ཡུལ་གྱར་བ།
བསེ་རུས།
—–
ཆེས་ཐོག་མའི་སྐད་སྒྲ་དེ་ངུ་སྐད་རེད།
ཆེས་མཐའ་མའི་སྐད་སྒྲ་དེ་ཡང་ངུ་སྐད་རེད།
ཨོ། མི་འདི་དག་འཇིག་རྟེན་འདིར་ངུ་སྐད་དང་ལྷན་དུ་ཡོང༌།
འཇིག་རྟེན་འདི་ནས་ངུ་སྐད་དང་ལྷན་དུ་བྲལ།
ཀྱེ་མ་ཀྱེ་ཧུད།
མི་རིགས་འདི་ཡང་ད་གཟོད་ངུ་སྐད་དང་ལྷན་དུ།
བཟོད་དཀའ་བའི་སྐྱོ་གར་སྣ་ཚོགས་འཁྲབ་བཞིན།
གོ་ལའི་ཁྱོན་འདི་ནས་བྲལ་བར་ཉེ།
ལོ་རྒྱུས་ཀྱི་རྡོ་བརྐོས་རི་མོ།
དུས་འགྱུར་གྱི་ཐོ་བས་བཅོམ།
བདེན་དོན་གྱི་རྣམ་གཞག་རྒྱང་རིང་དུ་དོར་དུས།
ལར་གཞེན་ཆེ་བའི་བྱིས་པས་ངུ་སྐད་འདོན།
མི་རིགས་ཀྱི་བདེན་དོན་ཞིག་སྒྲུབ་པར༌།
མི་རིགས་བར་འགལ་ཟླའི་ལྟ་ཚུལ་མང༌།
མི་རིགས་འདིར་མདུན་ལམ་འོད་སྟོང་ལྡན་ཟེར།
རང་དོན་གྱི་རྐང་ལམ་འདེད།
མཐུན་སྒྲིལ་གི་ཟུངས་ཁྲག་དྲོན་མོ།
སྙིགས་དུས་མུན་ནག་གི་སྒྲོན་མེ་རེད་ཟེར།
ནང་དམེའི་དུག་ཆུ་འཐུང་དུས།
ཐམས་ཅད་ནམ་ལངས་པའི་བདེ་སྣང་ལྡན།
བསྒྲུབ་དགོས་པ་མང་ཡང་སྒྲུབ་མཁན་ཉུང་རྐྱེན།
འདི་ལྟར་གཅིག་གི་གཅིག་ལ་ལྟ་བཞིན།
ཕྱི་བཤོལ་དགོས་པའི་ཟུར་མདའ་རེ་འཕེན་སྐབས།
ང་རང་ཡང་ངུ་སྐད་ཤོར།
ངོ་མ་ཡོད་ཚད་གོ་ལྡོག་པ་ཡིན་ནམ།
གོ་ལྡོག་པའི་འཇིག་རྟེན་ན།
གོ་ལྡོག་པའི་གནས་ལུགས་མང༌།
རང་ཉིད་གོ་ལྡོག་པའི་ལམ་དུ་བཞུད་འདོད་དམ།
ཕ་མེས་ཀྱི་ཤུལ་ལམ་ན།
ཟུངས་ཁྲག་གི་རྐང་རྗེས་གསལ།
དུར་ས་མང་བའི་ཕ་ཡུལ་དུ།
རྣམ་ཤེས་དང་རེ་ལྟོས་འབུམ་ཕྲག་ལྷན་དུ་འཐབ།
ཡུལ་གྱར་བ།
དོན་ལྔ་སྣོད་དྲུག་དཀར་གཙང་ངང༌།
གཤིན་ཁ་ལས་མ་ཐར་བའི་ཚེ་སྲོག་དང༌།
དུར་ས་ན་འཁྱམ་པའི་རྣམ་ཤེས་འབུམ་ཕྲག་གི་སླད།
མི་ཚེའི་རིན་ཐང༌།
ཚེ་སྲོག་གི་ལེགས་སྐྱེས་ཤིག
ཅིས་ནས་ཀྱང་་་་
ངོ་མ་མི་རིགས་འདི་ད་གཟོད་་་་་་་་་
སྙན་ངག་འབྲི་མི་ཤེས།
བསེ་རུ།
རྩོམ་པ་དབྱངས་ཅན་ངག་གི་འགྱུར་ཁུག་ཅན།།
སྙན་འཇེབས་བུ་མོའི་མགྲིན་དབྱངས་ཅི་ལས་ལྷག།
ཚིག་དོན་དགའ་མའི་དོ་ཟླར་སུ་ཞིག་འོས།།
