང་ལ་གཟབ་ནན་ངང་ལྟ་བཞིན། གལ་སྲིད་ང་གཉིས་ཀྱི་བར་དུ་ཚེ་སྔོན་གྱི་ལས་ཤིག་མེད་ན་ང་རང་དབྱིན་ཡུལ་ལྟ་བུའི་ལུང་པ་ཐག་རིང་ཞིག་ནས་རྡོ་རྗེ་གླིང་ལྟ་བུའི་ས་ཆ་ཞིག་ལ་ཇི་ལྟར་བསླེབས་ཐུབ། གཡུ་སྒྲོན་ཁྱེད་རང་ལྟ་བུའི་བུ་མོ་ཡག་པོ་ཞིག་ལ་ག་འདྲ་བྱས་ནས་འཕྲད་ཐུབ་ཀྱི་རེད། ཅེས་བརྗོད་པ་ན། གཡུ་སྒྲོན་གྱི་གདོང་ལ་དགོང་ཁའི་མཚམས་སྤྲིན་གྱི་དམར་མདངས་ལྟ་བུའི་གཟི་འོད་ཅིག་འཁྱུག་བཞིན། ཁྱེད་རང་སྒོམ་ཆེན་པ་ཡག་པོ་ཞིག་ལ་འཚོ་བ་སྦྱོར་བའི་ཡོན་བདག་ཡག་པོ་ཞིག་མེད་ན་ག་ལ་འགྲིག ཁྱེད་རང་གི་ལྷ་ཆོས་སྐྱོང་སྲུང་མས་ཁྱེད་རང་ལ་འཚོ་བ་སྦྱོར་བའི་ཡོན་བདག་ཡག་པོ་ཞིག་ངོ་སྤྲོད་བྱས་པ་རེད། ཅེས་བརྗོད་པ་ན། ར་སེལ་གྱིས་གདོང་ལ་སྙིང་ཉེ་བའི་རྣམ་འགྱུར་ཞིག་དང་བཅས། ངའི་ལྷ་ཆོས་སྐྱོང་སྲུང་མ་དེས་ཡོན་བདག་དེ་དང་ང་རང་གཉིས་ཚེ་གང་རིང་སྐྱིད་སྡུག་མཉམ་དུ་རོལ་ཐུབ་པའི་མགོན་སྐྱབས་གནང་ཐུབ་པའི་སྨོན་ལམ་འདེབ་ཅེས་བརྗོད་མ་ཐག གཡུ་སྒྲོན་ཚུར་བཅར་ཡོང་སྟེ་ར་སེལ་གྱི་པང་ཁའི་ནང་དུ་བསྙེས་ནས་ཆུ་ཤེལ་གྱི་རིལ་བུ་ལྟ་བུའི་མིག་གཉིས་བཙུམས་ནས་ཡུན་རིང་ཞིག་ལ་བསྡད།
བཞི།
གཡུ་སྒྲོན་གྱི་ཁ་རླངས་དྲོན་མོ་ཞིག་ར་སེལ་གྱི་ངོ་གདོང་བརྒྱུད་དེ་སྙིང་དབུས་སུ་ཐིམ་པ་དང་སྦྲགས་ཁོས་ལག་པ་བསྲིངས་ཏེ་མོའི་སྟོད་གོས་ཀྱི་ནུ་མའི་ཐད་དུ་འཇུ་རྩིས་བྱེད་དུས། གཡུ་སྒྲོན་གློ་བུར་དུ་གཉིད་ལས་སད་པ་ལྟར་ཕྱིར་བཀྱེད་ནས་དོགས་སྐྲག་གི་རྣམ་འགྱུར་ཞིག་སྟོན་བཞིན། མིན་མིན། ངས་གཉེན་སྒྲིག་མ་བྱས་གོང་ལ་མི་ཞིག་གི་བརྩེ་དུང་གི་བྲོ་བ་མྱོང་ན་མི་འདོད་ཀི་ཟེར་བས། ར་སེལ་ལ་གནམ་སྔོན་པོའི་དཀྱིལ་ནས་ཐོག་བརྒྱབ་པ་བཞིན་སྐར་མ་ཁ་ཤས་རིང་ཅི་བྱེད་འདི་བྱེད་མེད་པར་ལུས་ཤིང་། དེ་ནས་སེམས་ལྷོད་ལ་བབས་ཏེ་ངག་འདར་ཞོར། བོད་ཀྱི་ལུགས་སྲོལ་ལ་གཉེན་སྒྲིག་མ་བྱས་གོང་ཕོ་མོའི་བར་གྱི་འབྲེལ་བར་དོ་སྣང་དེ་ཙམ་མི་བྱེད་པ་མིན་ནམ། ཞེས་དྲིས་པ་ན། གཡུ་སྒྲོན་གྱིས། བོད་མི་ཕལ་ཆེ་བས་གཉེན་སྒྲིག་མ་བྱས་གོང་ལུས་འབྲེལ་བྱེད་ན་ཡང་། ང་རང་ལ་མཚོན་ན་དུས་ཚོད་ངེས་ཅན་ཞིག་གི་བརྒྱུད་རིམ་དང་ཉམས་མྱོང་མེད་པར་རང་གི་བརྩེ་དུང་མི་ཞིག་ལ་སྤྲོད་ན་མི་འདོད་ཀི ཞེས་ཚིག་ཐག་ཆོད་པོའི་སྒོ་ནས་བརྗོད་པ་ན། ར་སེལ་ལ་ཡང་ལམ་སེང་དེ་དང་འཚམ་པའི་ལན་ཞིག་འདེབ་རྒྱུ་མ་བྱུང་བར་གདོང་ནས་ཐུར་དུ་བཞུར་བའི་རྔུལ་ཆུ་འབྱིད་བཞིན་བསམ་བློ་ཅུང་ཟད་བཏང་རྗེས། དགོངས་པ་མ་ཚོམས། ངས་ནུབ་ཕྱོགས་པའི་ལུགས་སྲོལ་བཞིན་བྱེད་རྩིས་བྱས་འདུག ང་རང་ཚོའི་ལུང་པར་ཕོ་མོ་གཉིས་གཅིག་གཅིག་ལ་དགའ་བ་ཡིན་ན་བརྩེ་དུང་གི་བྲོ་བ་མྱོང་བར་དུས་ཚོད་ཀྱི་གོ་རིམ་དེ་ཞེ་དྲགས་དགོས་ཀྱི་མ་རེད། ཅེས་བརྗོད་པར་གཡུ་སྒྲོན་གྱིས། འོ་ན་གཉེན་སྒྲིག་མ་བྱས་གོང་ལ་ཕྲུ་གུ་སྐྱེས་ན་ཇི་ལྟར་བྱེད་ཅེས་མཐའ་ལ་བཀར་ནས་དྲིས་པས། ར་སེལ་གྱིས་ལག་པ་འཕྲེད་དུ་གཡུག་བཞིན། ད་དབྱུགས་ཞོགས། ད་ང་མགོ་འཐོམས་སོང་། དེ་རིང་གི་དོན་དག་དེ་འདྲ་ཞིག་བྱུང་མེད་པར་རྩི་རོགས། དེ་ལས་ངེད་གཉིས་ཕྱོགས་བཞིའི་ཡུལ་ལྗོངས་མཐོང་སའི་རི་རྩེ་ཅུང་མཐོན་པོ་ཞིག་ཏུ་འཛེགས་ཞེས་བཤད་རྗེས་གོམ་སྟབས་ཆེན་པོ་ཞིག་སྤོ་བཞིན་མདུན་དུ་སོང་།
ཆུ་ཚོད་གཉིས་ཀྱི་རྗེས་སུ་ཁོ་གཉིས་རྡོ་རྗེ་གླིང་གི་ཡུལ་ལྗོངས་ཕལ་མོ་ཆེ་ཞིག་མཐོང་ཐུབ་པའི་རི་རྩེ་ཞིག་ཏུ་བསླེབས་ཤིང་། དེ་རུ་རྒྱང་ལྟ་བྱེད་བཞིན་ཉིན་གུང་གི་ཟ་མ་སྟབས་བདེ་ཞིག་ཟོས། སྐབས་དེར་ར་སེལ་གྱི་མིག་ནང་ལ་མཆི་ཞགས་འཁོར་བཞིན་ནུབ་བྱང་གི་ཕྱོགས་སུ་ཡང་ཡང་རྒྱང་ལྟ་བྱེད་པ་དེར་གཡུ་སྒྲོན་དོ་སྣང་བྱུང་སྟེ། ར་སེལ་ལགས། ག་རེ་བྱས་སོང་། ཁྱེད་རང་སེམས་པ་མི་སྐྱིད་དམ། ཞེས་ངག་འཇམ་པོའི་སྒོ་ནས་དྲིས་པར། ར་སེལ་གྱིས། ངས་རང་གི་ཕ་མ་གཉིས་ཅུང་ཟད་དྲན་གི་འདུག ངའི་ཨ་ཕ་དེ་ཆང་རག་ལ་ཧ་ཅང་དགའ་ལ་ཨ་མ་ནད་པ་ཞིག་ཡིན། ཁྱིམ་དུ་གཅུང་མོ་ལྐུགས་མ་ཞིག་མ་གཏོགས་ཁོང་གཉིས་ལ་ལྟ་རྟོགས་བྱེད་མཁན་མེད། ང་རང་འདིར་མ་ཡོང་གོང་གཅུང་མོར་མག་པ་ཞིག་བཞག་ཡོད་ཀྱང་མི་དེ་ཡང་ཆང་རག་ལ་དགའ་ཞིང་། ཆང་གིས་བཟི་རྗེས་གཅུང་མོར་གཅར་རྡུང་བྱེད་རྒྱུར་ཐེ་ཚོམ་མེད་པ་ཞིག་འདུག ཅེས་བརྗོད་རྗེས་མིག་ནས་མཆི་མ་རྡོག་པོ་འགའ་ཐུར་དུ་འགྲིལ།
རི་རྩེ་དེ་ནས་བྱང་དུ་བལྟས་ན་བོད་ཡུལ་གྱི་རི་བོ་མཐོན་པོ་མང་པོ་ཞིག་ཕྱི་བརྩེགས་ནང་བརྩེགས་ཀྱི་ཚུལ་དུ་འགྱིངས་བསྡད་ཡོད་ཅིང་། ར་སེལ་གྱིས་རི་དེ་དག་གི་ཕ་རོལ་དེར་རང་གི་གཅེས་པའི་ཕྲུ་གུ་གཉིས་ཡོད་ན་ཡང་། ལས་སྐལ་དམན་པའི་མི་བསོད་ཟད་ཁོ་བོས་རང་གི་ཕྲུ་གུ་གཉིས་ལ་ལྟ་སྐྱོང་བྱེད་ཐུབ་མ་སོང་སྙམ་ནས་སེམས་པ་དེ་ལས་ཀྱང་སྐྱོ་རུ་ཕྱིན་ཏེ་རང་ཚུགས་མི་ཐུབ་པའི་ཚོད་དུ་ལྷུང་ན་ཡང་། ཁོས་རང་གི་ཕྲུ་གུ་གཉིས་ཀྱི་སྐོར་གཡུ་སྒྲོན་ལ་ཅི་ཡང་མ་བརྗོད། ཡིན་ན་ཡང་གཡུ་སྒྲོན་གྱིས་ཁོ་ལ་སེམས་ངལ་གཞན་ཞིག་ཡོད་པ་སེམས་ཀྱིས་ཚོར་ཏེ་སེམས་གསོ་གང་ཐུབ་ཅིག་བྱས་མོད་དེས་ཕན་ཐོགས་དེ་ཙམ་མ་བྱུང་བར་ར་སེལ་ནི་བྱིས་པ་ཞིག་དང་འདྲ་བར་ཡུད་ཙམ་གྱི་རིང་ངུ་རྒྱངས་བྱས་ནས་ངུ་ཁ་མི་ལོན་པའི་ཚད་དུ་བསླེབས།
ཕྱི་དྲོར་ཁོང་གཉིས་ག་ལེར་རི་འདབས་སུ་ཕྱིར་ལོག་ཅིང་། གྲོང་གསེབ་དེའི་ཉེ་འཁྲིས་སུ་བསླེབས་པ་ན། གཡུ་སྒྲོན་གྱི་ཕུ་བོས་གཙོས་པའི་གསར་བུ་བཞི་ལྔ་ཞིག་གིས་ཁོ་གཉིས་ལ་བསྒུགས་འདུག ཁོ་ཚོས་ཁོ་གཉིས་མཐོང་མ་ཐག་གདོང་ལ་ཁྲོ་གཉེར་རེ་བསྡུས་ནས་མགྱོགས་པོར་འཁྲིས་སུ་བཅར་ཏེ་ཐོག་མར་མོའི་ཕུ་བོས། མགོ་སེར་ཁྱོད་ཀྱིས་ངའི་གཅུང་མོ་གང་དུ་ཁྲིད་པ་ཡིན། ང་ཚོས་ཉིན་གང་གི་རིང་ལ་གང་སར་བཙལ་བ་ཡིན་ལ། ཨ་མས་སེམས་ཁྲལ་བྱས་ཏེ་རླུང་གིས་བརྒྱལ་ནས་ཨེམ་རྗེ་བསྟན་འཛིན་གྱི་རྩར་བསྐྱལ་ཚར་བ་ཡིན། ཞེས་བརྗོད་རྗེས་སྐེད་པ་ནས་གྲི་རིང་ཞིག་ཕྱུངས་ཏེ་ར་སེལ་གཟས་ནས་ཤོར་ཡོང་།
ལྔ།
ར་སེལ་སྔོན་ཆད་དམག་མིའི་ནང་དུ་ཞུགས་མྱོང་ཞིང་དྲག་རྩལ་ཡང་གང་འཚམ་སྦྱངས་ཡོད་པས་དེ་ཙམ་སྐྲག་སྣང་མ་སྐྱེས་ཀྱང་དོན་དག་གློ་བུར་བ་དེར་འཚབ་སྣང་ཆེན་པོ་ཞིག་སྐྱེས་ཏེ་གང་མྱུར་གཡུ་སྒྲོན་གྱི་རྒྱབ་ཏུ་གཞའ་བར་བརྩམས་པ་དང་། གཡུ་སྒྲོན་ཡང་ལམ་སེང་ཕུ་བོའི་གདོང་ལ་ལངས་ཏེ། སྡོད་ཚུགས་དང་། ར་སེལ་གྱིས་ང་ལ་མགོ་སྐོར་བཏང་བ་མ་ཡིན་པར་ངས་ཁོང་ལ་སྤྲོ་གསེང་ལ་འགྲོ་རོགས་ཞེས་ལབ་པ་ཡིན། མ་གཞི་ད་ནངས་ཞོགས་པར་ངས་ཨ་མར་དེ་ལུགས་ལབ་པ་ཡིན་མོད་མོའི་ཨམ་ཅོག་སངས་པོ་མེད་པར་ཡག་པོ་ཞིག་མ་གོ་བ་རེད། གང་ལྟར་ངེད་གཉིས་འདིར་བསླེབས་ཡོད་པས། ད་ཁྱེད་ཚོས་ཆོ་མེད་ཀྱི་སྤྱོད་པ་མ་བྱེད། ཅེས་བརྗོད་རྗེས་ཕུ་བོར་དཔུང་ཐུག་ཅིག་བརྒྱབ་སྟེ་ཤར་རྒྱག་མོ་རང་གི་ནང་དུ་ཕྱིན་སོང་བས། མོའི་ཕུ་བོའི་གདོང་ལ་ངོ་ཚ་བའི་རྣམ་འགྱུར་ཞིག་ཤར་ནས། ལག་གི་གྲི་ཕྱིར་ཤུབས་སུ་བཅུག་རྗེས། དགོངས་དག ངས་མ་རན་པའི་ལས་ཀ་ཞིག་བྱས་འདུག ངའི་སྲིང་མོའི་ངོ་ལ་བལྟས་ནས་ང་ལ་གུ་ཡངས་ཤིག་སྤྲོད་རོགས། ཞེས་ཟེར་བར་ར་སེལ་གྱིས་ལམ་སེང་། ག་བ་ག་བ། ང་ལ་ཅི་ཡང་བྱེད་ཀྱི་མ་རེད། ང་ཚོ་ལོ་ཕྱེད་ཀའི་རིང་གི་གྲོགས་པོ་དང་ཁྱིམ་མཚེས་རེད། ངས་དོན་དག་ཆུང་ཆུང་ཞིག་ཆེན་པོར་ནམ་ཡང་རྩི་གི་མ་རེད། ཅེས་བརྗོད་རྗེས་ཕོ་གསར་དེ་ཚོར་འགྲོགས་ནས་ནང་དུ་ལོག
