གཡུ་དྲུག་དཀར། རྡ་ས།
ཡུལ་གྱར་བའི་འཚོ་བ་ནི། འཇིགས་སུ་རུང་བའི་མཚན་མོ་ཞིག་གི་ལས་དབང་དང་འདྲ་སྟེ། སྨག་རུམ་རིམ་པ་དགུ་འཐིབས་ཤིང་། སྤྲིན་ནག་རིམ་པ་དགུ་འཁྲིགས་པས། འཇིག་རྟེན་ཉིད་འཇིག་རྟེན་དུ་རྟོགས་དཀའ་ལ། འབྲུག་སྒྲ་ལྡིར་ལྡིར་དུ་གྲགས་ཤིང་། གློག་དམར་ཧར་གྱིས་འཁྱུག་པས། གནམ་གྱི་སྒལ་ཚིགས་གཅོག་ལ་ཁད་དང་། ཐོགས་བཙན་པོ་ཤུགས་ཀྱིས་འཕེན་ཞིང་། དྲག་ཆར་སྟོབས་ཀྱིས་འབབ་པས། ས་གཞི་ལ་གས་ཆག་གཏོང་ཉེན་ཆེ་བའི་མཚན་མོ་ཞིག་གི་ལས་དབང་དང་འདྲ།
ཕྱི་རོལ་གྱི་འཇིགས་སྣང་ཅི་བས་ཆེ་བའི་མཚན་མོ་འདིར།ཆེས་སྤྱིར་བཏང་གི་རྨི་ལམ་ཞིག་ཀྱང་མཇུག་འཁྱོལ་དཀའ་བས། ཡུལ་གྱར་བའི་འཚོ་བའི་ཁྲོད་ནས། སུ་ཞིག་གི་སྙིང་ཁམས་ལྷོད་ལ་བབ་མྱོང་ངམ། གོམ་པ་རེ་སྤོས་ཚར་དུས། གོམ་པ་རྗེ་མ་དེ་གང་དུ་སྤོ་དགོས་མིན་ཆ་མི་འཚལ་ཞིང་། གོམ་པ་རེ་རེ་བཞིན་ཨུ་ཚུགས་ཀྱིས་སྤོ་དུས་ཀྱང་། ཞེད་སྣང་དང་འཇིགས་སྐྲག ཐེ་ཚོམ་དང་དོགས་པ། ཡི་ཆད་དང་སྡུག་སྣང་བཅས་ཀྱིས་བྲང་གཞུང་ཚལ་བར་གཤེགས་པས། ཤ་རུས་དང་ལྷུ་ལག་ཡོད་ཚད་འཐོར་འགྲོ་ཞིང་། རུས་རྐང་ལ་ཟུག་པའི་ན་ཟུག་གི་ྐློང་ནས། སུ་ཞིག་ལ་རང་དབང་དང་ཞི་བདེ། འདྲ་མཉམ་དང་ཐོབ་ཐང་།
གུ་ཡངས་དང་བདེ་སྐྱིད་བཅས་ཀྱི་ཉི་མ་འཆར་ཡོད་ཨང་།
ད་དུང་། རང་ཉིད་ཀྱང་ཇི་བཞིན་མཐོང་དཀའ་བའི་མུན་ནག་གི་ཁྲོད་དུ། དངངས་སྐྲག་གིས་འདེད་ཀྱིན། སུན་སྣང་གིས་བཅོམ་བཞིན། སུ་ཞིག་གིས་སུ་ཞིག་ལ་བྲང་གཏད་ནུས་སམ།སུ་ཞིག་གིས་སུ་ཞིག་ལ་ཡིད་བཅོལ་ནུས་སམ། ཡིད་ཆེས་དང་རེ་བ་ཡོད་ཚད་བརླག་འགྲོ་བའི་མཚན་མོ་འདིར། མུན་ནག་གི་ཟབ་ས་རུ། ང་ཚོ་ལ་བདའ་བ་ནི། རང་གིས་རང་ལ་སེམས་གསོ་ཙམ་གྱི་ཁ་གཡང་རེ་དང་། རྨི་ལམ་ཙམ་ལས་ཅི། དེ་བས།
རང་ཉིད་ལ་དབང་བའི་རྒྱུ་ནོམ་པ་དང་ཐོབ་གོ་ས་ཅི་ཡང་མེད་ཅིང་། རང་ཉིད་ལ་ཐོབ་སོང་བའི་རྒྱལ་ཁ་དང་གྲུབ་འབྲས་ཅི་ཡང་མེད་པའི། མཚན་མོ་འདིའི་པང་ན། ང་ཚོ་རང་གི་མདུན་ལྗོངས་མ་མཐོང་བའི་སེམས་ཚགས་ཀྱིས་འཆི་བཞིན་ཡོད། ང་ཚོ་རྒྱང་རིང་ན་ལུས་པའི་རང་གི་ཕ་ཡུལ་དང་ཕ་མ། གཉེན་ཉེ་དུ་དང་ན་ཟླ་ཚོ་ཡི་དྲན་གདུང་གིས་བཟི་བཞིན་ཡོད། ང་ཚོ་རང་གི་ཕ་གཞིས་དགྲ་ལ་ཤོར་ཞིང་། རང་གི་ལ་རྒྱ་ས་བརྡབས་པའི་སྙིང་ནད་ཀྱིས་ལོག་བཞིན་ཡོད་མོད། ང་ཚོས་ཨམ་གཙིགས་ཅི་ཙམ་བསྡམས་ནས། ང་ཚོའི་ཁུ་ཚུར་ཅི་ཙམ་དམ་ཡང་། ང་ཚོ་རང་གི་རྐང་པ་འདི་གཉིས་ཀྱི་སྟེང་ལ་ཡར་འགྲེང་ས་ཞིག་གཏན་ནས་མེད་སོང་།