བུ་ཆུང་ཁོ་བོས་སྙན་ངག་འབྲི་མི་ཤེས།།
ཚིག་རྒྱན་འབྱམས་ཀླས་རྒྱ་མཚོར་རིངས་ནས་བགྲོད།།
མངོན་བརྗོད་ཕུ་ཐག་རིང་བའི་ཤུལ་ལམ་བསྙེགས།།
བརྡ་རྙིང་དབེན་པའི་རི་ཁྲོད་འགྲིམ་ཞིང་མྱུལ།།
གོ་དཀའ་དོན་ཟབ་སྙན་ངག་འབྲི་མི་ཤེས།།
འཆར་ཡན་ཅིག་གིས་ཡོད་ཚད་མཚོན་པར་སྨྲ།།
སྟོང་འཆར་ཞིག་གི་རིན་ཐང་འཇལ་དུ་མེད།།
གསར་རྙིང་བརྗེ་བའི་དར་ལྕེ་བསྐྱོད་པའི་སྒྲ།།
གོ་ཚུལ་མང་བའི་སྙན་ངག་འབྲི་མི་ཤེས།།
མྱོང་ཚོར་སྟོང་བའི་བསམ་གཞིགས་ལན་ཅིག་གིས།།
འཇིག་རྟེན་སྣོད་བཅུད་ཞིང་ཁམས་མྱུལ་བའི་གཏམ།།
ས་གཞི་གཡོ་བའི་རྒྱན་དུ་བྱ་འདོད་པའི།།
འུད་བརྗོད་འབུམ་གྱི་སྙན་ངག་འབྲི་མི་ཤེས།།
དྲང་བདེན་ཀ་བ་སྒྱུ་འཕྲུལ་ཐབས་ཀྱིས་བཀུག།
དཀར་ནག་གཉིས་ཀྱི་དབྱེ་ངོ་གཅིག་ཏུ་བསྲེས།།
ལྕམ་དང་གདུང་མའི་མགོ་བོ་ཐུར་དུ་འཕྱང༌།།
ཁང་ཁྱིམ་སྦུག་པའི་སྙན་ངག་འབྲི་མི་ཤེས།།
མི་རིགས་ལ་རྒྱའི་འཁུར་པོ་ཁ་ཡིས་འཁུར།།
ལྷག་བསམ་གངས་རིའི་ཟླ་བ་ཆུ་ནང་འཆར།།
ལོ་རྒྱུས་རྨ་ཁར་རྡོག་རྫིས་ལན་ཅིག་བཏང༌།།
རང་རིགས་སྐྱོབས་འདོད་སྙན་ངག་འབྲི་མི་ཤེས།།
ཚིག་མཚོན་རྣོན་པོས་གཞན་སྙིང་དུམ་བུར་བཏང༌།།
སྤྱི་ཚོགས་ཕན་བདེའི་བྱ་གཞག་རླུང་ལ་བསྐུར།།
ང་ཆེ་ང་བཙན་ང་རྒྱལ་ཞྭ་མོ་གྱོན།།
རང་ཉིད་རྒྱལ་བའི་སྙན་ངག་འབྲི་མི་ཤེས།།
མཛུབ་མོ་ཕྱི་སྟོན་སེམས་པ་ནང་དུ་ཕྱོགས།།
འཁྱོག་པོ་སྦྲུལ་གྱི་རྗེས་འགྲོ་གཤིས་ངན་ཅན།།
མ་རིག་ལིང་ཏོག་གིས་བསྒྲིབས་ལོང་བའི་ཁྱུ།།
སུ་མགྱོགས་ལྟ་བའི་སྙན་ངག་འབྲི་མི་ཤེས།།
སེམས་ཀྱི་བུ་མོ་འཇིག་རྟེན་ལྟད་མོར་སོང༌།།
སྣ་ཚོགས་འཚོ་བའི་བག་མར་ལན་མང་འཁྱུད།།
སྙིང་གཏམ་དམར་པོ་དལ་འགྲོའི་སྒེག་ཉམས་བཞིན།།
རིངས་པར་བཞུར་བའི་སྙན་ངག་འབྲི་མི་ཤེས།།
གང་དང་ཅི་ཡང་མི་ནུས་སྤྲང་པོ་ངས།།
སྟོང་འདང་གངས་རིའི་ཟླ་བ་བསམ་བཞིན་དུ།།
གློག་ཀླད་འཕྲུལ་གྱི་བ་གམ་གྲུ་བཞིའི་ནང༌།།
སོར་རྩེ་བཅུ་ཡིས་བྲོ་གར་འདི་ལྟར་འཁྲབ།།