ཉིན་དེར་དོན་དག་ངན་པ་ཅི་ཡང་མ་བྱུང་ན་ཡང་། དོན་དག་དེ་རི་གྲོང་དེའི་མི་རྣམས་མཉམ་དུ་འཛོམ་དུས་ཀྱི་ཁ་བརྡའི་བརྗོད་བྱ་གཙོ་བོ་ཞིག་ཏུ་གྱུར་ཏེ་ར་སེལ་དང་གཡུ་སྒྲོན་བར་དུ་འབྲེལ་བ་ཡོད་ཚུལ་ལ་སྒྲོག་དང་ལུང་སྒྲོག་དང་། ཐ་ན་གཡུ་སྒྲོན་གྱི་ཁོག་པར་ར་སེལ་གྱི་ཕྲུ་གུ་ཡོད་ལུགས་བརྗོད་མཁན་ཡང་བྱུང་བས། ར་སེལ་གྲོང་གསེབ་དེ་ནས་འདུག་མ་བདེ་བར་ཅུང་ཐག་རིང་བའི་གྲོང་གསེབ་གཞན་ཞིག་ཏུ་གནས་སྤོ་འདོད་བྱུང་། ཡིན་ན་ཡང་གཡུ་སྒྲོན་གྱིས་ཅི་ཡང་མ་ཐོས་པ་བཞིན་ཞོགས་པ་རེ་རེར་ཁོ་ལ་བོད་ཇ་ཞིམ་པོ་ཟངས་དེབ་གང་རེ་སྐྱེལ་བཞིན་ཡོད་ལ། མོའི་གདོང་གི་ཕོ་བརྒྱའི་སེམས་པ་འགུག་ནུས་པའི་འཛུམ་མདངས་དེ་ཡང་རྒྱུན་ལྡན་ལྟར་ལས་འགྱུར་བ་ཅི་ཡང་ཕྱིན་མེད། དྲང་མོར་བཤད་ན་གཡུ་སྒྲོན་ནི་ཁ་མ་བགད་གོང་ལ་མིག་དགོད་ཅིང་། གད་མོ་དགོད་དུས་འགྲམ་པའི་ངོས་ཀྱི་འཛུམ་ཀོང་ཆུང་ཆུང་དེ་གཉིས་ལྷག་དུ་ཇེ་གསལ་ལ་འགྲོ་བས། ར་སེལ་གྱི་སེམས་ནང་དུ་ངོ་མ་བལྟ་བས་མི་ངོམས་པའི་མཛེས་མ་ཞེས་པ་དེ་རང་རེད།
གཡུ་སྒྲོན་གྱི་ཕ་རྒན་སྔོན་ཆད་དབྱིན་ཇིའི་དམག་སྒར་ཞིག་གི་མ་བྱན་བྱེད་མྱོང་བས་དབྱིན་སྐད་དགའ་རབས་ཤིག་བཤད་ཤེས་ལ་དབྱིན་ཇིའི་མི་རིགས་ལ་ཡང་ལྟ་སྟངས་སྡུག་པོ་འཛིན་པ་ལས་ལྡོག་སྟེ་ལྟ་སྟངས་ཅུང་ཡག་པོ་ཞིག་ཡོད་ཅིང་། གཙོ་བོ་ནི་ཡོ་རོབ་པ་ཚོས་རང་གི་བཟའ་ཟླ་ལ་བརྩེ་དུང་ཟབ་མོ་འཆང་ཞིང་ཁྱིམ་ནང་དུ་ཐོབ་ཐང་ཡང་མང་པོ་ཞིག་སྟེར་བས་ཡིན། ཁོས་སྔོན་ཆད་གྲོང་གསེབ་དེར་སློབ་གྲྭ་ཆུང་ཆུང་ཞིག་བཙུགས་པའི་ནང་དུ་ཕྲུ་གུ་བརྒྱད་དགུ་ཞིག་ལས་མེད་ཅིང་གཡུ་སྒྲོན་ཡང་དེའི་ནང་གི་གཅིག་ཡིན། སློབ་གྲྭ་དེའི་བཀའ་དྲིན་གྱིས་གཡུ་སྒྲོན་གྱིས་བོད་ཡིག་གང་འཚམ་ཞིག་འབྲི་ཀློག་ཤེས་པ་མ་ཟད། གླིང་གེ་སར་གྱི་སྒྲུང་དེབ་འགའ་བཀླགས་ནས་མི་གཞན་དག་ལ་ནང་དོན་འགྲེལ་བཤད་ཀྱང་དགའ་རབས་རྒྱག་ཐུབ།
དྲུག
ཟླ་བ་གཅིག་གི་སྔོན་ལ་བྱུང་བའི་ར་སེལ་དང་གཡུ་སྒྲོན་བར་གྱི་དོན་དག་དེ་ད་ཆ་རིམ་བཞིན་ལྷིང་འཇགས་སུ་གྱུར་པ་དང་། ར་སེལ་གྱིས་ཀྱང་ས་ཆ་གཞན་པ་ཞིག་ཏུ་འགྲོ་རྒྱུའི་གྲ་སྒྲིག་དེ་དག་ཕར་གཡུགས་ནས་མུ་མཐུད་དེ་ཀློང་ཆེན་སྙིང་ཐིག་སྔོན་འགྲོའི་སྒོམ་སྒྲུབ་ལ་རྩོན་བཞིན་ཡོད་ཅིང་། གཡུ་སྒྲོན་གྱིས་ཁོ་ལ་ཞོགས་པར་རེ་རེ་བཞིན་འོ་ཇ་ཟངས་དེམ་གང་རེ་སྐྱེལ་རྒྱུ་དེ་ཡང་སྔོན་ཆད་ཇི་བཞིན་རྒྱུན་ལྡན་རེད། ཡིན་ན་ཡང་ར་སེལ་གྱི་སྒོམ་སྒྲུབ་ཁྲོད་ཀྱི་ལེ་ཚན་གཅིག་སྟེ། ལྷ་ཡབ་ཡུམ་ཁ་སྦྱོར་དུ་སྒོམ་དགོས་པའི་དུས་སྐབས་རེ་རེར་ཁོའི་མིག་ལམ་དུ་གཡུ་སྒྲོན་གྱི་བྲང་གཞུང་དྲོན་མོ་དེ་དང་དེའི་ངོས་ཀྱི་ནུ་འབུར་ཟུང་གཅིག་ཤར་ཡོང་ནས་སྒོམ་སྒྲུབ་དེ་ལམ་དུ་མི་འགྲོ་བར་བྱེད།
ར་སེལ་ལ་མཚོན་ན་ཉི་མ་གཉིས་རེའི་མཚམས་སུ་ལུས་པོ་ཐེངས་རུ་འཁྲུད་བཞིན་ཡོད་ན་ཡང་ཉིན་རྗེས་མ་དེར་གཟུགས་པོར་སྐྱུར་དྲི་ཞིག་ཁ་བཞིན་ཡོད་པ་དང་། གཡུ་སྒྲོན་གྱིས་བདུན་ཕྲག་རེ་ལ་གཟུགས་པོ་ཚར་རེ་ལས་བཀྲུ་གི་མེད་ཟེར་ན་ཡང་ནམ་རྒྱུན་མོའི་གཟུགས་པོ་ལས་སྣོམ་བཞིན་སྣོམ་བཞིན་མིའི་སྣ་དབང་བཟི་བར་བྱེད་པའི་དྲི་ཞིམ་ཞིག་མ་གཏོགས་སྐྱུར་དྲི་དང་ཚིལ་དྲི་སོགས་དྲི་ང་བ་ཅི་ཡང་ཁ་རྒྱུ་མེད་པ་དེར་ར་སེལ་ཡ་མཚན་ཆེན་པོ་ཞིག་སྐྱེས།
གཡུ་སྒྲོན་གྱིས་གཟའ་ཉི་མ་རེ་རེ་བཞིན་རང་གི་ཕ་རྒན་ཁྲིད་ཡོང་ནས་ར་སེལ་གྱི་ཁང་མིག་དོག་མོ་དེའི་ནང་སྡོད་དུ་བཅུག་རྗེས་ཁོ་གཉིས་ལ་འོ་ཇ་འདྲེན་བཞིན་མོ་རང་གི་ཤེས་ཚད་ཀྱིས་གེ་སར་སྒྲུང་གླུ་དེ་ཡང་དང་སྐྱར་དུ་ཀློག་པར་སྤྲོ་ལ། སྒྲུང་གླུའི་ཚན་པ་རེ་རེ་བཀླགས་རྗེས་ཁོ་གཉིས་ལ་དགའ་སྡུག་གི་ཚོར་བ་ཅི་བྱུང་ཡང་འདྲི་བར་བྱེད་པས། བལྟས་ཚོད་ཀྱིས་དགེ་རྒན་ཞིག་གིས་རང་གི་སློབ་མར་སློབ་ཁྲིད་བྱེད་པ་འདྲ་བོ་ཞིག་ཀྱང་ཡོད།
མོའི་ཕ་རྒན་དང་ར་སེལ་གཉིས་ཀྱིས་སྐབས་རེར་བོད་སྐད་དང་མཚམས་རེར་དབྱིན་སྐད་ཀྱིས་ཁ་བརྡ་བྱེད་བཞིན་ཡོད་པ་དང་། ཁོ་གཉིས་ཀྱིས་དབྱིན་སྐད་བཤད་སྐབས་གཡུ་སྒྲོན་གྱིས་ཚིག་གཅིག་ཀྱང་གོ་མི་བས། ད་ནི་མོ་རང་གིས་ཀྱང་དབྱིན་སྐད་ཐར་ཐོར་རེ་ཤེས་འདོད་དྲག་པོ་ཞིག་སྐྱེས་པས། ཁོ་གཉིས་ཡོད་ས་དེར་མོ་རང་ལ་དབྱིན་སྐད་སྦྱོང་འདོད་ཡོད་ལུགས་བརྗོད་པར། ཐོག་མར་མོའི་ཕ་རྒན་གྱིས་མིག་ཆེ་ཙམ་གདངས་ནས་མོའི་གདོང་ལ་ཡུན་རིང་ཞིག་བལྟས་ཤིང་མཐའ་མར། ལོས་ཡིན། ངའི་བུ་མོ་ད་ནི་མི་གྲལ་དུ་འགྲོ་དགོས་པའི་དུས་ཚོད་དེར་བསླེབས་ཟིན། མི་གྲལ་དུ་འགྲོ་བ་ལ་མི་སྐད་སྣ་ཚོགས་ཤིག་མ་ཤེས་ན་ག་ལ་འགྲིག ཡ་ར་སེལ། ཉི་མ་དེ་རིང་ནས་བཟུང་སྟེ་ཁྱོད་ཀྱིས་ཐུན་གསེང་གང་ཡོད་རེར་གཡུ་སྒྲོན་ལ་དབྱིན་ཡིག་དབྱིན་སྐད་རེ་སློབ་རོགས་གནང་། ཞེས་ཟེར།
བདུན།
ར་སེལ་གྱིས་གཡུ་སྒྲོན་ལ་དབྱིན་ཡིག་འཁྲིད་རྒྱུ་ཁས་ལེན་བྱས་པ་ནས་བཟུང་སྟེ་ཁོ་གཉིས་ཀྱི་འབྲེལ་བ་དེ་ཡང་འཕེལ་རིམ་གསར་པ་ཞིག་ཏུ་བསླེབས། དབྱིན་ཡིག་འཁྲིད་རྒྱུ་དེ་ནི་མི་གཅིག་གི་སློབ་སྦྱོང་དང་མི་གཞན་དེའི་ཉམས་མྱོང་གཉིས་ཀ་གོང་དུ་འཕེལ་བྱེད་ཅིག་ཡིན་པས། ར་སེལ་བྱ་བ་འདི་ལ་ངོ་མ་སྤྲོ་སྣང་ཞིག་སྐྱེས་བྱུང་ལ། གཡུ་སྒྲོན་གྱིས་ཀྱང་ཉི་མ་རེ་རེ་བཞིན་དབྱིན་ཚིག་གསར་པ་རེ་ཟུང་ཤེས་པ་ནས་བཟུང་སྟེ་ར་སེལ་ལ་དགའ་སྣང་མི་འདྲ་བ་ཞིག་ཀྱང་སྐྱེས་སོང་།
ར་སེལ་གྱིས་རང་གི་རླུང་འཕྲིན་ཉན་སྒམ་རྙིང་གོག་དེ་ལས་འཛམ་གླིང་གི་དོན་དག་མང་པོ་ཞིག་ཉིན་རེ་བཞིན་རྟོགས་ཐུབ་ཅིང་། གཙོ་ཆེ་ཤོས་ཤིག་ནི་དམག་ཆེན་མཇུག་བསྒྲིལ་རྗེས་ཀྱི་རྒྱལ་ཁབ་དག་གི་མཉམ་ལས་ཀྱི་སྐོར་རེད། དེ་དང་མཉམ་དུ་ར་སེལ་གྱིས་རང་གི་མཐོང་སྣང་རྣམས་ཡི་གེར་བྲིས་ནས་དབྱིན་ཡུལ་དང་ཨ་རིའི་གསར་འགྱུར་ཁང་ཁག་ཅིག་ལ་སྐུར་བཞིན་ཡོད་ཅིང་། རེ་ཟུང་ཞིག་རླུང་འཕྲིན་བརྒྱུད་ནས་རང་གི་རྣ་ལམ་དུ་ཕྱིར་འབྱོར་བ་ཡང་ར་སེལ་ལ་སྤྲོ་སྣང་སྦྱིན་བྱེད་ཅིག་ཏུ་གྱུར་ཡོད།
གཡུ་སྒྲོན་གྱིས་ར་སེལ་གྱི་མདུན་ནས་དབྱིན་ཡིག་སྦྱོང་བཞིན་ཡོད་པ་དེས་ར་སེལ་དང་གཡུ་སྒྲོན་གྱི་ནང་མིའི་བར་གྱི་འབྲེལ་བ་ཇེ་བཟང་དུ་བཏང་ཡོད་ན་ཡང་། གཡུ་སྒྲོན་གྱི་ཨ་མ་ནི་ཆོས་པ་རྣམ་དག་ཅིག་ཡིན་པས་གལ་སྲིད་ར་སེལ་གྱིས་གཡུ་སྒྲོན་ལ་དབྱིན་ཡིག་བསླབས་པ་ཡིན་ན་ཁོའི་ཆོས་སྒྲུབ་པའི་དུས་ཚོད་མང་པོ་ཞིག་འཕྲོ་བརླག་ཏུ་འགྲོ་བའི་སེམས་ཁྲལ་བྱེད་བཞིན་ཡོད་ཅིང་། ཉིན་ཞིག་མོ་རང་དངོས་སུ་སོང་ནས་ཁོ་གཉིས་ལ་དེ་ལྟར་བརྗོད་པ་ན། ར་སེལ་གྱིས་སྐར་མ་འགའི་རིང་ལ་བསམ་བློ་གཏོང་བཞིན་བསྡད་པ་དང་། དེ་མ་ཐག་གཡུ་སྒྲོན་གྱིས་གདོང་ལ་འཛུམ་ཞིག་ལངས་ནས། ཨ་མ་ལགས། ར་སེལ་གྱིས་ང་ལ་དབྱིན་སྐད་སློབ་པ་འདི་ནི་མི་ཞིག་ལ་རོགས་རམ་བྱེད་པ་རེད། ནམ་རྒྱུན་བླ་མ་རྣམས་ཀྱིས་མི་ལ་རོགས་རམ་བྱེད་པ་དེ་ཆོས་དངོས་གནས་དེ་རེད་གསུང་བཞིན་ཡོད་པ་མིན་ནམ། ཞེས་ལྡོག་འདྲི་ཞིག་བྱས་པ་ན། མོའི་ཨ་མར་ཡང་དེ་ལ་འཚམ་པའི་ལན་ཞིག་མ་རྙེད་པར། ར་སེལ་གྱིས་མ་ཎི་འདོན་བཞིན་ཡོད་ན་ཁྱོད་ཀྱིས་ཁོའི་མ་ཎིའི་གྲངས་ཀ་ཉུང་དུ་གཏོང་མི་རུང་ཞེས་བརྗོད་རྗེས་ཕྱིར་ལོག་སོང་།