ཅི་ཡང་མེད་པའི་མཚན་མོར་འདིར། ཕྱི་ནང་ཐམས་ཅད་འཇིགས་ཡེར་ཡེར། འགོ་རྔ་ཀུན་ནས་སྐྱོ་ལྷང་ལྷང་། ཐ་ན་རང་གིས་རང་ལའང་ཞེར་མེར་ཞིང་། རང་གིས་རང་ལའང་འཁང་ར་དང་འགྱོད་བཤགས་བྱེད་དགོས་འདུག་པས། རང་གིས་རང་གི་བྲང་རྡུང་བཞིན། རང་གིས་རང་གི་སྐྲ་ནས་འཐེན་བཞིན། མིག་ཆུ་མི་ཤོར་བའི་གདེང་སུ་ལ་མེད་ལ། ངུ་སྐད་མི་འཆོར་བའི་ངེས་པའང་གཏན་ནས་མེད་ཅིང་།
རང་གི་ངུ་སྐད་དང་མིག་ཆུའི་ཁྲོད་ན་འདའ་བཞིན་པའི་མཚན་མོ་འདིར། ང་ཚོས་ཟླ་འོད་དཀར་ལམ་མེར། སྐར་མ་ཕྲ་ལམ་མེར་ཤར་བའི་ལྷིང་འཇགས་ཀྱི་མཚན་མོ་ཞིག་ཡིད་ལ་བཅངས་ནས། རྒས་ཀྱིན་ཡོད། ང་ཚོས་ཕྱིར་རང་ས་རང་ཡུལ་ལ་ལོག་འགྲོ་བའི་སང་ཉིན་ཞིག་ལ་སྒུག་ནས། ལུས་སྡོད་ཡོད།།
གཡུ་དྲུག་དཀར་ས་ལེ་འོད་པོ་ཆེ།།
མ་ཡག་མ་རིག་ན་བྱིན་ན་འདོད།།
སྐྱོ་གདུང་གི་སེམས་ཁོང་གི་ལྷིང་འཇག་ཡོད་ཚད་སྟོར་ཟིན་པའི་སྤུན་ཟླ་ལགས། ངེད་ཅག་གིས་ན་ཟུག་འདི་དག་མི་འདོད་བཞིན་དུ་འཁུར་དགོས་པ་འདི་ནི། གནམ་རྒན་མའི་བཀའ་ལུང་ཡིན་རབས་མི་འདུག་ན། འུ་ཅག་གིས་རང་གི་རང་ལ་ཡིད་ཆེས་བྱེད་རྒྱུ་དེ་ནི་ཆེས་མེད་དུ་མི་རང་བ་ཞིག་ཡིན། དེ་ཉིད་ཡོད་ན་བྱ་བ་གང་ཞིག་དང་འཕྲད་ཀྱང་། མདུན་ཕྱོགས་ཁོ་ན་ལ་སྙེགས་རྒྱུའི་ཆོད་ཆེམས་གཏན་པོ་ཡོད་ངེས་ཡིན་ལགས།
སྤུན་ཟླ་གཡུ་དྲུག་ལགས་ འཚོར་བ་དེ་ནི་བོད་ཕྱི་ནང་གཉིས་ཀར་མི་ལོ་ཧྲིལ་པོ་ལྔ་བཅུའི་རིང་མྱོང་བའི་དཀའ་སྡུག་དམྱལ་བ་བཞིན་ཡིན་པར་ འོད་ཚོ་བོད་མི་རིགས་རྣམས་ནས་འདི་འདྲའི་སྡུག་སྔལ་མཐའ་མེད་པ་མྱོང་དགོས་བའི་ལས་ངན་གང་ཞིག་བསགས་ཡོད་དམ་ ཨ་ཚི་ ཨ་ཚི་། ད་ཡིན་ན་ཡང་ འུ་ཐུག་གིས་རང་གི་རང་ལ་ཞེར་མེར་ལང་པ་དང་ རང་གི་རང་ལ་བྲང་ཁོག་བརྡུང་བ་ རང་གིས་རང་གི་སྐྲ་ནས་འཐེན་པ་སོགས་བྱས་ན་ངེད་ཚོའི་སྡུག་སྔལ་དེ་ཆེ་རུ་གཏོང་བ་ལས་ ཆུང་རུའམ་ ཕན་ཐོགས་ཡོང་བ་ཞིག་མིན་ དེ་ལས་ངེད་ཚོའི་བསམ་བློའི་ཁྱེར་ཕྱོགས་དེ་རང་གི་རང་ལ་ཡིད་མཆེས་ཀྱི་ངང་ནས་ རེ་བ་དང་ སེམས་ཤུགས་ བོད་མི་རིགས་ཀྱི་ལར་རྒྱ་དེ་ནམ་ཡང་དམའ་མི་ཉན་ ང་ཚོར་འཛམ་གླིང་རྒྱལ་ཁབ་སུ་ལའང་མེད་པ་ སྲིད་ན་རྙེད་དཀའ་བའི་བླ་ན་མེད་པའི་དབུ་འཁྲིད༧རྒྱལ་བ་ཡིན་བཞིན་གྱི་ནོར་བུ་ཡོད་།
རྫུན་གྱི་དགྲ་བོ་སྟོབས་ཆེ་ཡང་
བདེན་པའི་རྒྱལ་ཁ་ང་ཚོར་ཡོད་
རྒྱལ་ཁ་ལེན་པར་བྱེད་པ་ལ་
སེམས་ཤུགས་ནམ་ཡང་ཆགས་མི་ཉེན་
རེ་བ་ནམ་ཡང་དོར་མི་ཉེན་
ཡིད་མཆེས་ནམ་ཡང་རླག་མི་ཉེན་
སྙིང་སྟོབས་ནམ་ཡང་ཞུམ་མི་ཉེན་
ལར་རྒྱ་ནམ་ཡང་དམའ་མི་ཉེན་
དཀའ་སྡུག་མྱོང་ཚད་དྲན་རྟེན་གྱིས་
སྙིང་ལ་ཁྲག་གི་དྲན་ཐོ་བྲི་
སེམས་ལ་བརྩོན་པའི་དམ་བཅའ་འཇོག་
བོད་དོན་ཐག་གཅོད་དོན་ལ་འབད་
རང་བཙན་ཡིན་ཡང་རང་སྐྱོངས་ཡིན
རང་ཡུལ་ཕྱོགས་ལ་ལོག་པའི་ཉིན་
གཞིས་བྱེས་མཉམ་དུ་འཛོམས་པའི་ཉིན་
གསེར་ཁྲི་བངའ་གསོལ་ཞུ་པའི་ཉིན་
སྐྱིད་པའི་ཉིན་དེ་ཤར་ངེས་ཡིན་
དེ་ན་སྤུན་ཟླ་སྐྱོ་མི་རུང་
ཞེ་ལོག་སྐྲ་ཐེན་བྲང་མ་རྡུང་
སྐྱོ་དུས་སྙིང་གི་དྲན་ཐོ་ཤེར་
སྐྱོ་དེ་སེམས་ཤུགས་ནུས་པར་བསྒྱུར་
རྡུལ་ཕྲན་ནུས་སྟོབས་ང་ཚོར་མེད་
ང་ཚོའི་འཐབ་བརྩོད་ནུས་སྟོབས་ནི་
ཡིད་མཆེས་སེམས་ཤུགས་བདེན་པ་ཡིན་
དེ་གསུམ་ནམ་ཡང་ཉམས་མི་ཉན་།།
ཁ་བརྡའི་ནང་དུ་དག་ཡིག་གི་ཉེན་རྟོག་པ་ཞིག་གི་ས་མིག་སྟོང་པ་འདུག་པས།
དེ་དོན་དྲ་གྲོགས་ཚོས་ཐུགས་ལ་འཇོག་རོགས།
གཡུ་དྲུག་དཀར་ལགས། བདེ་མོ། ངོ་མ་ཡུལ་གྱར་བོད་མིའི་འཚོ་བ་ནི་དོན་དངོས་ཀྱིས་དཀའ་ཁག་ཆེན་པོ་ཞིག་རེད་ཡ། ཡིན་ན་འང་ལས་དབང་ལ་བཅོས་ཐབས་མེད་པས་འདི་མི་བྱེད་ག་ལ་འགྲོ
ར྄ྒན་བསེ་རུ་ལགས།་ ས྄ྐུ་ཁམས་བཟང་། ང་དེ་རིང་ཟིན་བྲིས་ནང་གསར་དུ་འཛུལ་བ་ཡིན། ཡིན་ནའང་མགོ་ཅན་འདི་རིགས་གཏགས་ཤེས་ཀྱིན་མི་འདུག་ ར྄ྗེས་ཕྱོགས་ཕྱོགས་གང་ཐད་ནས་ལམ་ས྄ྟོན་ཡོང་བའི་རེ་བ་ཞུ།
ཨ་འདུས་མིག་ཆུ།
མིག་ཆུ་གཏོང་གིན་བོད་ཀྱི་ལས་དབང་དེ་གླེང་དགོས་པ་རེད་དཱ།
ཁ་དོག་གིས་སྟོངས་བའི་ཡུལ་གྱར་བའི་འཚོ་བ་འདི་ལྟར་སྐྱེལ་དགོས་པ་དེ་ཅི་ཡིན་ནམ།