རྡོ.ལྷ་སྐྱབས།
རྒྱ་གར་གྱི་ས་ཁྲ་ལུག་གི་སོག་རུས་འདྲ་བའི་རྩེ་མོའི་ཆར་གཏོགས་པ། སྟོད་ལ་གངས་དཀར་ཤེལ་གྱི་མཆོད་རྟེན་ཚར་དུ་དངར་བ། བར་ལ་དུས་བཞིར་སྣ་ཚོགས་མེ་ཏོག་ཁྲ་ལམ་མེར་ཤར་བ། སྨད་ལ་གངས་ཆུ་བསིལ་མ་ལྷུང་ལྷུང་དུ་འབབ་པ། གངས་ཅན་དགའ་ཚལ་ཞེས་གྲགས་པའི་ས་ཆ་དེར། ས་ལུའི་སྨན་ལྗོངས་ནས་ཡུལ་གྱར་བའི་རི་དྭགས་ཀྱི་ཚོགས་རྣམས་རེ་ཞིག་དུས་བདེ་བག་ཕེབས་ངང་གནས།
སྐབས་དེར་དོམ་ནག་རླུང་འཛིན་དུ་འབོད་པ་དེ། ཡུལ་གྱར་རི་དྭགས་ཕྱི་གླིང་དོན་གཅོད་ཁང་དུ་མིག་ཤེལ་གདོང་ཁུགས་སུ་ལུག་ཅིང་ལག་གཡས་པས་༡རྩིས་ཕྲེང་འདེད་ཀྱིན་མཆིས་མོད། སྤྱི་རྫས་ལས་དངུལ་སྲང་ས་ཡ་གཅིག་དང་ཕྱེད་ཀ་ཐོད་མ་ཐུགདོམ་ནག་རླུང་འཛིན་ནི་སྤྲེལ་ལད་མི་ཤེས་པའི་ཁ་རུ་ཁ་ཐུག་ཅིག་ཡིན་ཙང་། རྩིས་ཁྲ་དེའི་སྐོར་མངའ་བདག་འདམ་སེང་ལ་ཐད་ཀར་ནན་འདྲི་བྱས་པས། མངའ་བདག་འདམ་སེང་གི་སེམས་ལ། དོམ་ནག་རླུང་འཛིན་ཟེར་བ་འདི་ཇི་འདྲའི་རང་ཚོད་མི་ཟིན་པ་ལ་ཨང་། སྒོ་ང་རྡོ་ལ་བརྡབས་ན་གང་སྲ་ལྟད་མོ་ག་ལེར་བལྟ་ཆོག་དྲན། ཉིན་ཞིག་ཨ་ཞེ་ཝ་མོས་ཕར་ལྟ་ཚུར་ལྟ་བྱེད་ཞོར་སྤྲེལ་རྒན་ལྟོ་འཕྱང་གི་རྣ་རྩར། གཏམ་ཤབ་ཤུབ་མང་དུ་སྨྲས་ཏེ་སོང་། སྤྲེལ་རྒན་ལྟོ་འཕྱང་ལམ་སེང་རྒྱུག་མ་འདུར་གྱིས་རྒྱལ་སྒོ་རྫིག་པོ་ཞིག་ཏུ་ཤར་སེ་འཛུལ། གཟིམ་ཕུག་ཏུ་མངའ་བདག་འདམ་སེང་འབོལ་ཁྲི་ཞིག་ལ་འགྱིང་བའི་དྲུང་དུ། སྤྲེལ་རྒན་ལྟོ་འཕྱང་མགོ་བོ་བསྒུར་ཅིང་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། ཀྱེ་ཀྱེ། མངའ་བདག་རིན་པོ་ཆེར་ཞུ་མཆིད་དུ། ཞེས་ཨ་ཞེ་ཝ་མོའི་སྐད་ཆ་ཆད་ལྷག་མེད་པར་སྐད་འདར་འདར་གྱིས་སྙན་གསེང་ཞུས། གཏམ་དེ་གོ་མ་ཐག་མངའ་བདག་འདམ་སེང་གིས་མདུན་གྱི་ཆང་ཕོར་ཁྲོགས་སེ་ས་ལ་གཡུགས། ཇ་ཡུན་ཙམ་ལ་བཞིན་བསྡུས་ཤིང་ཨམ་གཙིགས་བསྡམས་མཐར་སྣ་དགོད་ཅིག་བྱས། ད་ནི་ལྟས་ངན་ཁོ་འབུར་འཇོམས་བྱ་བའི་དུས་ལ་བབས་སོ་སྙམ་སྟེ་བཀའི་ཕོ་ཉ་རིངས་པ་བཏང་། དོམ་ནག་རླུང་འཛིན་བསམ་དབང་དྲན་དབང་མེད་པར་གོ་གནས་ལས་ཕབ། དེ་ནས་རི་དྭགས་ཀྱི་ཚོགས་རྣམས་ཕྱོགས་ཕྱོགས་སུ་བྱས་ཤིང་འབངས་གྱེན་ལོག་གི་སྦྱོར་བ་བརྩམས་པས། མངའ་བདག་འདམ་སེང་བྲེད་ཤ་ལངས་བཞིན་ཛ་དྲག་གིས་ནང་བློན་རྣམས་འདུན་མར་བསྡུས། གྱོད་གཞི་དེའི་རྒྱུ་རྐྱེན་འཚོལ་སྒྲུབ་ཀྱིས་ཆོད་ཡིག་རྡོ་ཆག་བཙན་སྒྲིག་བྱས། མགྲིན་ཚབ་པ་སྤྲ་རྒན་སྒྲོ་ནོན་གྱིས། དོམ་ནག་རླུང་འཛིན་གྱིས་བྱ་སྤུ་གནོན་གྱི་གོ་རིམ་ལ་བརྩི་བཀུར་མ་བྱས་ཚུལ་སོགས་ཀྱི་གསལ་བཤད་ལེའུ་ཚན་བཅུ་ཅན་ཞིག་བསྒྲགས་མོད། དོམ་ནག་རླུང་འཛིན་གྱིས་དེ་དག་ནི་རང་ལ་ཉེས་མེད་ཉེས་འཛུགས་བྱས་ལུགས་ཅིག་ཅིག་ཉིས་ཉིས་སུ་བསེད་བཀྲོལ་བྱས།
དེའི་རྗེས་སུ་རི་དྭགས་ཀྱི་ཚོགས་རྣམས་རྩོད་གླེང་དང་སྦིར་གྲགས་ཇེ་ཆེར་གྱུར། དུས་ཆེན་ཞིག་ལ་རི་དྭགས་རྒན་གཞོན་ཀུན་གདན་འཛོམས་པའི་སར་མངའ་བདག་འདམ་སེང་གིས་མགྲིན་པ་གཟེངས་སུ་བཏེགས་ནས་གླུ་འདི་ལྟར་བླངས། ཐ་ལ་ལ་མོ་ཐ་ལ་ལེན།། ཨ་ལ་ངག་གི་འགུགས་ལུགས་རེད།། ཝ་ཡེ་འདིར་ཚོགས་རི་དྭགས་རྣམས།། མ་གཡེངས་བདག་ལ་དར་ཅིག་གསོན།། ས་འདི་ངེད་གཉིས་གྲགས་ཆེ་བས།། ངོ་སྤྲོད་བྱེད་པ་ངལ་བའི་རྒྱུ།། འབྲེལ་མེད་དོན་གཞན་གྱེར་ཁོམ་མེད།། དོམ་ནག་རླུང་འཛིན་བྱས་ཉེས་ཀྱིས།། སྤྱི་དོན་ཆུ་ལ་བསྐྱུར་ངེས་པས།། གོ་གནས་འཕོ་འགྱུར་བཏང་ལུགས་ཀྱི།། རྒྱུ་མཚན་ཕྱི་གསལ་ནང་གསལ་ཡིན།། བདེན་ཡོད་རློམ་ན་ཁྲིམས་སར་ཐུག། གོ་ན་རྣ་བའི་བུ་རམ་བྱོས།། མ་གོ་གླུ་ལ་བསྐྱར་ལེན་མེད།། ཅེས་སོ།།
དེ་ཐོས་པས་དོམ་ནག་རླུང་འཛིན་ཐབས་རྡུགས་ཤིང་ཁྲིམས་ཁང་ལ་མི་གཏུགས་ཀ་མེད་བྱུང་།
ཁྲིམས་དཔོན་གངས་སེང་ཨ་བརྟན་གྱིས་དུས་ཚོད་གཏན་འབེབས་གནང་།
ཞུ་སྦྱོར་བ་དོམ་ནག་རླུང་འཛིན་དང་ཁོའི་ཁྲིམས་རྩོད་པ་འབྲོང་མོ་མཐུར་མེད། དེ་བཞིན་གྱོད་ཡ་མངའ་བདག་འདམ་སེང་གི་སྐུ་འཁོར་དང་ཁོ་བ་ཅག་གི་ཁྲིམས་རྩོད་པ་མཚོ་གླང་སྒྲ་སྒྲོགས་རྣམས་ཁྲིམས་རར་བཀུག་སྟེ། ཉིན་མ་མང་པོར་རང་རང་སོ་སོའི་བདེན་པ་བདར་དུ་བཅུག