དབྱིན་སྐད་སློབ་དུས་ཐོག་མར་མགོ་འཛུག་ས་དེ་མིའི་ལུས་པོ་དང་ཁྱིམ་ནང་གི་ཅ་ལག་ཡིན་པ་བཞིན། ར་སེལ་གྱིས་ཀྱང་ཇ་དང་ཇ་དེམ་སོགས་ཁྱིམ་སྤྱོད་དངོས་པོ་དང་། གཡུ་སྒྲོན་གྱི་མགོ་དང་ལག་པ་སོགས་ནས་མགོ་བརྩམས་པ་ཡིན་མོད། གཡུ་སྒྲོན་གྱི་བྲང་གི་མྱོས་བུམ་དང་རྐང་པའི་བར་ལ་སོགས་པའི་ཐ་སྙད་དེ་དག་འཁྲིད་རྒྱུར་ཏོག་ཙམ་འཚེར་སྣང་ཞིག་སྐྱེས་ན་ཡང་། གཡུ་སྒྲོན་ནི་དེ་ལས་ལྡོག་སྟེ་ཐ་སྙད་དེ་དག་ལ་ཅི་ཟེར་ནན་འདྲི་བྱེད་པར་དགའ་བས། རེ་ཞིག་ནས་ར་སེལ་གྱིས་ཀྱང་ཐ་སྙད་དེ་དག་གི་སྒྲ་འདོན་ལུགས་དང་ཐ་སྙད་དེ་དག་དང་འབྲེལ་བའི་ཐ་སྙད་གཞན་པ་སྐོར་ཞིག་ཀྱང་མ་དྲིས་ངང་གིས་བསླབས་སོང་།
བརྒྱད།
ར་སེལ་གྱི་ཁང་ཆུང་དེའི་སྦུག་གི་གྲུ་ཟུར་ཞིག་ཏུ་སྟོན་པའི་སྐུ་བརྙན་ཁྲུ་གང་ཙམ་ཞིག་དང་གུ་རུ་རིན་པོ་ཆེའི་སྐུ་བརྙན་མཐོ་གང་ཙམ་ཞིག ད་དུང་རྗེ་བཙུན་སྒྲོལ་ལྗང་གི་ཐང་ཀ་གསར་པ་ཞིག་བཅས་གོ་རིམ་ལྡན་པའི་ངང་བཤམས་ཡོད་ལ། དེ་དག་གི་མདུན་དུ་ཟངས་སྡེར་ཆུང་ཆུང་གསུམ་གྱི་ནང་དུ་ལ་དྭགས་ནས་ཐོན་པའི་ཁམ་བུ་སྐམ་པོ་བླུགས་ཡོད། དེ་བཞིན་ཞོགས་པ་རེ་རེ་བཞིན་ཟངས་སེར་གྱི་མཆོད་ཏིང་བདུན་གྱི་ནང་དུ་རི་སྦུག་ནས་བཞུར་ཡོང་བའི་རྫ་ཆུ་དྭངས་མའི་མཆོད་པ་རྒྱུན་ཆད་མེད་པར་འབུལ་རྒྱུ་དེ་ནི་ར་སེལ་གྱི་ཆེད་ལས་ཤིག་ཏུ་གྱུར་ཡོད།
ད་ལྟ་ར་སེལ་གྱིས་རང་གི་ལག་པ་འགུལ་ནས་ཁོའི་ཕ་ཡུལ་དབྱིན་ཇིའི་ལུང་པར་དར་ཁྱབ་ཆེ་བའི་བག་ལེབ་མངར་མོ་དེ་བཟོ་བཞིན་ཡོད་ལ། བཟོས་ཚར་ཐེངས་རེ་རེ་བཞིན་བག་ལེབ་རྡོག་པོ་ལྔ་དྲུག་རེ་ཁྱེར་ནས་གཡུ་སྒྲོན་གྱིས་ཁྱིམ་དུ་སོང་ནས་མོའི་ཕ་མ་གཉིས་སོགས་ལ་སྤྲོད་པ་དང་། དེ་ནས་ཆུ་ཚོད་རེ་ཟུང་ལ་དེ་རུ་བོད་སྐད་འཁྱར་འཁྱོར་གྱིས་ཁ་བརྡ་བྱས་ནས་ཉི་མ་གཏོང་བཞིན་ཡོད་ཅིང་། གཡུ་སྒྲོན་གྱི་ཨ་མར་མཚོན་ན་ར་སེལ་གྱིས་མཚམས་བསྙེན་པ་མུ་མཐུད་དེ་མཇུག་སྐྱོང་མི་བྱེད་པར་འཇིག་རྟེན་གྱི་ལས་ཀ་ཙག་ཙིག་འདི་འདྲ་ཞིག་ལ་རྟག་པར་མགོ་འཁོར་ནས་སྡོད་པ་དེར་ཡ་མཚན་དང་བློ་དོགས་ཀྱང་སྐྱེས་ནས་ཡུན་རིང་འགོར།
ཉིན་ཞིག་མོས་གཡུ་སྒྲོན་ཕྱི་རོལ་ཏུ་ལས་ཀར་སོང་བའི་གོ་སྐབས་ཤིག་དང་བསྟུན་ནས་བོད་ཇ་བསྲུབས་མ་དེམ་གང་ཁྱེར་ཏེ་ར་སེལ་གྱི་སྒོམ་ཁང་དུ་ཡོང་། ལམ་བར་དུ་ཉི་འོད་དྲོ་ཞིང་རླུང་བུ་དལ་བུར་ལྡང་བ་དང་། བྱ་བྱེའུ་རེ་ཟུང་གི་སྐད་སྙན་ཡང་ཐོས་རྒྱུ་ཡོད། རྒན་མོ་དེས་ར་སེལ་གྱི་ཕོར་བའི་ནང་དུ་བོད་ཇ་དེ་ལྡུག་ཞོར་ཁོའི་ཁྱིམ་ནང་དུ་ཞིབ་ལྟ་ཞིག་བྱས། ཕྱོགས་གང་སར་གཡུ་སྒྲོན་ལ་དབྱིན་ཡིག་འཁྲིད་དུས་སུ་བེད་སྤྱོད་བྱས་པའི་རི་མོ་འདྲ་མིན་བྲིས་པའི་ཤོག་བུ་སྣ་ཚོགས་ཀྱིས་ཁེངས་ནས་ཡོད་པ་དང་། སྐབས་སྐབས་སུ་དྲི་མ་ཁྱད་མཚར་བོ་ཞིག་ཀྱང་སྣ་ལམ་དུ་འཐུལ་བར་བྱེད།
མ་རྒན་དེས་ཐད་ཀར་ར་སེལ་ལ་དེང་སྐབས་མཚམས་བསྙེན་པ་ཅི་ཞིག་གསོག་གིན་ཡོད་ཅེས་དྲིས་པར། ར་སེལ་གྱིས་གད་མོ་དགོད་ཙམ་བྱས་ཏེ། ཨ་མ་ལགས། ངས་ལྷ་བསྒྲུབས་ནས་འགྲུབ་ཚར་སོང་བས་ད་ནི་ངལ་གསོ་རྒྱག་པའི་དུས་ལ་བསླེབས་པ་རེད་ཅེས་བརྗོད་པར། མ་རྒན་དེས་ལྷ་གང་ཞིག་བསྒྲུབས་ནས་འགྲུབ་པ་རེད་ཅེས་དྲིས་པ་ན། ར་སེལ་གྱི་གདོང་ལ་གཟབ་ནན་གྱི་རྣམ་འགྱུར་ཞིག་བསྡུས་ཏེ། གུ་རུ་རིན་པོ་ཆེ། ཨོ་སྐྱབས་སུ་མཆི། ཞེས་ཟེར་ཞོར་མིག་གཉིས་བཙུམས་ཤིང་ལག་གཉིས་ཐལ་མོ་སྦྱར་ནས་གསོལ་འདེབས་གང་ཞིག་ཤུབ་བུར་ཟློ་བཞིན་བསྡད་པས། མ་རྒན་དེས་ཀྱང་ལག་གཉིས་ཐལ་མོ་སྦྱར་ཏེ། དུས་གསུམ་སངས་རྒྱས་གུ་རུ་རིན་པོ་ཆེ། །ཞེས་གསོལ་བ་འདེབས་ཅི་ཐུབ་བྱེད།
དགུ།
མདང་དགོང་མཚན་གང་བོར་རྨི་ལམ་འཁྲུགས་པས་ར་སེལ་ད་ནངས་སྔ་མོ་ནས་ཡར་ལངས་ཏེ་ཕྱི་རོལ་དུ་འཆམ་འཆམ་བྱེད་དུ་ཕྱིན། ཐོ་རེངས་སྐར་ཆེན་གྱི་འོད་སྣང་ཁྲོད་དུ་བྱ་ཕོ་རེ་ཟུང་གིས་སྐད་ཅོར་རྒྱག་མགོ་ཚུགས་ཤིང་། ཁྱིམ་ཚང་རེ་ཟུང་གི་ཁང་ཀླད་ནས་དུ་བ་སྔོན་པོ་ཞིག་ཀྱ་ཀྱུར་མཁའ་དབྱིངས་སུ་འཐེན་མགོ་བཙུགས། སྡོང་མགོ་དང་རྩིག་གསེབ་ཏུ་ཡིབ་བསྡད་ཡོད་པའི་བྱེའུ་རེ་ཟུང་གིས་ཀྱང་ཞོགས་གླུ་ལེན་བཞིན་པའི་སྐབས་སུ་ཉི་མའི་འོད་སྣང་སེར་པོ་ཞིག་ཀྱང་རི་མགོ་མཐོན་པོ་དག་གི་རྩེ་མོར་ཕོག
ར་སེལ་ནང་དུ་ལོག་ནས་ཞོགས་ཇ་ཞིག་སྐོལ་ཞོར་རླུང་འཕྲིན་ལ་ཉན་སྐབས། གློ་བུར་དུ་རྒྱ་ནག་གི་ས་ཁྱོན་ཧྲིལ་བོར་ད་ནི་མའོ་དམར་ཕྱོགས་ཚོགས་པས་དབང་སྒྱུར་བྱས་ཟིན་ཅིང་། གཙོ་འཛིན་མའོ་ཡིས་ར་ཤི་ཡའི་རྒྱལ་ས་་མའོ་སི་ཁོ་ནས་སྲིད་འཛིན་ཇོ་སེབ་སི་ཏ་ལིན་དང་ཐུག་འཕྲད་བྱས་རྗེས་ལམ་སེང་རྒྱ་ནག་བཅིང་འགྲོལ་དམག་མིར་བཀའ་རྒྱ་བཏང་སྟེ་རིང་མིན་བོད་དུ་ཡང་དཔུང་འཇུག་བྱེད་དགོས་པའི་ལམ་སྟོན་བྱེད་བཞིན་ཡོད་པའི་སྐོར་གྱི་གསར་འགྱུར་ཞིག་རྣ་ལམ་དུ་ལྷུང་བས། སྐད་ཅིག་དེ་ཉིད་ལ་ར་སེལ་ནི་དྲན་པ་མེད་པ་ལྟར་ས་རུ་སྟིག་གེར་བཙོགས་ནས་དབུགས་ཀྱི་རྒྱུ་བ་ཡང་ཆུང་ནས་ཆུང་དུ་ཕྱིན།
གསར་འགྱུར་འདིས་ར་སེལ་གྱི་བོད་དུ་སོང་ནས་རང་གི་ཕྲུ་གུ་གཉིས་ལ་ཐུག་ཙམ་བྱེད་འདོད་ཀྱི་རེ་བ་དེ་ཡང་རྨེག་མེད་དུ་བཅོམ་པ་དང་། ཁོའི་ཡིད་སྣང་ཞིག་ལ་དམག་ལྭ་སེར་པོ་དང་སྐར་མ་དམར་པོ་ཅན་གྱི་རྒྱ་ནག་དམར་པོའི་དམག་མི་གྲངས་ལས་འདས་པ་ཞིག་གིས་བོད་ཡུལ་བཟུང་སྟེ་པོ་ཏ་ལ་དང་ཇོ་ཐང་སོགས་ཀྱི་རྩེ་རུ་སྐར་མ་དམར་པོའི་དར་ཆ་ཆེན་པོ་རེ་ནམ་མཁའི་དབྱིངས་སུ་བསྒྲེངས་རྗེས་ཧི་མ་ལ་ཡའི་གངས་རི་བརྒལ་ནས་རྒྱ་གར་བྱང་ཤར་གྱི་གྲོང་གསེབ་འདིར་གཤར་ཡོང་བཞིན་པའི་སྣང་བརྙན་ཞིག་རྨི་ལམ་ཚུན་ཆད་དུ་ཡང་ཡང་འཆར་བཞིན་འདུག
མ་གཞི་ལོ་འགའི་སྔོན་ནས་བཟུང་རྒྱ་ནག་དམར་ཕྱོགས་ཚོགས་པར་རྒྱལ་ཁ་རིམ་བཞིན་ཐོབ་དང་འཐོབ་བཞིན་པའི་གནས་ཚུལ་དེ་འཛམ་གླིང་གི་གསར་འགྱུར་ཆེན་པོ་ཞིག་ཆགས་ཏེ་རྒྱ་གར་བྱང་ཤར་གྱི་གྲོང་ཁྱེར་དང་གྲོང་གསེབ་གང་སར་དེའི་སྐོར་ཐོས་རྒྱུ་ཡོད་ཀྱང་། ད་ནི་རྒྱ་ནག་ཧྲིལ་བོ་དམར་ཕྱོགས་རྒྱལ་ཁབ་ཅིག་ཆགས་ཟིན་པ་མ་ཟད་བོད་ཆོས་ལྡན་གྱི་ཞིང་ཁམས་དེ་ཡང་ཆོས་མེད་དམར་པོའི་རྒྱལ་ཁབ་དེས་བཙན་འཛུལ་བྱེད་རྒྱུར་སྐད་ཅིག་སྔ་ཕྱིའི་དུས་ཡུན་ལས་མེད་པའི་གནས་ཚུལ་དེས་ར་སེལ་སྡོད་སའི་རི་གྲོང་འདི་ཡང་ཕུ་དཀྲུགས་མདའ་དཀྲུགས་བྱས།
