ཁང་སྨིན་གྲོལ་རྒྱ་མཚོ།
རྣམ་དཀར་ཕྲེང་བའི་རྐང་ལམ་བརྒྱུད་ནས།།
ངུ་སྐད་ཐོག་མ་བྲག་ཆར་འདེབས་དུས།།
ལྟེ་ཁྲག་དམར་པོ་འཕྱུར་ཐེངས་ཤིག་གིས།།
ཨ་མའི་གདོང་ན་འཛུམ་རིས་བརྐོས་སོང༌།།
ལོ་བརྒྱད་བྱིས་པའི་ན་ཚོད་སྟེང་ནས།།
ཀ་ཁའི་དབྱངས་རྟ་སྐྱོར་བར་ཆས་རུང༌།།
རྣམ་གཡེང་མཛའ་མོའི་བསླུ་བྲིད་འཇམ་པོས།།
མུན་པའི་དོང་དུ་ཤར་མར་འཕངས་བྱུང༌།།
དྲིན་ཅན་མ་ལོའི་བརྩེ་ཞེན་དྲོད་མོས།།
ཆུང་ནས་དབེན་པའི་རི་ལ་བཏང་ཡང༌།།
གཟན་ཤམ་དམར་པོའི་ཕྱི་རྟགས་ཙམ་ལས།།
སེམས་ཁམས་སྟོང་བའི་ཚུལ་འདིས་སྐྱོ་བ།།
བཅུ་དྲུག་ལང་ཚོའི་ནམ་ཟླ་ཞིག་ལ།།
ཡིད་དབང་ནུབ་མཐའི་ཉི་མར་ཕྱོགས་པས།།
ལར་ཞེན་དྭངས་མའི་གོམ་ཁ་བྲེལ་མོ།།
ཧི་མ་ལ་ཡི་རི་ལ་ཤོར་སོང༌།།
གངས་རླུང་འཚུབ་མའི་རྦ་རླབས་ཁྲོད་ནས།།
ཡུལ་གྱར་སྤུན་ཟླའི་རྐང་རྗེས་འཚོལ་དུས།།
བརྩེ་མེད་གྲང་རླུང་དུག་མཚོན་ངར་མས།།
སྤུན་ཟླ་མང་པོའི་ཚེ་སྲོག་ཁྱེར་སོང༌།།
གྲང་ངར་རླུང་བུས་རྒྱབ་ནས་དེད་ཅིང༌།།
དྲག་ཆར་རྒོད་པོས་གདོང་ནས་གཙེས་ཏེ།།
ཀྱག་ཀྱོག་བཞུད་ལམ་སྨུག་པས་ཟོས་ཚེ།།
ཡུལ་གྱར་བུ་ངའི་བགྲོད་ལམ་དོག་པ།།
ཉི་འོད་ནུབ་རིའི་གྲོང་དུ་ཆས་ཤིང༌།།
དུང་ཟླ་སྨག་རུམ་གཤེད་མས་བཟུང་སྟེ།།
སེམས་དང་ལུས་པོ་འདྲེས་པའི་ཕ་མ།།
གང་དུ་སོང་ཀྱང་ཉེ་ཉེ་འདྲ་ཡང༌།།
དྲན་གདུང་མཆི་མ་འཐོར་ཐེངས་རེ་རེས།།
སེམས་པའི་ཟབ་སར་གྲང་ཟུག་རྒྱས་བྱུང༌།།
ལྷན་འཛོམས་གྲོགས་ཀྱི་སྤྲོ་སྐྱིད་ཁྲོད་ནས།།
ཞལ་རས་འཛུམ་པའི་མདངས་ཀྱིས་ཕྱུག་རུང༌།།
ཕྲག་དོག་གདོན་གྱི་གཡོ་འཕྲུལ་རྣོན་པོས།།
སེམས་འདི་སྡུག་གི་ཞིང་སར་བསྐྱལ་སོང༌།།
འདོད་ཡོན་བདུད་ཀྱི་གཡབ་མོས་ཁྲིད་དེ།།
དམ་ཆོས་བསྒྲུབ་པར་ཕྱི་བཤོལ་བྱས་ཀྱང༌།།
ཐོལ་བྱུང་ན་རྒའི་འཐོར་རླུང་ཁྲོད་ནས།།
