གཅན་འོད་འབར།
ཡུལ་ལ་ལོག་ཤོག
མིག་ཟུང་མཆི་མས་སྒྲིབ་པའི་རི་བོ་འདི་ཚོས་ཁྱོད་ལ་རེ་སྒུག་བྱས་ཡོད།
ལག་ཟུང་བཙག་གིས་གཙེས་པའི་གཙང་བོ་འདི་ཚོས་ཁྱོད་ལ་ཕེབས་བསུ་བྱས་ཡོད།
ཡུལ་ལ་ལོག་ཤོག
གཞན་ཡུལ་ཇི་འདྲའི་སྐྱིད་ཀྱང་ཡུལ་ལ་ལོག་རྒྱུ་མ་བརྗེད།
རང་ལ་བཤད་པ།
ཅི་ཞིག་གི་ཆེད་དུ་གསོན་ཡོད་པ་མ་ཤེས་ལ།
གང་ཞིག་གི་སླད་དུ་ཤི་དགོས་པ་ཡང་མ་རྟོགས་མོད།
གང་ལྟར། ང་སྔར་བཞིན་ང་རྒྱལ་གྱིས་འཚོ་འདོད་ལ།
ང་སྔར་བཞིན་རང་འདོད་ཀྱིས་འཆི་འདོད།
རྒྱུ་མཚན་ནི། ང་ང་ཡིན་པ་ལས་ཁྱོད་ཚོ་མིན།
དྲན་ཤིང།
ངོ་གདོང་དེ་ངས་གཏན་ནས་བརྗེད་མ་མྱོང་པའི་མེ་ཏོག་ཡིན།
སྐད་ངག་དེ་ང་ནམ་ཡང་བསུན་མ་མྱོང་པའི་དབྱངས་སྙན་ཡིན།
གཤིས་ཀ་དེ་ངས་རྒྱུན་དུ་རྨི་བཞིན་པའི་རྨི་ལམ་ཡིན།
ཁྱོད་དང་ང།
མེ་ཏོག་ལྷ་རུ་བཞད་ཅིང།
སྦྲང་རྩིའི་ཟླ་འོད་འཇོ་དུས།
ཁྱོད་ང་ཡིན།
ང་ཁྱོད་ཡིན།
ངེད་གཉིས་ནམ་ཡང་གཅིག་ཡིན།
བར་ཐག
མཚམས་རེར་རི་ཆུ་དེའི་ཕ་རོལ་ཁྱོད་ཡིན་ན།
ཚུར་རོལ་ང་ཡིན་པས།
འུ་གཉིས་ཀྱི་བར་ཐག་གནམ་དང་ས་ཡིན།
ལན་རེར་བསིལ་རླུང་འདིའི་ནང་ལོགས་ཁྱོད་ཡིན་ན།
ཕྱི་ལོགས་ང་ཡིན་པས།
འུ་གཉིས་ཀྱི་བར་ཐག་ལུས་དང་སེམས་ཡིན།
ཕ་ཡུལ།
མིག་གིས་མཐོང་བའི་ཕ་ཡུལ་འདི།
སེམས་ཀྱིས་བསམ་པའི་ཕ་ཡུལ་དེ་མ་རེད་ལ།
ད་ལྟ་རིག་པའི་ཕ་ཡུལ་ནི།
བྱིས་དུས་ཀྱི་ཕ་ཡུལ་དེ་ཡང་མ་རེད།
ཡང་སྙིང་ཕ་ཡུལ་ནི་ངོ་མི་ཤེས་པའི་གདོང་པགས་རལ་ཧྲུལ་ཞིག་རེད་ལ།
རྒྱུས་མངའ་མེད་པའི་མིག་རིས་སྐམ་པོ་ཞིག་ཀྱང་་་་་།
སྙན་མོ་བྱུང་་་་བཀའ་དྲིན་ཆེ་་་ཞོར་ལ་་་་ང་ནམ་ཡང་སུན་མ་མྱོང་་་་་་དང་་་གདོང་པགས་ཧྲལ་ཧྲུལ་་་ཟེར་ན་ཨེ་འགྲིག་བསམ་སོང་།
ཁྱོ་ལ་ཆི་ཁག
བལྟས་བལྟས་རིག་རིག་མེད་ལ།
ཡོད་ཚད་སྟེང་འོག་བརྗེས་སོང་བའི་ངའི་ཡིད་སེམས།
སྐབས་རེར་ཁོང་ཁྲོ།
མཚམས་རེར་སེམས་ཁུར།
ངའི་ཁ་ལོ་དུས་ཀྱིས་སྒྱུར་ཞིང་།
ཐམས་ཅད་གཞན་ལ་བཅོལ།
ང་འཇིག་རྟེན་ན་ཡོད་རུང་།
ངའི་ཕ་ཁྱིམ་དྲོན་མོ་ད་དུང་སྙོར་མ་ཐུབ།
རེ་སྒུག་གི་ཉི་མ་མ་ནུབ་ན།
རྟེན་འབྲེལ་གྱི་ཁ་དར་ཕུལ་བར།
གོམ་གང་མདུན་སྤོ་བྱོས་ཚར།
ཨ་ཤི་རེ་ཁེར་རོ།
དྲ་གྲོགས་གཉིས་ཕེབས་ནས་བསམ་འཆར་གནང་བར་སེམས་ནས་དགའ་ཡོད། ཐུགས་རྗེ་ཆེ།