རི་གྲོང་འདིའི་མི་མང་པོ་ཞིག་བོད་དུ་ཚོང་རྒྱག་པར་འགྲོ་བཞིན་ཡོད་ཅིང་ལ་ལ་ཞིག་ལྷ་ས་དང་གཞིས་ཀ་རྩེ་རུ་ཚོང་ལས་གཉེར་ནས་གཏན་སྡོད་ལྟ་བུ་བྱེད་བཞིན་ཡོད་ལ། གྲོང་གསེབ་འདི་ནས་ཡིན་པའི་གྲྭ་པ་མང་པོ་ཞིག་གིས་སེ་འབྲས་དགེ་གསུམ་དང་ས་སྐྱ་དགོན་པ། སྨིན་གྲོལ་གླིང་དང་མཚུར་ཕུ་སོགས་བོད་ཀྱི་ནང་པའི་ཆོས་བརྒྱུད་ཆེན་པོ་བཞིའི་གདན་ས་ཁག་ཏུ་སློབ་གཉེར་བྱེད་བཞིན་ཡོད་པས། ད་ནི་མི་དེ་ཚོའི་ལས་དབང་ལ་འགྱུར་ལྡོག་ཅི་འདྲ་ཞིག་འགྲོ་རྒྱུ་ནི་ཤོད་ཚོད་མི་ཐིགས་པ་ཞིག་རེད། གཡུ་སྒྲོན་གྱི་ནང་མིའི་གཉེན་ཉེ་གྲྭ་པ་ཞིག་དང་ཚོང་པ་ཞིག་ཀྱང་ལྷ་སར་ཡོད་པས། ཁོ་ཚོས་གསར་འགྱུར་དེ་ཐོས་པ་ནས་བཟུང་ནང་མི་ཚང་མའི་སེམས་པ་ཟང་ཟིང་དུ་གྱུར་པ་དང་། ལྷ་བླ་མར་གསོལ་འདེབས་སྐྱབས་འཇུག་ཞུས་ཏེ་རང་གི་ནང་མི་དེ་ཚོས་གཙོས་པའི་ཡུལ་འདིའི་མི་རྣམས་ལ་བར་ཆད་མེད་པའི་སྨོན་ལམ་བཏབ།
བཅུ།
ཞོགས་པ་ཞིག་ལ་ར་སེལ་མལ་ལས་ལངས་ནས་ཇ་ཞིག་སྐོལ་རྩིས་བྱེད་སྐབས། ཕྱི་རོལ་ཏུ་མི་ཚོགས་ཀྱིས་སྐད་ཅོར་རྒྱག་པ་དང་བྱིས་པ་ངུ་བ་སོགས་ཟིང་ཟིང་ལོང་ལོང་གི་གནས་ཚུལ་ཞིག་འབྱུང་བཞིན་འདུག་པས་ཁོ་ལམ་སེང་སྒོར་བུད་དེ་ཁོའི་ར་སྐོར་དམའ་མོ་དེའི་ཕྱི་རོལ་ཏུ་བལྟས། མི་བཞི་བཅུ་ལྷག་ཅིག་གིས་རྟ་དཀར་པོ་ཞིག་ལ་བཅིབས་པའི་བླ་མ་ཞིག་ལོས་ཡིན་སྙམ་པའི་བླ་རྒན་ཕྱུ་བ་དམར་པོ་མནབས་པ་ཞིག་ཁྲིད་དེ་གྲོང་གསེབ་དེའི་སྟོད་དུ་ཡོད་པའི་ལྷ་ཁང་ཆུང་ཆུང་དེའི་ཕྱོགས་སུ་འགྲོ་བཞིན་ཡོད་པ་དང་། གྲོང་གསེབ་པ་ཚོས་བླ་མ་དེའི་གཡས་གཡོན་དུ་ཕྱག་འཚལ་བ་དང་ཞབས་དབང་ཞུ་བ་སོགས་ཀྱི་འཚང་ཁ་ཧ་ཅང་ཆེ།
ར་སེལ་གྱིས་བླ་མ་དེ་མཐོང་བའི་སྐད་ཅིག་མ་དེའི་རིང་ལ་ལུས་ཀྱི་བ་སྤུ་ཡོངས་རྫོགས་གྱེན་དུ་གཟེངས་པ་དང་སྙིང་གི་འཕར་ཚད་ཇེ་མགྱོགས་སུ་སོང་ཞིང་། མིག་ནས་རང་དབང་མེད་པར་དད་པའི་མཆི་མ་ཡང་ཐར་སེ་མཁུར་མགོར་ལྷུང་སོང་བས། ལམ་སེང་ཕྱིར་ནང་དུ་ཡོང་ནས་ཁ་ཚིག་ཚིག་ལྕེ་སྲེག་སྲེག་གི་ཞོགས་ཇ་ཚ་བོ་ཞིག་བཏུང་རྗེས་མགྱོགས་པོར་ཁ་བཏགས་ཤིག་ཁྱེར་ནས་གྲོང་གསེབ་ཀྱི་ལྷ་ཁང་དེའི་ཕྱོགས་སུ་བརྒྱུགས། ལམ་བར་དུ་གཡུ་སྒྲོན་ཡང་མོའི་ཨ་མ་དང་མཉམ་དུ་ལྷ་ཁང་གི་ཕྱོགས་སུ་འགྲོ་བཞིན་པ་དང་འཕྲད་དེ་ཁོ་ཚོ་གསུམ་འགྲོགས་ནས་ཕྱིན།
ལྷ་ཁང་གི་ཕྱི་རོལ་ཏུ་བསང་ཁྲིའི་སྟེང་དུ་ཤུག་ལོ་དང་རྩམ་པ་སོགས་སྤུངས་པའི་གསེབ་ནས་མེ་ལྕེ་ལང་ལོང་དང་དུ་བ་བན་བུན་ཞིག་ནམ་མཁར་འཕྱུར་བཞིན་ཡོད་ཅིང་། གྲོང་གསེབ་འདི་དང་དེའི་གཡས་གཡོན་གྱི་གྲོང་གསེབ་དག་ནས་ཡོང་བའི་མགོ་སྐྲ་གཟེངས་པའི་ཕོ་མོ་རྒན་གཞོན་མང་པོ་ཞིག་གིས་ཕྱི་རོལ་ཏུ་ཕྱག་འཚལ་བ་དང་ནང་དུ་བླ་མར་ཕྱག་དབང་ཞུ་རུ་འགྲོ་བ་སོགས་ཀྱི་བྲེལ་བ་ཁོལ་ནས་བསྡད་འདུག
ར་སེལ་དང་གཡུ་སྒྲོན་མ་བུ་གཉིས་ལྷ་ཁང་གི་ནང་དུ་འཛུལ་བ་ན། སྦུག་གི་བཞུགས་ཁྲི་ཅུང་མཐོན་པོ་དེའི་སྟེང་དུ་བླ་མ་དེ་བཞུགས་ཡོད་ཅིང་། ཁོང་གིས་སྤྱན་ཤེལ་མཐུག་པོ་ཞིག་བརྒྱབ་ཡོད་ཅིང་སྐུ་ཤ་ཞན་ན་ཡང་ཞལ་རས་ཆེས་བྱམས་ཤིང་བརྩེ་བའི་འཛུམ་མདངས་ཤིག་འཕྲོ་བཞིན་ཡོད་ལ། ཕྱག་མཛུབ་རིང་བའི་ཕྱག་བརྐྱངས་ཏེ་མཇལ་བ་རེ་རེ་བཞིན་གྱི་མགོ་རུ་བྱབ་བྱབ་རེ་གནང་བ་དང་བྱིས་པ་ཚོའི་འགྲམ་པར་བྱིལ་བྱིལ་རེ་གནང་བཞིན་འགྲམ་གྱི་ཁུག་པ་རྙིང་བ་ཞིག་ལས་རྒྱ་ནག་ལས་ཐོན་པའི་བྱི་རིལ་རེ་གནང་བཞིན་འདུག
མཇལ་བ་རེ་རེ་བཞིན་ཁོང་གི་འཁྲིས་སུ་སོང་བ་དང་ད་ནི་ར་སེལ་ཡང་ཁོང་གི་མདུན་དུ་བསླེབས་སོང་། ཁོང་གིས་ར་སེལ་ལ་གཟིགས་རྗེས་བཞད་མོ་ཆེན་པོ་ཞིག་བཞད་རྗེས། ཨ་ཙི། ཁྱོད་འདི་ན་ཡོད་ཀི ཡ་ཡ། མི་ལུས་བརྗེས་ཟིན་ན་ཡང་རལ་བ་བརྗེས་མི་འདུག ཅེས་གསུང་བཞིན་ར་སེལ་གྱི་མགོ་སྐྲ་རིང་བོ་དེ་འཐེན་ཙམ་གནང་བས། ར་སེལ་གྱི་མགོ་ནང་ནས་སིང་སྒྲ་ཞིག་གྲག་ཅིང་མིག་ནང་དུ་འཇའ་ཚོན་ལྟ་བུའི་འོད་ཟེར་སྣ་ལྔ་ཞིག་ཤར་ཏེ་ཅི་དྲན་འདི་དྲན་མེད་པར་ས་རུ་འགྱེལ་སོང་།
བཅུ་གཅིག
རི་གྲོང་འདིའི་མི་རྣམས་ལ་ཡོད་པའི་རྒྱུན་ཤེས་ཀྱི་གསོ་རིག་བྱེད་ཐབས་ཤིག་སྟེ། གལ་སྲིད་མི་ཞིག་གློ་བུར་དུ་དྲན་པ་འཐོར་ནས་བརྒྱལ་སོང་ཚེ་ལམ་སེང་རྩམ་པ་མེ་ནང་དུ་བསྲེགས་པའི་དུ་བ་བདུག་རྒྱུ་དང་མཚོག་མར་སྣུམ་བྱུགས་རྒྱུ། ཡ་མཆུའི་སྟེང་དུ་སེན་མོ་འདེབ་པ་དེ་གསུམ་ཡིན་ཞིང་། ཆེས་སྟབས་བདེ་བའི་ལག་ལེན་མི་འདྲ་བ་དེ་གསུམ་གྱིས་ཆེས་གནའ་བོའི་དུས་ནས་བཟུང་སྟེ་རི་གྲོང་འདིའི་སྐྱེ་བོ་ཅི་ཙམ་ཞིག་གི་ཚེ་སྲོག་བསྐྱབས་ཡོད་མེད་མི་ཤེས་ཀྱང་། བྱེད་ཐབས་འདིས་འཕྲལ་མར་ཕན་ནུས་ཤིག་ཐོན་ཐུབ་པ་ནི་དངོས་ཡོད་གནས་ཚུལ་ཡིན་པས། ར་སེལ་ས་ལ་འགྱེལ་མ་ཐག་ཏུ་གཡུ་སྒྲོན་དང་མོའི་ཕ་རྒན་གཉིས་ཀྱིས་གྲོང་མི་འགའ་དང་མཉམ་དུ་ར་སེལ་གྱི་སྣ་ལམ་དུ་རྩམ་གསུར་བདུག་པ་དང་ཀླད་པའི་སྟེང་དུ་སྣུམ་བྱུག་བྱེད་པ་སོགས་ཐབས་ཤེས་ཡོད་རྒུ་རྩལ་སྤྲུག་བྱས་ཀྱང་རེ་ཞིག་ར་སེལ་བརྒྱལ་བ་ལས་སངས་མ་ཐུབ།
ཛ་དྲག་གི་གནས་སྟངས་འདིའི་དུས་སུ་བཞུགས་ཁྲིའི་སྟེང་གི་བླ་མ་དེས་སྤྱན་གཉིས་བཙུམས་ནས་གཟུངས་སྔགས་སམ་ཅི་ཞིག་ཤབ་བུར་ཟློ་བཞིན་ཡོད་པ་དང་། ལན་རེར་སྤྱན་གདངས་ཏེ་མདུན་གྱི་ནམ་མཁར་གཟིགས་བཞིན་ཕྱག་གཉིས་ཐལ་མོ་སྦྱོར་བཞིན་ཡོད་ལ། མཚམས་རེར་མདུན་གྱི་ཅོག་ཙེའི་སྟེང་གི་ཟངས་སེར་ལས་གྲུབ་པའི་འབྲུ་ཕོར་ཞིག་ལས་ནས་འབྲུ་འགའ་ཧ་ཅང་རིད་ཅིང་གཉེར་མས་ཁེངས་པའི་ཕྱག་སོར་གྱི་བར་ནས་ར་སེལ་གྱི་ལུས་སྟེང་དུ་གཏོར་བཞིན་ཡོད།
མི་རྣམས་བྲེལ་བྲེལ་ཟིང་ཟིང་བྱེད་པའི་དུས་འདིར། ར་སེལ་ནི་རྨི་ལམ་ལྟ་བུའི་ཡུལ་གྲུ་ཞིག་ཏུ་བསླེབས་ཡོད་ཅིང་། རི་དམར་པོ་ཁྲག་གི་གཏོར་མ་འདྲ་བ་ཞིག་གི་རྩེ་རུ་འཇའ་འོད་ཀྱི་གུར་ཁང་ཆེན་པོ་ཞིག་གི་ནང་དུ་བོད་ལུགས་ཀྱི་ལྷ་ཁང་ཆེན་པོ་ཞིག་ཡོད་ཅིང་། ཐེམ་སྐས་ཤིག་ཅི་ལྟར་འཛེགས་མིན་མ་དྲན་པའི་ངང་ནས་ཁོ་རང་ལྷ་ཁང་དེའི་སྒོ་དྲུང་དུ་བསླེབས་སོང་། སྒོ་དྲུང་དེར་མཛེས་སྡུག་ལྡན་པའི་བུ་མོ་འགའ་ཡིས་གླུ་དང་གར་གྱི་མཆོད་པ་མི་འདྲ་བ་དུ་མ་ཞིག་འབུལ་བཞིན་པ་དང་། རང་ཕྱེར་སོང་བའི་སྒོ་ནང་ནས་ཡར་འཛུལ་བ་ན། ལྷ་ཁང་ཆེན་པོ་དེའི་དབུས་སུ་པད་མ་དང་ཉི་ཟླ་རིམ་པ་བཞིན་བརྩེགས་པའི་སྟེང་དུ། ནམ་རྒྱུན་ཐང་ཀའི་ངོས་སུ་མཐོང་ཐུབ་པའི་གུ་རུ་རིན་པོ་ཆེ་སྣང་སྲིད་ཟིལ་གནོན་གྱི་བཞུགས་སྟངས་ཅན་དེ་འདྲ་བ་ཞིག་གཟི་འོད་འབར་བཞིན་བཞུགས་ཡོད་པ་དང་། ཁོང་གི་གཡས་གཡོན་གཉིས་སུ་མནྡྷ་ར་བ་དང་ཡེ་ཤེས་མཚོ་རྒྱལ་གཉིས་ལོས་ཡིན་སྙམ་པའི་བུ་མོ་གཞོན་ནུ་མ་རྒྱ་གར་དང་བོད་པའི་ཆ་ལུགས་ཅན་གཉིས་ཀྱིས་ཀྱང་གུ་རུ་རིན་པོ་ཆེ་ལ་གླུ་དང་གར་གྱི་མཆོད་པ་འབུལ་བཞིན་འདུག