དགེ་བའི་ལས་ལ་ཞེ་ནས་འཁྲེང་བྱུང༌།།
རིགས་གཟུགས་འབྱོར་བ་ཐང་གི་མེ་ཏོག།
དབྱར་ཟླ་གསུམ་ལ་ཡིད་དུ་འོང་ཡང༌།།
ལང་ཚོའི་འདབ་ཕྲེང་དུས་ཀྱིས་རྒུད་པ།།
སྙིང་རླུང་ལྡང་བའི་རྒྱུ་ལས་མི་འདུག།
སྐུ་དྲག་བཙན་པོའི་སྒོ་འགྲམ་ཞིག་ནས།།
སྙིང་གི་འདུན་པ་དབྱིངས་སུ་གྱེར་དུས།།
སྡང་མིག་དྲག་པོ་འཁྱུག་ཐེངས་ཤིག་གིས།།
རེ་བའི་འདབ་མ་རླུང་ལ་བསྐུར་སོང༌།།
འཇིགས་རུང་མུན་པས་ས་གཞི་མནན་དུས།།
སྡུག་གི་ཁུར་བོ་ཇེ་ལྗིར་བུད་སོང༌།།
ཡུན་རིང་གཤིབ་པའི་གྲོགས་ཀྱི་དྭངས་མ།།
དེ་རིང་ཐོལ་བྱུང་དགྲ་རུ་གྱུར་བས།།
འདི་སྣང་དགྲ་གཉེན་སྒྱུ་མའི་ཕྲེང་བར།།
སྙིང་ཁུང་གཏིང་ནས་ཡིད་ཆེས་བརླགས་སོང༌།།
ལས་དབང་བཙན་པོའི་འཁོར་འགྲོས་ཤིག་གིས།།
ལུས་པོ་གངྒཱའི་གྲོང་དུ་འཚོ་ཡང༌།།
བསླད་མེད་སེམས་ཀྱི་དུངས་ཞེན་རིང་མོ།།
ཡར་ཀླུང་གཙང་པོའི་འགྲམ་དུ་ཆས་སོང༌།།
དེ་ལྟའི་ཡུལ་གྱར་འཚོ་བ་སྐྱུར་མོ།།
ཀུན་རྟོག་ཡིད་ཀྱི་འདབ་རྩེར་འཁྲིལ་བ།།
ཕྱིར་དྲན་རླུང་བུས་སྒུལ་ཐེངས་ཤིག་གིས།།
སྦྲང་ཆར་བཞིན་དུ་དལ་གྱིས་འཐོར་སོང༌།།
སྙན་པ་ལ་ཚོད་ཅིག་མི་འདུག་་་བཀའ་དྲིན་ཆེ།
ལ་དང་ལུང་བར་ཤེད་ཀྱིས་བརྒྱུད་ནས།།
ཡིད་བཞིན་ནོར་བུར་མཇལ་བས་སྤྲོ་ཡང་།།
མང་དག་ཅིག་གི་བྱ་སྤྱོད་རིག་དུས།།
བཟུང་བའི་རེ་བ་ཆུང་དུ་བུད་ཐལ།།
ཡུལ་གྱར་བའི་གདུང་དབྱངས་ཐུན་ཅིག
མ་རེད།
ཡུལ་གྱར་བ་ཞིག་གི་གདུང་དབྱངས་ཐུན་ཅིག
ཁང་སྨིན་གྲོལ་གྱི་སྙན་རྩོམ་དང་ལྷུག་རྩོམ་གང་ཡིན་རུང་ཡག་གི ལྷག་པར་དུ་ཉེ་ཆར་བྲིས་པའི་གོང༧ས་མཆོག་གི་ཞི་བདེ་གཟེངས་རྟགས་ཉིན་མོར་བྲིས་པའི་བསྟོད་རྩོམ་དེ་ཧ་ཅང་ཡག་པོ་བྲིས་འདུག་པས་དགའ་བསུ་ཞུ། གསར་སྐྱེས་རྩོམ་པ་པོ་རེ་བ་ཅན་ཞིག་རེད་དགའ་ཡོད།