ཀོ་ལི་གྷལ་གཞུང་པ་ཚེ་དབང་བསོད་ནམས།
བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་གསུམ་པ་ཆབ་སྲིད་ཀྱི་རང་བཞིན་ཟེར་བའི་ནང་། མ་འོངས་བོད་ཀྱི་ཆབ་སྲིད་ནི་འཚེ་མེད་ཞི་བའི་ལྟ་བར་གཞི་བཅོལ་བའི་ཐོག་རང་དབང་སྤྱི་ཚོགས་བདེ་དོན་ཆོས་སྲིད་ཟུང་འབྲེལ་མང་གཙོ་ཡུལ་མིའི་རྒྱལ་ཁབ་ཞིག་བྱ་རྒྱུ་ཡིན་གཤིས། བཙན་བྱོལ་བོད་མིའི་ཆབ་སྲིད་ཀྱང་དེ་དང་ཕྱོགས་མཐུན་བྱ་རྒྱུ་དང་། གཤམ་འཁོད་ལེའུ་བཅུ་གཅིག་པའི་དོན་ཚན་ཁག་གཞིར་བཟུང་མ་གཏོགས་བཅའ་ཁྲིམས་འདི་ལ་བསྒྱུར་བཀོད་གཏོང་རྒྱུ་མིན་ཅེས་གསལ་ཡོད་ན། མ་འོངས་བོད་ཀྱི་ཆབ་སྲིད་ཀྱི་འགྲོ་སྟངས་སྔོན་དུ་བཤད་ནས་བཙན་བྱོལ་བོད་མིའི་ཆབ་སྲིད་ཀྱང་དེ་དང་ཕྱོགས་མཐུན་དགོས་པ་གསལ་བ་ནས་བཙན་བྱོལ་བོད་མིའི་སྤྱི་འཐུས་གྲོས་ཚོགས་ནས་མ་་འོངས་བོད་ཀྱི་ཆབ་སྲིད་ལམ་ལུགས་ལ་བཟོ་བཅོས་བྱ་རྒྱུ་དེ་ཁྲིམས་ལུགས་དང་བཟང་སྤྱོད། ལྷག་དོན་དུ་བཅའ་ཁྲིམས་དོན་ཚན་ལྔ་པ་བཅའ་ཁྲིམས་ཀྱི་ཚད་འཛིན་ཟེར་བའི་འབྲུ་དང་ཕྱོགས་མཐུན་བྱུང་ཡོད་མེད་ཐེ་ཚོམ་ནང་ལྷག་པ་ནས་ཡུལ་མིའི་རྒྱལ་ཁབ་ཀྱི་གོ་དོན་ངོ་མ་རྒྱལ་ཁབ་ཀྱི་དབུ་འཁྲིད་(Head of nation)དང་། སྲིད་གཞུང་གི་འགོ་འཁྲིད་(Head of state) དེ་གཉིས་མི་མང་ནས་བདམས་པའི་མི་ཞིག་དགོས་པ་ལྟར། གོང་ས་མཆོག་ནས་སྲིད་དབང་མི་མང་ལ་རྩིས་སྤྲོད་གནང་རྒྱུའི་གསུང་འཕྲིན་སྤྱི་འཐུས་གྲོས་ཚོགས་ལ་ཕེབས་པའི་ནང་དུ་ཡང་ང་ཚོའི་བཅའ་ཁྲིམས་ནང་ཡུལ་མིའི་རྒྱལ་ཁབ་ཟེར་བའི་ཚིག་འཁོད་ཡོད་པ་ལྟར། དེ་དང་ཕྱོགས་མཐུན་དགོས་སྐོར་གསལ་སྟོན་གནང་འདུག་ཀྱང་།
ཁྲིམས་བཟོ་སྤྱི་འཐུས་གྲོས་ཚོགས་ནས་བཅའ་ཁྲིམས་བསྐྱར་བཅོས་ལ་ཁ་མ་ཕྱོགས་པ་དང་། སྲིད་དབང་རྩིས་སྤྲོདཟིན་པའི་རྗེས་ནས་ཡུལ་མིའི་རྒྱལ་ཁབ་(Republic) དེ་ཡུལ་མིའི་(སྲིད་སྐྱོང་)ལ་བསྐྱར་བཅོས་གནང་འདུག་ན། ཡུལ་མིའི་སྲིད་སྐྱོང་ཟེར་བའི་ཐ་སྙད་འདི་མང་གཙོའི་རིག་པའི་གཞུང་ལུགས་སམ་མང་གཙོ་ག་འདྲ་ཞིག་གི་ལམ་ལུགས་ལ་ཁ་ཕྱོགས་པ་ཡིན་གསལ་པོ་ཤེས་མ་སོང་ན། དེང་རབས་ཡར་ཐོན་མང་གཙོ་སྤྱིའི་ལྟ་གྲུབ་དང་མཐུན་པའི་ཡུལ་མིའི་རྒྱལ་ཁབ་(Republic) དེ་རང་སོར་བསྐྱར་བཅོས་དགོས་པ་ནི་བོད་ཀྱི་མང་གཙོའི་ལམ་ལུགས་དེ་ཡར་ཐོན་མང་གཙོའི་ལམ་ལུགས་དང་མཐུན་དགོས་པ་དེ་གལ་ཆེན་དོན་ཆེན་ཡིན་པའི་ངོས་འཛིན་དང་བཅས་ཡུལ་མིའི་རྒྱལ་ཁབ་(REPUBLIC) དེ་རང་འཇགས་བསྐྱོར་དགོས་པའི་འབོད་་སྐུལ་ཞུ་འདོད་བྱུང་།