ར་སེལ་གྱིས་ངག་ནས་ཚིག་བདུན་གསོལ་འདེབས་འདོན་བཞིན་ཕྱག་འཚལ་བའི་སྟངས་ཀ་རེ་བྱེད་དུས། གུ་རུ་ཡབ་ཡུམ་གསུམ་གྱི་སྐུ་ལུས་ལས་འོད་ཟེར་སྣ་ལྔ་ཚ་དྲོད་དང་ལྡན་པ་རེ་འཕྲོས་ནས་ར་སེལ་གྱི་ལུས་ལ་ཐིམ་པ་དང་། དེའི་གཟི་བརྗིད་ཀྱིས་རང་དབང་མེད་པར་རང་ལུས་འདར་ཕྲི་ལི་ལི་བྱེད་པ་དང་མཉམ་དུ་མིག་མདུན་ཐམས་ཅད་སྐུ་དང་ཕྱག་མཚན་གཟུངས་སྔགས་སོགས་འོད་ལམ་ལམ་གྱི་དངོས་པོ་སྣ་ཚོགས་ཤིག་གིས་ཁྱབ་འོངས་ཤིང་། དེ་དང་མཉམ་དུ་རང་ཉིད་ཀྱི་ཚེ་རབས་སྔོན་མ་བརྒྱ་སྟོང་དུ་མ་ཞིག་ཀྱང་མེ་ལོང་ནང་དུ་གཟུགས་བརྙན་ཤར་བ་ཇི་བཞིན་ཡོད་ངོར་ལམ་ལམ་དྲན་ཡོང་བ་དང་། མི་ལོ་གཅིག་སྟོང་ཉིས་བརྒྱའི་ཡར་སྔོན་དུ་རང་ཉིད་གནུབས་ཆེན་སངས་རྒྱས་ཡེ་ཤེས་ཞེས་པར་སྐྱེས་དུས། བསམ་ཡས་ལྷ་ཁང་ཆེན་པོའི་བར་ཁང་གཡུ་ཞལ་འབར་བར་ཨོ་རྒྱན་ཆེན་པོའི་དྲུང་དུ་ཕུར་པའི་བཀའ་དབང་ཞུས་པ་དང་། དེ་དུས་སློབ་དཔོན་ཆེན་པོས་རང་གི་གསང་མིང་ལ་ལྷ་ཕྲུག་འོད་དཀར་ལེགས་ལྡན་ཞེས་བཏགས་གནང་བ་དང་། ཡེ་ཤེས་མཚོ་རྒྱལ་གྱིས་མགུལ་གཡུ་གཟི་འོད་འབར་བ་ཞིག་ལེགས་སྐྱེས་སུ་བསྩལ་པ་དང་། རང་ཉིད་ཀྱིས་ལྷག་པའི་ལྷ་ཡི་སྒོམ་བཟླས་མཐའ་རུ་ཕྱིན་པའི་རྟགས་སུ་བྲག་ལ་ཕུར་པ་བཏབ་པ་སོགས་ཀྱང་ཁ་སང་གི་དོན་དག་ཇི་བཞིན་ཝ་ལེར་དྲན་ཡོང་བས། མིག་ནས་མཆི་མ་འཁྲིག་ཅིང་ལུས་ཀྱི་བ་སྤུ་གཟེངས་ཏེ་ཨོ་རྒྱན་ཆེན་པོ་མཁྱེན་ཞེས་གདུང་ཤུགས་དྲག་པོས་གསོལ་བ་བཏབ།
བཅུ་གཉིས།
ར་སེལ་བརྒྱལ་བ་ལྟ་བུའི་སྣང་བ་བན་བུན་ཞིག་ལས་སངས་དུས། ཁོ་ཕྱིར་རང་གི་མཚམས་ཁང་ཆུང་ཆུང་དེའི་ནང་དུ་བསླེབས་ཏེ་ཉལ་ཁྲི་དམའ་མོ་དེའི་སྟེང་དུ་ཉལ་བསྡད་ཡོད་པ་དང་། གཡུ་སྒྲོན་གྱིས་ཁོའི་འཁྲིས་སུ་མིག་གཉིས་མཆི་མས་གང་སྟེ་ཁ་མུར་མུར་དུ་ཅི་ཞིག་འདོན་བཞིན་འདུག ཁྱིམ་ཕུག་ཏུ་མར་མེ་ཆུང་ཆུང་གསུམ་ལས་འོད་སྣང་གསལ་ལ་མི་གསལ་བ་ཞིག་འཕྲོས་ཤིང་། གཡུ་སྒྲོན་གྱི་གྲིབ་མ་ཆེན་པོ་ཞིག་གིས་ར་སེལ་གྱི་ཁང་ཆུང་འདིའི་ཕྱེད་ཀ་ཡོངས་སུ་ཁེངས་བསྡད་ཡོད།
ར་སེལ་གྱིས་གང་མྱུར་ཁོག་སྟོད་ཡར་དགྱེ་སྟེ་རང་ཉིད་ལ་ཅི་ཞིག་བྱུང་མིན་འདྲི་རྩིས་བྱེད་དུས། གཡུ་སྒྲོན་གྱིས་གདོང་ལ་འཛུམ་ཞིག་ལངས་ཏེ་གད་མོ་ཆུང་ཆུང་ཞིག་དགོད་བཞིན། གྲུབ་ཐོབ་ཚང་གི་རྟོགས་པ་གོང་དུ་འཕེལ་བ་འདྲ། བླ་མ་རིན་པོ་ཆེས་ཁྱེད་རང་སྐལ་ལྡན་ཞིག་རེད་ཅེས་གསུངས་སོང་། ཁྱེད་རང་གིས་ཉི་མ་རེ་རེ་བཞིན་སྒོམ་སྒྲུབ་བྱེད་སྟངས་ལ་བལྟས་ན་ནུབ་ཕྱོགས་པ་ལྗོངས་རྒྱུ་བ་དེ་ཚོ་དང་མི་འདྲ་བར་ཆོས་ལ་དོན་གཉེར་ཆེན་པོ་ཡོད་པ་ཞིག་ཡིན་པ་རྟོགས་ཐུབ་ཀིན་འདུག རྗེ་མི་ལ་རས་པས་ཀྱང་རང་གི་ནང་མི་གཉེན་འབྲེལ་བློས་བཏང་སྟེ་སྒྲུབ་པ་ཉམས་ལེན་གནང་བས་མཐའ་མར་སངས་རྒྱས་པ་རེད་ཟེར། ར་སེལ་ལགས་ཁྱེད་རང་གིས་ཀྱང་ད་དུང་སྒྲུབ་པ་ཉམས་ལེན་རྩེ་གཅིག་ཏུ་གནང་ན་ཉི་མ་གཅིག་འབྲས་བུ་བཟང་པོ་ཞིག་ཏན་ཏན་འབྱུང་གི་རེད་ཅེས་བརྗོད།
ར་སེལ་གྱིས་བླ་མ་རིན་པོ་ཆེ་བཞུགས་འདུག་པས། ངས་ཁོང་གི་རྩ་ནས་ནང་པའི་ཆོས་ཀྱི་ཉམས་ལེན་སྐོར་གྱི་བཀའ་ཁྲིད་མང་པོ་ཞིག་ཞུ་དགོས་ཡོད་ཟེར་བས། གཡུ་སྒྲོན་གྱིས་ཁོའི་ལག་ཏུ་རླངས་པ་འཐུལ་བཞིན་པའི་འོ་ཇ་དཀར་ཡོལ་གང་འཇོག་ཞོར། བླ་མ་ཚང་འབྲས་ལྗོངས་སུ་ཕེབས་རྩིས་རེད། སྔོན་མ་ནས་འབྲས་ལྗོངས་རྒྱལ་པོས་བླ་མ་ཚང་ལ་ཆོས་མང་པོ་ཞུས་ཚར་བ་རེད་ལ། རྒྱལ་པོས་འབྲས་ལྗོངས་ཀྱི་རི་འདབས་སྐྱིད་པོ་ཞིག་ཏུ་བླ་མ་ཚང་ལ་སྒྲུབ་ཁང་ཡག་པོ་ཞིག་བརྒྱབ་ཡོད་པ་རེད་ཅེས་ཟེར་བཞིན་འདུག ཉི་མ་གཅིག་ཁྱེད་རང་ཡང་འབྲས་ལྗོངས་སུ་བསྐྱོད་ནས་བླ་མ་ཚང་ལས་ཆོས་ཞུ་ལོས་ཐུབ་ཟེར།
ར་སེལ་གྱིས་གཡུ་སྒྲོན་གྱིས་དྲངས་པའི་འོ་ཇ་དེ་འཐུང་ཞོར་མོའི་གདོང་ལ་ཞིབ་ལྟ་ཞིག་བྱས་ཤིང་། གཡུ་སྒྲོན་གྱི་གདོང་པ་སྙིང་རྗེ་བོ་དེ་རབ་རིབ་ཀྱི་མཆོད་མེའི་འོད་སྣང་འོག་ཏུ་སྔོན་ལས་ཀྱང་ཆེས་མཛེས་སྡུག་ལྡན་པ་ཞིག་ཏུ་སྣང་བས། ར་སེལ་གྱི་སེམས་ནང་། གཡུ་སྒྲོན་འདི་ངོ་མ་ཅིག་མཛེས་པ་ལ་ཨང་། ནུབ་ཕྱོགས་རི་མོའི་འཇིག་རྟེན་ཁྲོད་དུ་སྙན་པའི་གྲགས་པ་འབར་བཞིན་པའི་མོ་ན་ལིས་ས་ཡང་གཡུ་སྒྲོན་གྱི་འཁྲིས་སུ་དེ་ཙམ་མཛེས་མ་ཞིག་མ་རེད་སྙམ་པའི་བསམ་བློ་ཞིག་འཁོར།
བཅུ་གསུམ།
ར་སེལ་གྱིས་ལག་པ་བསྲིངས་ཏེ་གཡུ་སྒྲོན་གྱི་གདོང་ལ་བྱིལ་བྱིལ་བྱེད་འདོད་དྲག་པོ་ཞིག་སྐྱེས་མོད། རང་གི་ཉལ་ཁང་དང་མཆོད་ཁང་གཞི་གཅིག་ཏུ་ཡོད་པ་དང་། གཡུ་སྒྲོན་གྱི་སེམས་ཚོར་ངོ་མ་དེ་ཡང་ད་དུང་མི་ཤེས་པས་རང་སེམས་རང་གིས་མནན་ནས་མི་འདུག་ཀ་མེད་བྱུང་ཞིང་། འདི་ལྟར་ཕྱི་རོལ་ཏུ་ཟླ་བ་ཤར་ཞིང་ལྷིང་འཇགས་ཡིན་པའི་རི་ཁྲོད་ཀྱི་ཁང་ཆུང་འདིའི་ནང་དུ། ཡེ་ཤུའི་ཆོས་ལུགས་ལས་བཤད་པའི་འཇིག་རྟེན་འདིའི་ཆེས་ཐོག་མའི་ཕོ་མོ་གཉིས་དང་མཚུངས་པའི་ར་སེལ་དང་གཡུ་སྒྲོན་གཉིས་ཀྱིས་རང་རང་གི་འདོད་བརྩེའི་མེ་ཏོག་སྙིང་རྗེ་བོ་ཟུང་གཅིག་ཉི་འོད་ཤར་ན་ཡང་འདབ་མ་བཞད་མི་ཐུབ་པའི་བྱང་ཁོག་གི་སྐྱེད་ཚལ་ཆུང་ཆུང་ཞིག་གི་བཙོན་ཁང་དུ་མི་འཇུག་རང་འཇུག་ཡིན་པ་ལྟ་བུར་སྣང་།
ཡིན་ན་ཡང་གཡུ་སྒྲོན་གྱིས་གློ་བུར་དུ། ར་སེལ་ལགས། ངེད་གཉིས་ཕྱི་རོལ་དུ་འཆམ་འཆམ་བྱེད་པར་འགྲོ་ཞེས་ཟེར་བས། ར་སེལ་གྱི་འདོད་ཐོག་ལ་རྟ་བརྒྱུགས་ན་ཡང་ཁ་ནས། ཨེ། ཁྱེད་རང་གི་ནང་མི་དང་གྲོང་པའི་མིས་མཐོང་ན་གང་ཟེར་ཡོང་། སྔོན་ཆད་ཀྱི་རི་འཛེག་དོན་རྐྱེན་འཁྲུག་པོ་དེ་དྲན་གི་མི་འདུག་གམ་ཞེས་དྲིས་པར། གཡུ་སྒྲོན་གྱིས་ཐག་ཆོད་པོའི་སྒོ་ནས། སྔོན་ཆད་ཀྱི་དོན་དག་ནི་སྔོན་ཆད་ཀྱི་དོན་དག་རེད། དེང་སྐབས་ངའི་ནང་མིས་ངེད་གཉིས་ཀྱི་འབྲེལ་བ་དེ་ཐག་རིང་ཐུང་ག་འདྲ་ཞིག་ཏུ་སོང་ན་ཡང་ངེད་གཉིས་ཀྱི་རང་དབང་རེད་བསམ་བཞིན་འདུག དགེ་རྒན་དང་སློབ་མའི་འབྲེལ་བ་དེ་རྒྱུན་སྐྱོང་མིན་དང་དེའི་ངོ་བོ་ག་འདྲ་ཞིག་ཏུ་འགྱུར་མིན་ནི་དགེ་རྒན་དང་སློབ་ཕྲུག་ལ་རག་ལས་པ་རེད། ཟེར་བས། ར་སེལ་གྱིས། རེད་རེད། དགེ་སློབ་ཀྱི་འབྲེལ་བ་ཙམ་ཞིག་ལ་བསམས་ན་འདི་ནི་མི་རྣམས་ཀྱི་བློ་ངོར་མི་ཤོང་བ་ཞིག་མ་རེད། ཡ་དེས་ན་འགྲོ་ཆོག་ཟེར་བཞིན་གཡུ་སྒྲོན་དང་མཉམ་དུ་སྒོར་བུད་དེ་ཕྱི་རོལ་ཏུ་སོང་།
ཟླ་བའི་འོད་སྣང་དཀར་པོ་ཞིག་གིས་རི་མོ་མཁས་ཅན་གྱི་སྨྱུག་འོག་ནས་ཐོན་པ་འདྲ་བའི་ཡུལ་ལྗོངས་འདིར་ཚོན་མདངས་བཀྲག་ཆེ་བ་ཞིག་བསྣན་ཡོད་ཅིང་། ཚོན་མདངས་དེའི་སྙིང་པོ་ཡོད་ཚད་གཞི་གཅིག་ཏུ་བསྡོངས་ཀྱང་འགྲན་དུ་མི་བཟོད་པ་ནི་ཟླ་འོད་འོག་གི་ཕོ་མོའི་འདོད་བརྩེ་ཡིན་ལ། འདོད་པའི་ལྷ་ག་གེ་མོ་ཞིག་གིས་ཀྱང་ཇུས་འགོད་སྣ་ཚོགས་ཀྱིས་མཚན་ལྗོངས་འདི་འདྲ་བའི་འོག་ཏུ་འདོད་པ་ཁོག་ཏུ་ཉར་བའི་ཕོ་མོ་དག་ལ་རང་རང་གི་འདོད་བདེ་མྱོང་བ་དང་བརྩེ་དུང་གི་འཆི་སོས་རིལ་བུ་རྡོག་པོ་རེ་ཐོབ་རྒྱུར་རོགས་རམ་ཚད་མེད་ཅིག་བྱེད་བཞིན་ཡོད་པ་རེད།
མཚན་ལྗོངས་ཧྲིལ་བོ་ཆེས་ལྷིང་འཇགས་ཡིན་པར་བལྟས་ན་གནས་འདིའི་སྐྱེ་དངོས་ཡོད་དོ་ཅོག་གིས་ར་སེལ་དང་གཡུ་སྒྲོན་གཉིས་ཀྱི་སྙིང་གི་འཕར་ལྡིང་གི་སྒྲ་དབྱངས་སྙན་མོ་དེར་རོལ་མྱོང་བྱེད་བཞིན་པ་དང་འདྲ་ལ། ཡང་སྐྱེ་དངོས་ཀུན་གྱིས་ར་སེལ་དང་གཡུ་སྒྲོན་གྱི་སྙིང་གི་ཟབ་སར་སྦས་པའི་གསང་བ་དེ་རྟོགས་འདོད་ཀྱིས་གཡོ་འགུལ་ཅི་ཡང་མེད་པར་ལུས་ཡོད་པ་དང་ཡང་ཧ་ཅང་མཚུངས།
བཅུ་བཞི།
ར་སེལ་དང་གཡུ་སྒྲོན་གཉིས་ཀྱིས་དཔུང་པ་མཉམ་གཤིབ་དང་གོམ་པ་མཉམ་ལེན་བྱས་ཏེ་རི་གྲོང་གི་ལྟག་རྒྱབ་ནས་ནགས་གསེབ་ཏུ་འཐེན་པའི་རྐང་ལམ་ཀྱ་ཀྱུ་མ་དེད་ནས་འགྲོ་བཞིན་ཡོད་ལ། ནགས་གསེབ་ལས་ལྗོན་ཤིང་སྣ་ཚོགས་ཀྱི་དྲི་མ་ཁྱད་མཚར་བོ་ཞིག་སྣ་ལམ་དུ་འཐུལ་ཡོང་བས། ར་སེལ་གྱིས་གློ་བུར་དུ་ཐག་རིང་གི་རྒྱལ་ཁབ་ཅིག་ཏུ་ཡོད་པའི་རང་ཉིད་ཀྱི་ཕ་མའི་ཁང་པ་དེ་དང་དེའི་ཉེ་འདབས་སུ་ཡོད་པའི་ནགས་ཚལ་དེ་དྲན་བྱུང་། ར་སེལ་བྱིས་པ་ཡིན་དུས་ནས་དམག་མིའི་གྲས་སུ་མ་ཞུགས་བར་ཟླ་བ་རེ་རེར་ཐེངས་བཅུ་ཕྲག་རེར་ནགས་གསེབ་ཏུ་བསྐྱོད་པ་ནི་འཆར་ཅན་གྱི་བྱ་བ་ཞིག་ཡིན་ཞིང་། ར་སེལ་གྱིས་རང་གི་ཕ་རྒན་དང་མཉམ་དུ་ནགས་གསེབ་དེར་ཡོད་པའི་རྒྱུགས་ཆུ་ཆུང་ཆུང་ཞིག་གི་ཁ་ནས་གཟའ་ཉི་མ་རེ་རེ་བཞིན་ཉ་འཛིན་རྒྱུར་ཧ་ཅང་དགའ།
དོ་དགོང་གི་ཟླ་བ་ཧ་ལམ་ཆ་ཤས་ཡོངས་སུ་རྫོགས་མེད་འགྲོ་བསམ་པ་ཞིག་ཡོད་ཅིང་། ཟླ་བ་དེའི་མཐའ་སྐོར་དུ་འཁྱུག་ཙམ་རེ་ལས་མི་སྡོད་པའི་སྤྲིན་པ་སྲབ་མོ་ཞིག་གི་འགྲོ་འོང་རྒྱུན་ཆད་མེད་པར་གནས་པ་དང་། ཟླ་འོད་དཀར་པོ་ཞིག་གིས་ཕྱོགས་བཞིའི་རི་ཚོགས་དང་ནགས་གསེབ་ཀྱི་ལྗོན་པ་རེ་རེ་བཞིན་ཚེ་སྲོག་དང་འགུལ་སྐྱོད་ཀྱི་སྟོབས་ཤུགས་བླ་ན་མེད་པ་ཞིག་སྦྱིན་བཞིན་མཆིས། གཡུ་སྒྲོན་གྱིས་མགོ་བོ་ཡར་བཀྱགས་ནས་གཡས་གཡོན་ལ་ལྟ་ཙམ་ཞིག་བྱས་རྗེས་གློ་བུར་དུ་ར་སེལ་གྱི་ལག་པར་འཇུས་ཏེ་བརྗོད་པར།
ར་སེལ་ལགས། བླ་མ་ཚང་གིས་གསུངས་པ་ལྟར་ན་ཁྱེད་རང་སྐྱེ་བ་སྔོན་མར་མི་ཚོགས་བསགས་ཆེན་པོ་ཡོད་པ་ཞིག་རེད། ངའི་ཉམས་མྱོང་ལྟར་ན་ཁྱེད་རང་མི་བརྩེ་དུང་ཆེན་པོ་ཡོད་པ་ཞིག་ཀྱང་རེད། ཁྱེད་རང་མགྱོགས་པོ་ཕྱིར་དབྱིན་ཇིའི་ལུང་པར་ཕེབས་ཀིན་ཡིན་ནམ། ཡང་ན་འདི་གར་ཆང་ས་བརྒྱབ་སྟེ་སྡོད་རྩིས་ཡིན།
ར་སེལ་གྱི་ལག་པའི་མཐིལ་ནས་རྔུལ་ནག་ཅིག་འཕྱུར་བ་དེས་གཡུ་སྒྲོན་གྱི་ལག་མཐིལ་ཡང་བརླན་པ་མ་ཟད། ཁོ་གཉིས་ཀྱི་ལག་མཐིལ་དུ་འབྱར་རྩི་ཞིག་བྱུགས་པ་ཇི་བཞིན་ནམ་ཡང་ཁ་ཁར་འབྱེད་ཐབས་མེད་པ་ཞིག་ཏུ་འགྱུར་ཆོག་ཆོག་ཅིག་ཏུ་སྣང་། ར་སེལ་གྱིས་གཡུ་སྒྲོན་གྱི་ལག་པ་སྡོམ་པ་ཙམ་བྱས་ཏེ་གོམ་པ་སྤོ་མཚམས་བཞག་ནས།
གཡུ་སྒྲོན་ལགས། གལ་སྲིད་ང་ལ་ཁྱེད་ལྟ་བུའི་བུ་མོ་ལུས་ངག་ཡིད་གསུམ་མཛེས་པ་ཞིག་དང་མཉམ་དུ་ཆང་ས་རྒྱག་རྒྱུའི་སྐལ་བ་ལྡན་ཚེ། ངས་རང་གི་མི་ཚེ་གཅིག་པོ་མོ་དང་མཉམ་དུ་སྐྱེལ་རྒྱུའི་འདོད་པ་ཡོད། ཡིན་ན་ཡང་ངའི་སེམས་ནང་རང་གི་ཕ་མ་གཉིས་པོ་ཤར་ཐེངས་རེ་རེར་གང་མགྱོགས་ཕྱིར་རང་གི་རྒྱལ་ཁབ་ཏུ་ལོག་ན་ཡང་བསམ་གིན་འདུག ཡིན་ན་ང་ལ་ཁྱེད་རང་ལ་དྲི་བ་གཅིག་ཡོད། གལ་སྲིད་ང་རང་ཕྱིར་རང་གི་རྒྱལ་ཁབ་ཏུ་འགྲོ་མ་ཐུབ་པ་ཡིན་ན། ཁྱེད་ཀྱིས་ང་དང་མཉམ་དུ་གཉེན་སྒྲིག་བྱེད་འདོད་ཡོད་དམ། དྲི་བ་འདི་ལ་ལམ་སེང་ལན་མ་བརྒྱབ་ན་འགྲིག ངེད་གཉིས་ལ་འདིའི་སྐོར་ནས་ཅི་བྱེད་ཀྱི་དུས་ཚོད་རིང་པོ་ཞིག་ཕལ་ཆེར་ཡོད་ཀྱི་རེད།
གཡུ་སྒྲོན་གྱིས་སྐད་ངག་ཧ་ཅང་འཇམ་པོ་དང་བྱིས་པ་ཞིག་གིས་རང་གི་ཨ་མར་གཅེས་གཏམ་བཤད་པ་ཇི་བཞིན། ར་སེལ་ལགས། གལ་སྲིད་ཁྱོད་ཀྱིས་ང་དང་མཉམ་དུ་ཆང་ས་རྒྱག་འདོད་ཡོད་ན་ང་ལ་བརྩེ་བ་སྤྲོད་རོགས་གནང་། ང་ལ་ལྷག་བསམ་རྣམ་དག་གི་རོགས་རམ་བྱེད་རོགས་གནང་། མིའི་བརྩེ་དུང་ནི་ལྷས་བཟོས་པ་ཞིག་མ་ཡིན་པར་མི་དང་མིའི་འབྲེལ་ཐག་ཉེ་རུ་སོང་ནས་གྲུབ་པ་ཞིག་ཡིན་པས། གལ་སྲིད་ཁྱེད་ལ་འདོད་པ་ཡོད་ན་ང་ལ་གཅེས་སྐྱོང་བྱེད་རོགས་གནང་། ང་ལ་སེམས་པ་སྤྲོད་རོགས་གནང་། ཞེས་ཟེར་བས། ར་སེལ་གྱི་སྙིང་གསེང་ལ་མེ་མུར་བླུགས་པ་ལྟར་ཚ་ཆིལ་ལེར་སོང་ནས་ལག་མཐིལ་གྱི་རྔུལ་ནག་ཇེ་མང་དུ་སོང་སྟེ་ད་ནི་རྔུལ་ཐིགས་རེ་རེ་བཞིན་ཟླ་འོད་འོག་གི་རྩྭ་ལྗང་གི་མྱུ་གུ་རེ་རེའི་སྟེང་དུ་ཟགས་བཞིན་ཡོད་པའི་སྣང་བ་ཞིག་འགོག་མེད་དུ་སྐྱེས་ཡོང་།
བཅོ་ལྔ།
དགོང་མོ་དེ་ནས་བཟུང་སྟེ་ར་སེལ་དང་གཡུ་སྒྲོན་གཉིས་ཀྱི་བར་དུ་འཇིག་རྟེན་ཕོ་མོའི་བརྩེ་དུང་ཞེས་པའི་མེ་ཏོག་སྙིང་རྗེ་བོ་ཞིག་གཞི་ནས་འབུས་མགོ་བརྩམས་བྱུང་ལ། མེ་ཏོག་དེའི་འདབ་མ་རེ་རེ་བཞིན་ཆེས་མཛེས་སྡུག་ལྡན་ཞིང་ཆེས་བརྗེད་པར་དཀའ་བ་ཞིག་ཡིན་པ་མ་ཟད། མེ་ཏོག་དེ་ནི་དབྱར་དགུན་སྟོན་དཔྱིད་མེད་པར་ནམ་ཡང་མཛེས་སྡུག་གིས་ཁྱོག་ནས་བསྡད་ཡོད་པ་ཞིག་རེད། མཛེས་སྡུག་གི་རྨི་ལམ་འདིས་ར་སེལ་གྱི་སྒོམ་སྒྲུབ་ལ་བར་ཆད་ཐེབས་རྒྱུའི་ཚབ་ཏུ་སྔོན་ཆད་མེད་པའི་ནུས་ཤུགས་ཁྱད་པར་བ་ཞིག་བསྐྲུན་ཏེ་ད་ནི་ཁོའི་སེམས་ནང་གི་ཆོས་ཕྱོགས་ཀྱི་རྟོགས་པ་ཆུང་ཆུང་དེ་ཡང་མེ་དཔུང་ནང་དུ་མར་ཁུ་བླུགས་པ་བཞིན་ཉིན་རེ་ནས་ཉིན་རེ་བཞིན་གོང་དུ་འཕེལ་སོང་། དེ་ནི་གཅིག་བྱས་ན་མི་ལ་རས་པས་དཀའ་བ་ཅི་ཙམ་སྤྱད་ཀྱང་བདེ་དྲོད་སོགས་ཐོག་མའི་སྒོམ་རྟགས་རྒྱུད་ལ་མ་སྐྱེས་པའི་ཛ་དྲག་གི་དུས་སྐབས་དེར། ཁོང་གི་ཆུང་གྲོགས་མཛེས་སེས་རྩམ་པ་དང་ཤ་ཆང་དྲངས་པ་ལ་བརྟེན་ནས་རྩ་མདུད་མང་པོ་ཞིག་སྦྲུལ་གྱི་མདུད་པ་ཞིག་པ་བཞིན་གྲོལ་ཏེ་བདེ་དྲོད་རང་འབར་དུ་སོང་བ་སོགས་བྱུང་བ་དང་འདྲ་བོ་ཞིག་ཀྱང་རེད།
ཞོགས་པ་རེ་རེ་བཞིན་ར་སེལ་གྱི་ཁང་ཆུང་དེའི་ནང་དུ་གཡུ་སྒྲོན་གྱི་འཛུམ་མདངས་དྲོན་མོ་དེ་མཐོང་རྒྱུ་ཡོད་ཅིང་། ར་སེལ་གྱི་མདུན་ཅོག་ཆུང་ཆུང་དེའི་སྒང་དུ་ཡང་གཡུ་སྒྲོན་གྱིས་བསྐོལ་བའི་འོ་ཇ་ཤིང་ཕོར་གང་རེ་དྲོད་རླངས་འཐུལ་བཞིན་བཞག་ཡོད་པ་དེ་ཡང་ད་ནི་རྒྱུན་ལྡན་ཞིག་ཏུ་གྱུར་འདུག་ལ། གཡུ་སྒྲོན་གྱི་ཕ་མ་གཉིས་སོགས་ནང་མིས་ཀྱང་གཡུ་སྒྲོན་དང་ར་སེལ་བར་གྱི་འབྲེལ་བ་དེ་ཚད་གང་ཞིག་ལ་བསླེབས་ཡོད་པ་དེ་ཤེས་ཡོད་ན་ཡང་དེ་ལ་མི་དགའ་བའི་རྣམ་འགྱུར་ཅི་ཡང་སྟོན་གྱིན་མེད་པའི་ཚབ་ཏུ་ད་དུང་དེ་ལ་མཐུན་འགྱུར་བྱེད་བཞིན་འདུག
ར་སེལ་གྱི་རྨི་ལམ་ལྟ་བུའི་ལོ་ཟླ་འདི་ཚོའི་རིང་ལ་གཡུ་སྒྲོན་གྱི་བརྩེ་དུང་གི་རོ་མངར་དེ་ཁོ་ནས་ཁོ་རང་རི་གྲོང་ཆུང་ཆུང་འདིར་ཡོངས་སུ་བསྡམས་ཡོད་ཅིང་། ད་ནི་བོད་ཡུལ་དུ་དམངས་གཙོའི་བཅོས་སྒྱུར་སོགས་མགོ་བཙུགས་ཟིན་ཡོད་ཅིང་། བོད་ཀྱི་མཐོ་རིམ་དཔོན་རིགས་མང་པོ་ཞིག་གིས་རྒྱ་གར་དང་བལ་ཡུལ་འབྲུག་ཡུལ་གསུམ་གྱི་ནང་དུ་ཡུལ་གྱར་བའི་འཚོ་བ་སྐྱེལ་བཞིན་གནས་ཡོད་པ་སོགས་ཐོག་མའི་ཛ་དྲག་གི་གནས་ཚུལ་མང་པོ་ཞིག་ཀྱང་ད་ནི་འཚོ་བའི་ནང་གློ་བུར་དུ་འབྱུང་སྲིད་ཅིང་ག་ལེར་འཆར་ཅན་གྱི་འཚོ་བ་ཞིག་ཏུ་འགྱུར་བའི་བརྒྱུད་རིམ་དེའི་ནང་དུ་འཐིམ་བཞིན་འདུག
ཡིན་ན་ཡང་སྐབས་རེར་ར་སེལ་གྱིས་བོད་ནང་དུ་ཡོད་ཅིང་ཤི་གསོན་གང་ཡང་མི་ཤེས་པའི་རང་གི་བུ་ཕྲུག་གཉིས་ཀྱི་ངོ་གདོང་སྙིང་རྗེ་བོ་དེ་རྨི་ལམ་ནང་དུ་ཡང་ཡང་མཐོང་ཡོང་བ་འདི་ཡང་བརྗེད་དུ་འཇུག་དཀའ་བའི་གནས་ཚུལ་ཞིག་ཡིན་ཞིང་། རྨི་ལམ་ལ་ལའི་ནང་དུ་རང་ཉིད་ཀྱིས་རི་བོ་ཧི་མ་ལ་ཡ་བརྒལ་ནས་རང་གི་ཤ་ལས་ཆད་པའི་བུ་ཕྲུག་གཉིས་ལ་ཐུག་འཕྲད་དུ་འགྲོ་བཞིན་ཡོད་ཅིང་། རྒྱལ་མཚམས་སྲུང་བའི་དམག་མིས་ཁོ་རང་འཇུ་བཟུང་གིས་བཙོན་ཁང་འཇིགས་སུ་རུང་བ་རེའི་ནང་དུ་བཅུག་ནས་གཅར་རྡུང་བྱེད་བཞིན་ཚ་འདྲི་སྣ་ཚོགས་བྱེད་པའི་མུར་གློ་བུར་དུ་གཉིད་ལས་སད་པ་ན། ལུས་པོ་ཡོངས་རྫོགས་རྔུལ་ཆུས་ཚོས་ནས་ཉལ་གདན་ཡོངས་རྫོགས་རློན་པ་ཆགས་ཡོད་པ་ཡང་ཐེངས་མང་བྱུང་།