ཁྲིམས་བཤེར་བརྒྱུད་རིམ་ནང་ཨ་ཞེ་ཝ་མོའང་དཔང་པོར་སྐད་བཏང་མོད། ཁོ་མོའི་འཁྲབ་ཚན་མཇུག་མ་རྫོགས་གོང་གདོང་འབག་རལ་བས་ངོ་མདངས་དམར་པོར་ཆགས།
ཁྲིམས་ཁང་ནས་སྔ་ཕྱི་བར་གསུམ་གྱི་གནས་ཚུལ་ལ་ཞིབ་འཇུག་ནན་འདྲོངས་དང་། གྱོད་དོན་ཁྱོན་ཡོངས་ནས་བཅའ་ཁྲིམས་རིན་པོ་ཆེའི་རྒྱ་མར་བཅལ་བ་ལས་དོམ་ནག་རླུང་འཛིན་ལ་ཉེས་པ་སྤུ་ཙམ་མེད་པ་ར་འཕྲོད་ཅིང་། མངའ་བདག་འདམ་སེང་གི་ཕོ་བྲང་ནས་དོམ་ནག་རླུང་འཛིན་ལ་མ་ཉེས་ཁག་གཡོགས་བྱས་པར་བཟོད་གསོལ་ཞུ་དགོས་པའི་བཅད་ཁྲ་བཏོན།
མངའ་བདག་འདམ་སེང་གི་ནང་བློན་དང་ཁྲིམས་རྩོད་པ་མཚོ་གླང་སྒྲ་སྒྲོགས་གཉིས་ཀྱིས། བཅད་ཁྲ་དེ་ནི་ཕྱོགས་སུ་ལྷུང་བ་དང་ལས་རྒྱུ་འབྲས་ཀྱི་རྒྱ་ལས་འགོངས་ཚུལ་སོགས་ཀྱི་ཁ་ཕོ་བཏོན་པས། ཁྲིམས་རྩོད་པ་མཚོ་གླང་སྒྲ་སྒྲོགས་ལ་ཁྲིམས་གང་ཞིག་མ་དྲང་ཚུལ་ཐེར་འདོན་ཆེད་ཁྲིམས་ཁང་ནང་ཡོང་དགོས་པར་བཤད་ཀྱང་ཡོང་མ་ཕོད་པས། ཁོ་པར་ཁ་ཁྲིམས་ཕོག་ཅིང་ཁྲིམས་རྩོད་པའི་ཞྭ་མོའི་ཏོག་བླངས།
མངའ་བདག་འདམ་སེང་གི་ཕོ་བྲང་ནས་དང་ཐོག་བཅད་ཁྲའི་དགོངས་དོན་ཡིན་ལ་མ་ཡིན་པ་ཞིག་ངོས་ལེན་ཁུལ་བྱས་མོད། དེས་བཅད་ཁྲ་དྭང་ལེན་གྱི་ཚད་གཞི་ལོངས་མེད་སྟབས་དོམ་རླུང་འཛིན་གྱིས་ཁྲིམས་ཁང་ལ་བསྐྱར་གཏུགས་བྱས། ཁྲིམས་ཁང་ནས་མངའ་བདག་འདམ་སེང་གི་ཕོ་བྲང་ལ། ཐེངས་གཉིས་པ་གོ་སྐབས་སྤྲད་པའི་དུས་བཅད་ལྟར་མ་བསྒྲུབས་ན། ཁྱེད་ཅག་གི་རྐུབ་བཀྱགས་དང་ཕོར་པ་ལ་གོད་ཆག་འབྱུང་སྲིད་པའི་ཉེན་བརྡ་བཏང་བས།
དེས་མངའ་བདག་འདམ་སེང་གི་འཁོར་དང་བཅས་པར་ཁོག་འདར་ཞིག་བརྒྱབ་ཅིང་། གཞི་ནས་བཅད་ཁྲའི་དགོངས་དོན་ལྟར་བཟོད་གསོལ་ཡི་གེ་ཞིག་འབྲི་བའི་སྟ་གོན་བྱས།
མཆན། ༡abacus ཕྲེང་རྡོག་ཐུར་མ་ལ་བརྒྱུས་པ་ལས་གྲུབ་ཅིང་སྒྱུར་བགོད་སྣོན་འཕྲི་རྩི་བྱེད་ཀྱི་སྲོལ་རྒྱུན་རྩིས་ཆས་ཤིག་གོ། ཞེས་མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱི་ཚིག་མཛོད་ལས་གསལ།