བཅུ་དྲུག
དེ་རིང་གནམ་ངོ་འཐིབས་ཤིང་ཕྱོགས་བཞིའི་རི་ཀློང་དག་ཀྱང་གནའ་བོའི་ལྡེབས་རིས་རྙིང་པ་ཞིག་ཇི་བཞིན་སྨུག་ལོང་ཁྲོད་དུ་གསལ་ལ་མི་གསལ་བའི་ཚུལ་དུ་འདུག རི་སྐེད་ཀྱི་ལམ་ཕྲན་ཀྱ་ཀྱུ་མ་ཞིག་གི་སྟེང་དུ་ཁུར་ཙ་ཆེན་པོ་ཁུར་བའི་དོས་སྐྱེལ་བ་ལྔ་དྲུག་ཅིག་གིས་དབུགས་ཧལ་ཧལ་ངང་ངལ་གསོ་རེ་རྒྱག་བཞིན་ཡར་བགྲོད་བཞིན་འདུག ཁོ་ཚོའི་རྒྱབ་ཀྱི་ཁུར་ཙའི་ཟུར་གང་ཞིག་ནས་རླུང་འཕྲིན་གྱི་སྐད་སྒྲ་རེ་ཐོས་ཐུབ་ཅིང་། དེ་ལས་རྒྱ་གར་གྱི་གློག་བརྙན་འདྲ་མིན་ནང་གི་གླུ་གཞས་དག་ཀྱང་ཉེ་འཁོར་གྱི་མི་རྣམས་ཀྱི་རྣ་ལམ་དུ་ཡང་ཡང་ཐོས་ཐུབ། དེ་ནི་རི་གྲོང་འདི་དག་གི་ཕོ་གཞོན་དག་གིས་ཕྱི་རྒྱལ་རི་འཛེག་པའི་ཅ་ལག་སྣ་ཚོགས་རང་གི་སྒལ་བར་ཁུར་ནས་གླ་ཆ་ལེན་པའི་ལུགས་སྲོལ་ཞིག་གི་ཟུར་ཙམ་ཡིན་ཞིང་། ལས་ཀ་འདིར་བརྟེན་ནས་རི་གྲོང་འདིའི་ཁྱིམ་ཚང་མང་པོ་ཞིག་གི་དཔལ་འབྱོར་ལ་ཡང་ཕན་ཐོགས་ཆེན་པོ་ཡོད་པ་དང་། གནའ་བོའི་རི་གྲོང་འདི་དག་འཇིག་རྟེན་གསར་པ་ཞིག་གི་ཀློང་དུ་འདྲེན་རྒྱུར་ཡང་ནུས་པ་ཚོད་དཔག་མི་ཐུབ་པ་ཞིག་ཐོན་དང་འཐོན་བཞིན་ཡོད།
ཕྱི་དྲོར་གནམ་གཤིས་ཅུང་ཟད་ཡག་ཏུ་སོང་བས། ར་སེལ་གྱིས་ཉི་འོད་སེར་པོ་ཞིག་གི་ཀློང་ན་ལྷིང་འཇགས་སུ་སྣང་བའི་རང་གི་སྒོམ་ཁང་གྲུ་བཞི་དེའི་ཕྱི་རོལ་གྱི་ལྗོན་པ་ཞིག་གི་ཡལ་འདབ་ཀྱི་འོག་ཏུ་རྒྱང་རིང་གི་རི་གྲོང་དང་རི་ཚོགས་ལ་ཅེར་བཞིན་བསམ་བློ་གང་ཞིག་འཁོར་བཞིན་པ་དང་འདྲ་ལ། གཡུ་སྒྲོན་ཡང་ཁོའི་འཁྲིས་སུ་ཙོག་སྟེ་དེ་རིང་སྔ་དྲོར་བསླབས་ཟིན་པའི་དབྱིན་ཡིག་གི་མིང་ཚིག་སྐོར་ཞིག་གི་སྒྲ་གདངས་སྐྱོར་བཞིན་འདུག ལོ་ཟླ་འདི་ཚོའི་རིང་ལ་གཡུ་སྒྲོན་གྱིས་བརྩོན་པ་ཆེན་པོས་ར་སེལ་གྱི་མདུན་ནས་དབྱིན་ཡིག་སློབ་སྦྱོང་བྱས་པས། དེང་སྐབས་མོས་བཟའ་བཏུང་དང་འགྲོ་འདུག་སོགས་ཀྱི་སྐོར་ལ་དབྱིན་སྐད་བཤད་རྒྱུར་དཀའ་ངལ་མེད་པའི་སྟེང་དུ། ཆེས་སྟབས་བདེ་བའི་དབྱིན་ཡིག་གི་འཕྲིན་ཡིག་ཐུང་ཐུང་རེ་འབྲི་རྒྱུར་ཡང་དེ་ཙམ་དཀའ་ངལ་མི་འདུག
དེ་བཞིན་ར་སེལ་གྱི་བོད་ཡིག་གི་ཤེས་ཚད་དེ་ཡང་ཡར་རྒྱས་སུ་ཕྱིན་ནས་བོད་ཡིག་གི་གསར་ཤོག་ཐོག་མའི་གྲས་རྡོ་རྗེ་གླིང་རང་དུ་པར་སྐྲུན་བྱེད་པའི་”གསར་འགྱུར་མེ་ལོང་”ཞེས་པའི་ཚགས་པར་རྙིང་པ་དེ་རིགས་ཀློག་རྒྱུར་གོམས་བསྡད་ཡོད་ཅིང་། སྐབས་རེར་ཉེ་འཁོར་གྱི་གྲོང་གསེབ་པའི་བྱིས་པ་སྐོར་ཞིག་ལ་རང་གི་ཤེས་ཚད་ཀྱིས་བོད་ཡིག་འབྲི་ཀློག་རེ་ཡང་སློབ་བཞིན་ཡོད་པས། རི་གྲོང་འདིའི་མི་རྣམས་ཀྱི་མིག་ལམ་དུ་ར་སེལ་ནི་ཕྱི་གླིང་བ་རི་འཛེག་མཁན་ཉི་མ་འགའ་རེར་སྣང་བ་གང་སྐྱིད་ཅིག་བྱས་རྗེས་ལམ་སེང་ཡལ་འགྲོ་བ་དེ་ཚོ་དང་མི་འདྲ་པར་མི་ཕན་ཐོགས་ཡོད་པ་ཞིག་ཏུ་མཐོང་བཞིན་ཡོད།
ད་དུང་ཆེས་དགའ་འོས་པ་ཞིག་ནི་བོད་ནས་རྒྱ་གར་ལ་ཡུལ་གྱར་དུ་ཕེབས་པའི་བོད་ཀྱི་ཆོས་ལུགས་རིས་མེད་ཀྱི་བླ་མ་དང་མཁན་པོ་ནང་ཆོས་ལ་མཁས་པ་དེ་འདྲ་དུས་རྒྱུན་དུ་རི་གྲོང་འདི་བརྒྱུད་ནས་ས་ཆ་གཞན་དུ་ཕེབ་བཞིན་ཡོད་པས། ར་སེལ་གྱིས་གོ་སྐབས་དེ་བཟུང་ནས་བླ་མ་དེ་དག་གི་དྲུང་ནས་མདོ་སྔགས་ཀྱི་གསུང་ཆོས་གང་མང་ཞིག་ཞུ་བྱུང་པ་བྱུང་བས། རི་གྲོང་འདི་དང་ར་སེལ་གྱི་བར་དུ་མི་མངོན་པའི་བརྩེ་དུང་ཟབ་མོ་ཞིག་ཆགས་ནས་ཡུན་རིང་འགོར་ཞིང་། བརྩེ་དུང་དེའི་གྲུབ་ཆ་གལ་ཆེན་གཞན་ཞིག་ནི་གཡུ་སྒྲོན་དང་གཡུ་སྒྲོན་གྱི་ནང་མི་དག་ཡིན་པ་བཤད་མི་དགོས་པ་ཞིག་རེད།
* ཀླད་ཀྱི་པར་དེའི་པར་པ་ཀླུ་སྨྱོན་ཡིན།
ཡུན་རིང་གི་རྗེ་སུ་ཀློག་ན་འདོད་པའི་ཟིན་བྲིས་ཤིག་ཐོན་སོང་། ཐུགས་རྗེ་ཆེ།
དོལ་སྨྱོན་འདི་མགྱོགས་ཀི་ཡ།
མགྱོགས་ད་འགྱོགས།
ཉིན་མང་པོ་ཞིག་སྒུག་སྒུག་པའི་འབྲས་བུ་ཡིན་ནོ་རེད།
མུ་འགོད་ཡིན་རྒྱུ་རེད་པ་ མུ་འཐུད་ནས་ཀླུ་སྨྱོན་ལགས
ཀླུ་སྙོན་འདི་རྟོགས་སྒྲུང་བྲིས་རྒྱུར་གོམས་སོང་བས། ཡང་ཀློག་མི་ཚར་བའི་སྒྲུང་རིང་ཞིག།
ཟིན་བྲིས་ཞེས་པའི་ཐ་སྙད་ཅིག་སྦྱོར་ན་འདི་ཚོ་ལ་འོས་ཤིང་འཚམ་པ་རེད། དེ་མིན་སྙན་ངག་ཐན་ཐུན་དང་སྲིད་དོན་རྫ་ནེ་རྫུན་ནེ་སོགས་ལ་སྙིང་བོ་ཅི།དངོས་གནས་རྟོག་བཟོ་ཡི་ཀློང་ནས་སེམས་ཁམས་སུ་ཚོར་འདུ་ཡིས་མངར་སྐྱུར་བྱུགས་འདུག སྔགས་འཆང་རིས་མེད་ཚང་ལགས། རྩོམ་ཡིག་ཕྱོགས་ནས་ང་ཁྱེད་ལ་དད་པ་ཡོད། ལྟ་བའི་ཆ་ནས་ངས་ཁྱེད་ལ་ངོ་རྒོལ་བྱ་ངེས་ཡིན། ཀུ་རེ་ཡག་པོ་འདུག་ཅེས་བསམ་བློས་སྐུལ་ལྕགས་ཙམ་ཡིན།
ཨོ་བཤད་རྒྱུ་ཞིག་བརྗེད་འདུག རིང་དྲགས་པས་ཀློག་རིན་ལ་སྒོར་མོ་ཨ་སྒོར་ཡིན་ན་བདུན་དགོས། ངས་དུས་ཚོད་ཀྱི་ཐད་ནས་བཤད་ཡིན།
ཀློག་རིན་ལ་ཨ་སྒོར་བདུན་དཔེ་ཁེ་པོ་རེད་ད། ཨ་རི་བོང་བུ་འཐོན་གྲབས་ཡོད་པས་ཨ་སྒོར་གྱི་ཛ་ཉིན་རེ་བཞིན་མར་འགྲོ་མ་རེད་པས།
ཨོ་ངོ་མ་ཅན་གི་ཅིག་སྙན་གི སྤྲུལ་སྐུ་ཀླུ་སྨྱོན་སང་གི་ངག་གི་རྒྱུ་རྩལ་འདི་ངོ་མ་སྤྱིར་བཏང་ཞིག་མ་རེད།
ཀླུ་སྨྱོན་ལེགས།
སྒྲུང་སྙན་ནོ། ང་ལ་བོད་སྐད་ལྷ་མོ་དབྱངས་ཅན་མ་ལ་ཞབས་ཏོག་ཞུ་དགོས་ཡོད།
དེས་མ་འདང་པར་གཡུ་སྒྲོན་དང་སྐད་ཆ་མང་པོ་ཞིག་བཤད་མ་ཐུབ་ཀྱང་། ཞེས་པའི་འདང་དང་། སྤྱོད་འཇུག་ཏུ།
དེ་སྙེད་ཀོ་བས་ག་ལ་ལང་། ཞེས་པ་གཉིས་ལ་འབྲེལ་པ་འདྲ་འདུག་གམ་མི་འདུག ལང་ ཞེས་དང་། འདང་། ཞེས་ཇི་ལྟར་འབྱུང་བ་ལ། དག་ཡིག་ཟ་མ་ཏོག་དང་། ངག་གི་སྒྲོན་མ་གང་རུང་གྲོགས་སུ་བསྟེན་དགོས་སམམི་དགོས། ཁྱེད་ལ་རག་ལས། ཁྱེད་ལ་གྲུབ་འབྲས་བྱུང་བ་དེ། རྒྱུན་དུ་བཀོལ་ན། ཁྱེད་ཡི་གེ་པ་ཆེན་པོ་ཡིན་པས། བོད་ཀྱི་ལྷ་མོ་དབྱངས་ཅན་མ་ཐུགས་དགྱེས་པར་འགྱུར་རོ།།
རྒན་ལ་དྭགས་པས་འདིར་གཟིགས་ཙམ་གནང་བར་ཐུགས་རྗེ་ཆེ་ཞུ། ཁོ་བོས་འདང་དང་ལྡང་གཉིས་རེས་མོས་སུ་འབྲི་བཞིན་ཡོད། ཁོ་བོའི་རྩོམ་ཡིག་དང་དེང་སང་ཁ་སྐད་དང་ཐག་ཉེ་རུ་སོང་དང་འགྲོ་བཞིན་ཡོད་པས་དག་ཡིག་རྙིང་པ་དག་དགོངས་པ་འགལ་ན་ཡང་ཐབས་ཤེས་ཞེ་དྲགས་མི་འདུག
རྩོམ་ཡིག་དག་
ཀླུ་སྨྱོན་ཁོང་གིས་གསུངས་པ་དངོས་བདེན་རེད།་་་དེ་སྔོན་ཁོང་རྒྱ་གར་དུ་དགེ་འདུན་པ་དཀྱུས་མ་བཞུགས་སྐབས་དང་། དེང་རབས་ཀྱི་སྤྱི་ཚོགས་མ་མཐོང་གོང་གི་ཁོང་ཉིད་ཀྱིས་བྲིས་པའི་རྩོམ་ཡིག་རྣམས་ནི་ཤིན་ཏུ་གོ་དཀའ། མི་མང་པོས་གང་ཡང་གོ་རྒྱུ་མི་འདུག་ཅེས་གསུང་མཁན་མང་པོ་བྱུང་ཡོད། འོན་ཀྱང་།་དེང་སང་ཁོང་ཉིད་བླ་མ་ཞིག་གི་ཁྲིར་ཕེབས་པ་དང་། ཡར་ཐོན་ཅན་གྱི་རྒྱལ་ཁབ་ཨ་རིར་འབྱོར་ཟིན་རྗེས། ཕྱོགས་མང་པོར་འགྱུར་བ་ཕྱིན་པ་ཨ་ཅང་། ཁོང་ཉིད་ཀྱི་རྩོམ་གཤིས་ཀྱང་དེང་རབས་དམངས་ཀྱི་ཁམས་མོས་དང་མཐུན་པར་འགྱུར་བ་ཕྱིན་པ་ནི་། ངེད་ཅག་ཀློག་པ་པོ་རྣམས་ཀྱི་བསོད་ནམས་ཀྱི་བགོ་སྐལ་ཞིག་ཅི་ནས་མ་ཡིན། དེས་ནས་ཁྱེད་ཀྱིས་མུ་མཐུད་དེ་བྲིས་ཤིག་ ངེད་ཅག་གིས་ཀློག་ངེས་ཡིན། ཁྱེད་ནི་དྲ་ཐོག་གི་ཚད་འཛིན་འོས་པའི་རྩོམ་པ་པོ་ཙམ་མིན་ཅིང་། དེང་རབས་གངས་ཅན་ལྗོངས་ཀྱི་རྩོམ་པ་པོ་རབ་ཅིག་ཏུ་ངོས་འཛིན་ཞུ་ཆོག་པ་འདུག ཐུགས་རྗེ་ཆེ།
བྱ་ཁྲ་ལགས་ཀྱི་བསྟོད་པ་དེ་ཐལ་དྲགས་སོང་། གུས་པ་ནི་རྩོམ་རིག་གི་ལས་དང་པོ་བ་ཞིག་ཡིན། སེམས་པ་འདི་དགའ་སྐྱོ་ཆགས་སྡང་གིས་གཟིར་དུས་སུ་ཅིག་འབྲི་ཁུལ་རེ་བྱེད་བཞིན་ཡོད་ཀྱང་ད་བར་རང་གི་འདོད་པ་ཁེངས་པའི་རྩོམ་ཡིག་ཅིག་མ་འཁྱོངས་པར་བསྡད་ཡོད། ཡིན་ཡང་ཇི་སྲིད་སྲོག་གི་རྒྱུ་བ་འདི་མ་ཆད་བར་དུ་ཅིག་འབྲི་གི་ཡིན།
ཨ་ལགས་ཚང་། ངོ་མ་ངོ་སོ་ཅིག་བསྟོད། འགོ་གཅིག་བཙུག་ན་མཚམས་འཇོག་ཐུབ་ཀྱི་མི་འདུག རིང་མི་འདུག་ཧ་ཅང་ཐུང་དྲགས་འདུག
ཨ་རོ༎། འདི་ལ་གཡུ་སྒྲོན་གྱི་པར་ཞིག་འགོད་རོགས་བགྱིད། སྔོན་མ་གྲོགས་མོ་གཡུ་སྒྲོན་ཟེར་བ་ཞིག་ཡོད་པས། དེ་ཡང་དྲན་པར་ཐལ།
ཁྱེད་ཉིད་ཤིན་དུ་མཚར་འགྱུར་ཀྱང་།
གཞན་ལ་སྨྲ་བ་ཚིག་གཅིག་མེད།
ཁྱེད་ཉིད་བྱད་མ་ལེགས་འགྱུར་ཀྱང་།
ཕོ་གསར་མཐོང་ན་སྐོར་ནས་འགྲོ།
བུ་མོ་གཡུ་སྒྲོན་གང་ན་ཡོད།
སྙིང་སྡུག་གཡུ་སྒྲོན་ག་རེ་དགོངས།
ནམ་མཁའི་སྐར་མ་དགོས་ཀྱང་ཆོག
ས་ཡི་སྒོར་མོ་དགོས་ཀྱང་ཆོག
དོན་མེད་ཨ་ཁུ་ཀླུ་སྨྱོན་ལ།
ངེད་གཉིས་སྙིང་གཏམ་མ་ཤོར་བགྱིད།
ཨ་ལགས་ཚང་གི་རྩོམ་ཡིག་འདི་ངོ་མས་སྙན་མོ་ཞེ་དྲག་བྱུང་མོད་ཅུང་རིང་དྲག་འདུག་་་་་་་རྗེས་མ་འདི་འདྲའི་རྩོམ་ཡིག་རིགས་དག་་་་་ས་བཅད་རེ་བྱས་ཏེ་རིང་ཐུང་བདེ་མོར་གནང་ན་ཀློག་མཁན་ཇེ་མང་དུ་འགྲོ་བའི་ཕན་གྱིན་རེད་བསམ་མསམ་བྱུང་།
རྒན་ལ་དྭགས་པས་ད་བར་དུ་ཡི་གེའི་དག་ཆར་ཞིབ་གཟིགས་གནང་བར་སྙིང་ནས་གུས་བཀུར་ཞུའོ།
རྫུ་ཆབ་བསིལ་མ་བཞིན་ཆད་པ་མེད་པའི་ཉིད་ཀྱི་ཕྱག་རྩོམ་སྣ་ཚོགས་ཀྱིས་ཁ་བརྡ་ཚང་གི་ཟོག་རྫི་ལུག་རྫི་མང་པོ་ཞིག་གི་སྐོམ་གདུང་སེལ་གྱིན་ཡོད། ནམ་ཡང་སྙུ་གུ་དང་མཛའ་བར་འཐམས་པ་ལ་ཡི་རང་ཞུ།
ཉིད་ཀྱིས་རང་གི་ཚབ་མཚོན་བརྩམས་སྒྲུང་ཞིག་བདག་ཅག་གི་སྒྲུང་རྩོམ་བསྡུས་དེབ་ནང་ལ་སྐུར་རོགས་རྒྱུར་རེ་སྐུལ་ཐེངས་གཉིས་པ་ཞུ་གིན་ཡོད།
ཨ་ཡ་ཡ། སྒྲུང་རིང་དྲག་ནས་ལྟ་ཚར་མ་སོང་། ད་ཡང་ལས་ཀར་འགྲོ་རན་སོང་། ཨ་ཤི་རེ་ཁོ། ང་ལ་དུས་ཚོད་རེ་ཡོད་ན། སྒྲུང་འདི་ཚང་མ་ལ་ལྟ་བྱུང་། བདེ་མོ་དྲ་ལྟ་ཚོ།
དེ་རིང་གི་གཟའ་ཉི་མའི་དུས་ཚོད་དང་བསྟུན་ནས་སྒྲུང་རྩོམ་འདིའི་འགོ་ནས་མཇུག་པར་ཆད་ལྷག་མེད་པར་ཞིབ་བལྟས་བྱས་པ་ཡིན། ཡུན་རིང་ཞིག་ལ་མྱོང་མ་ཐུབ་པའི་ཚོར་བ་ཟབ་མོ་ཞིག་སྟེར་སོང་ཐུགས་རྗེ་ཆེ།
དེའི་ཕྱིར་དེ་རིང་ང་མཚོན་ན་དོན་ལྡན་ཞིག་ཏུ་བརྩི་ཆོག་གི་འདུག རྗེས་སུ་འཕྲོ་མུ་འགོད་གནང་རོགས།
རྩོམ་འདི་འདྲ་འཇོན་ན་ཀློག་ན་འདོད་གི་ཡ།
བསྟོད་བསྔགས་མདུན་དུ་སྤོབས་སེམསཏི་འབྲུ་ཙམ་མེད་པའི་སླུ་སྨྱོན་ལགས་ནས་
དམངས་ཁྲོད་རྩོམ་བཀོད་པ་འདི་ཚིག་གི་སྦྱོར་བ་སྙན་ཞིང་བརྗོད་པ་བདེ་ལ་གོ་སླ་བའི་ཁྱད་ཆོས་ཆེན་པོ་ལྡན་འདུག་པས་རྩོམ་རིག་ལ་དགའ་ཞེན་ཆེ་བའིགཞོན་སྐྱེས་ཚོའི་རྩོམ་དཔེ་ཡག་པོ་ཞིག་ཏུ་འགྱུར་ངེས་སུ་
བསྟོད་བསྔགས་མདུན་དུ་སྤོབས་སེམས་ཏིལ་འབྲུ་ཙམ་མེད་པའི་སླུ་སྨྱོན་ལགས་ནས་དམངས་ཁྲོད་རྩོམ་བཀོད་པ་འདི་དག་ལ་ཚིག་གི་སྦྱོར་བ་སྙན་ཞིང་བརྗོད་པ་བདེ་ལ་གོ་སླ་བའི་ཁྱད་ཆོས་ཆེན་པོ་ལྡན་འདུག་པས་རྩོམ་རིག་ལ་དགའ་ཞན་ཆེ་བའི་གཞོན་སྐྱེས་ཚོའི་རྩོམ་དཔེ་ཡག་པོ་ཞིག་ཏུ་འགྱུར་ངེས་སུ་
ཨ་རོ་ཀླུ་སྨྱོན་ཡ། དེའི་མིང་ལ་ཅི་ཟེར་ཨོ་རེད་ཡ་ར་སེལ་ཡིན་ན་དེ་བརྒྱལ་ནས་དྲན་པ་འཐོར་དུས་ངའི་བསམ་པར་གཡུ་སྒྲོན་ངུས་བསྡད་ལོས་ཡོད་འདོད་ཡོད། དེ་ནས་ཡང་སྐྱར་དྲན་སོས་དུས་མོ་དགའ་ཚོད་མ་ཐུག་ནས་མཆོང་ཐེངས་གཅིག་གིས་རྒད་པོའི་སྐེ་ལ་འཐམ་ལོས་འགྲོ་འདོད་ཐལ། ཞི་མོ་གཡུ་སྒྲོན་དེ་རྒད་པོར་བརྩེ་བ་ཞེ་དྲག་མེད་ཀི་པ། ཕྱི་རྒྱལ་ལ་འགྲོ་རྒྱུ་ཁོ་ནའི་ཆེད་རྒད་པོར་མགོ་སྐོར་གཏོང་བ་མ་རེད་ད། ས་མཚམས་ཀི་ཞི་མོ་འདི་ཚོར་རློམ་རྒྱུ་ཞེ་དྲག་མེད་ཡ།
ཨ་བླ་ཀླུ་སྨྱོན་ལེགས།
འདི་དང་འདི་འབྱུང་ཞེས་གལ་ཆེ་སར། སྤྱི་ལོ་དང་། ཚེས་གྲངས་རེ་་འབྲི་ཐུབ་ན་ལེགས་པར་མངོན་ནོ།།
བྲིས་པ་ཤིན་ཏུ་ལེགས། ངོ་ནས་སྒྲུང་རྩོམ་ཡག་པོ་ཞིག་ཡིན་པར་འདོད། ཅུང་ཟད་མིན་ན་དབུགས་ཆད་གྲབ་བྱས་སོང་། གང་ཡིན་ཟེར་ན་སྙན་དྲག་ནས་འཚམས་འཇོག་མ་ནུས། རིང་དྲག་ནས་དབུགས་ཐག་གི་མ་ལྡང་པར། ཅུང་མིན་ན་ཁྱོད་ཀྱིས་མི་ཞིག་གི་སྡིག་པ་བསགས་སོང་། དེ་དང་ཆབ་ཅིག་ཏུ་བསམ་ཚུལ་ཞིག་ཀྱང་འདོན་འདོད། དེ་ནི་བོད་རང་གི་ཡུལ་གྱར་བ་འབུམ་ཕྲག་མང་པོ་ཞིག་ཡོད་པ་བརྗོད་གཞིར་མ་བཟུང་པར། མགོ་སེར་ཡུལ་གྱུར་བ་གཅིག་ཙམ་བརྗོད་གཞིར་བཟུང་པ་དེ་ག་རེ་ཡིན་ནམ། སྔོན་ཆད་སྨན་བླ་སྐྱབས་ནས་གད་མོའི་ཞོར་ལ་གཏན་ཚིག་ཅིག་གསུངས་ཡོད་པ་དྲན་ག ༼རང་གི་ཞི་ངན་མ་ཚོ་རང་གིས་བླངས།། རང་ཁ་ཨ་ཁ་མ་བོ་གསོ་ཁ་བྱེད༽ འདི་ནི་སྤྱི་ཡོངས་ལ་བཤད་པའི་གཏན་ཚིག་ཞིག་རེད་སྙམ། ཆོས་ལུགས་བསམ་བློ་ར་བ་ལས་འགོང་ནས་གཞན་ལུགས་ཕྱོགས་ལ་རྒྱུགས་ཆེས། མི་རིགས་བསམ་བློ་ཡང་མི་རིགས་རང་གི་ར་བ་ལས་འགོངས་ནས་ཕྱི་ལ་ཕྱོགས་པ་ཆེས་དྲག་པ་མིན་ནམ།
ཨ་བླ་ཀླུ་སྨྱོན་ལེགས།
ཁྱེད་ཀྱི་ཐབས་མཁས་ཀྱི་མཛད་པར་རྗེས་ཡི་རང་། བོད་ཀྱི་སྐྱེ་བོ་འགའ་ཞིག་ཁྱོག་ལམ་ན་འགྲོ་བ་དག་རྒྱ་ལམ་དུ་འདྲེན་དགོས་ཏེ། ལྡང་བ་ཞེས་པ་རིག་གཞུང་ནས་གསལ་བ་དོར་ཏེ། ཡི་གེ་དག་ཆ་མ་ཤེས་པ་ཞིག་གིས་འདང་བ་ཞེས་བྲིས་པ་བདེན་པར་བཟུང་བ་ནི། ས་སྐྱ་ལེགས་བཤད་ལས།
ཡན་ལག་བརྒྱད་ལྡན་ཆུ་འགྲམ་དུ།
བ་ཚྭའི་ཁྲོན་པ་རྐོ་བ་ཡིན།། ལེ་༩ ཚིགས་ ༡
འདི་ལ་བདག་གིས་༡༩༩༤ཙམ་ལ་བྲིས་པ། དཧ་ས་ལྗང་གཞོན་དུ། ༡༩༩༧ འདོན་ཐེངས་ ༩ ཤོག་གྲངས་༢༨ཤོག་ལྡེབས་གཅིག་ཙམ་བྲིས་ཀྱང་ཕན་ཐོགས་མི་འདུག་ཀྱང་། བདག་རང་ལ་ཆོས་སྦྱིན་བྱེད་པའི་ཕན་ཡོན་བྱུང་དང་འབྱུང་བཞིན་པས། བྱ་བ་འདི་ལ་ངལ་བ་ཐང་ཆད་མེད། འདང་བ། ཞེས་པ་བྱ་ཚིག་ཡིན་པར་བདེན་པ་པོའི་ལེའུ་༩ པའི་ ཚིགས་ ༣༧ པའི་འོག་ནས་ ཚིགས་ ༤༠ བར་དུ་ཅིས་ཀྱང་གཟིགས་པར་འཚལ།
དབུགས་ཐབས་གཅིག་གིས་བཀླགས་པ་ཡིན། ཅུང་མིན་ན་དབུགས་ཀྱང་ཆད་ཐལ། ཨ་ཨ་་་
ལ་དྭགས་པ་འཇམ་དཔལ་ཟེར་བ་འདི་ཅུང་རྩ་མ་ཚང་བ་ཞིག་ཡིན་ནི་མ་ར། ཆུ་བཅུ་སར་སྟ་རེ་འཁྱེར་ཡོང་གི་འདུག
ལྷ་མོ་སྐྱབས་ལགས། ངའི་སྒྲུང་རྩོམ་འདི་ཁྱེད་ཅག་གི་སྒྲུང་རྩོམ་བསྡུས་དེབ་ནང་འགོད་ཆོག་པའི་ཁེ་དབང་ཕུལ་བ་ཡིན་ལགས།
བསྟན་འཛིན་ཤེས་རབ་ལེགས།
སྤྱོད་འཇུག་ལེའུ་༨པའི་ཚིགས་བཅད་༢༡པ་ན།
བདག་ལ་སྨོད་པ་གཞན་ཡོད་ན།
བསྟོད་པས་བདག་དགར་ཅི་ཞིག་ཡོད།
བདག་ལ་བསྟོད་པ་གཞན་ཡོད་ན།
སྨད་པས་མི་དགར་ཅི་ཞིག་ཡོད།།
ལ་དྭགས་པ་བློ་འཇམ་ལགས་ཀྱི་ཉམས་ལེན་ལ་མངོན་པར་བསྟོད་དོ། །ཁ་ཞེ་གཉིས་མེད་ཅིག་ཡིན་པའི་སྨོན་ལམ།
ཀླུ་སྨྱོན་ལགས། ངས་སྔོན་ཆད་སྒྲུང་རྩོམ་ཁ་ཤས་མཐོང་ཡང་ཁྱོད་ཀྱི་སྒྲུང་འདི་ལྟ་བུའི་བྲོ་བ་ལྔ་ལྡན་ནུས་པ་གསུམ་ལྡན་ཞིག་མཐོང་མ་སོང།
མི་རེའི་སེམས་ན་སྒྲུང་གཏམ་རིང་མོ་རེ།།
སྒྲུང་གཏམ་རེ་རེར་ཁུག་སོ་རིང་མོ་རེ།།
ཁུག་སོ་རེ་རེར་གསང་བའི་གཏམ་རྒྱུད་རེ།།
དེ་ནི་དེ་རིང་གང་དུ་བཞུད་སོང་ཀྱེ།།