དེ་ཡང་་་དོམ་ནག་རླུང་འཛིན་ནས་་་་ང་ཚོས་བཀའ་ངལ་ཆེ་པོ་རྣམས་ཆུང་ཆུང་དང་ཆུང་ཆུང་རྣམས་མེད་པ་བཟོ་དགོས་པ་རེད་དྭ་་་ཟེར་ངར་ངར་བྱས་ཏེ་བཤད། འོན་ཀྱང་རི་དྭགས་མང་ཚོགས་ནས་་་་ང་ཚོའི་དགའ་པོ་བྱེད་ས་ནི་མངའ་བདག་འདམ་སེང་རང་ཡིན་་་་ཁྱོད་དོམ་ནག་མིན་ཞེས་ལན་བཏབ་པ་རེད། ཉི་མ་དེ་ནས་བཟུངས་་་དོམ་ནག་རླུང་འཛིན་་ཞེ་སྡང་གི་མེ་འབར་་ཁྲག་དོག་གི་ཆུ་ཁུལ་ནས་བསམ་བློ་དྲུག་གསུམ་བཅོ་རྒྱད་གཏང་མཐར་རི་དྭགས་དང་ཁྱི་སྤྱང་ཁག་གཅིག་ལས་གྲུབ་པའི་དར་ནག་ཚོགས་པ་ཟེར་བ་ཞིག་དང་ལྷན་དགྲ་ཤ་ལེན་རྒྱུ་རེ་སེམས་སྙིང་གཅང་བྱས་པ་རེད། འོན་ཀྱང་མངའ་བདག་འདམ་སེང་ནི་ཁོག་རྒྱ་ཆེ་ལ་སྙིང་རྗེ་དང་ལྡན་པ་ཞིག་ཡིན་ཙམ་རི་དྭགས་ཀུན་གྱི་རྒྱལ་པོ་མཐོང་ན་དགའ་བ་དང་ལྷན་བཀའ་གྲོས་གཅིག་གནང་རྗེས་དོམ་ནག་རླུང་འཛིན་ལ་གོ་སྐབས་གཉིས་པ་ཞིག་གནང་། འོན་ཀྱང་དོམ་ནག་རླུང་འཛིན་ནི་འཁོན་འཛིན་དང་བསམ་ངན་རྒྱུན་ཅང་ཁོ་ན་བྱས་ཏེ་རི་དྭགས་སྤྱི་ལ་གནོད་པའི་བྱ་བ་ཤ་སྟག་བྱས། དུས་ཚོད་གང་ཙམ་སོང་རྗེས་་་མངའ་བདག་འདམ་སེང་འུ་ཐུག་སྟེ་རི་དྭགས་ཀུན་གྱི་རྒྱལ་པོ་མཐོང་ན་དགའ་བ་དང་མ་གྲོས་བསམ་པ་གཅིག་མཐུན་ཐོག་་་་ཁྱོད་དོམ་ནག་རེ་ཞིག་ལས་མཚམས་འཇོགས་ཤིག་ཞེས་གསུངས་པ་རེད། ཡང་དུས་དེ་ནས་བཟུངས་དོམ་ནག་དང་ཁོང་གི་དར་ནག་ཚོགས་པའི་ཁྱི་སྤྱང་ཡོང་རྫོགས་ནས་རི་ཀླུང་གང་ས་ངུ་ཟུག་གི་བསྐང་་་ཕྱོགས་བཞི་མཚམས་བརྒྱད་ཐམས་ཅད་འདུར་རྒྱུགས་བར་མ་ཆད་པ་བྱས་ཏེ་་་ང་ཚོའི་དར་ནག་འདི་དར་ནག་མིན་་་་དར་དཀར་ཡིེན་ཟེར་བ་སོགས་་་ཧམ་བཤད་བྱས་པ་རེད་་་་་་་་་ལེ་འུ་གཉིས་པ་་་་་་་་རྗེས་མ་གཟིགས་
ཁྲིམས་ཀྱིས་དབང་སྒྱུར་དང་གང་ཟག་གིས་དབང་སྒྱུར་གཉིས་ལ་མང་གཙོའི་ལམ་ནས་འོས་ཤོག་འཕེན་སྲོལ་ཡོད་དམ། གལ་ཏེ་ཡོད་ན་གང་ལ་འོས་ཤོག་མང་བ་འཐོབ་ཀྱི་ཡོད་མེད་སུ་ཡིས་ལན་འདེབས་ཐུབ།