གངས་བུ་སྨྱུག་གཞོན།
བཟང་སྤྱོད་དབེན་པའི་ཁོར་ཡུག་དང་དེའི་ངོ་གདོང་། —–ཡུལ་ཤུལ་བའི་རིག་གནས་པ་ཡིན་ཟེར་མཁན་དག་ལ།
གནའ་བོའི་བོད་ཀྱི་མཁས་རྒན་ཚོས་ཐོས་རྟགས་ཞི་ཞིང་དུལ་བ་ཞེས་སྡོམ་ཚིག་གསེར་ཞུན་འདྲ་བོ་ཞིག་བཞག་ནས་བཞུད་སོང་ལ། དོན་དམ་དུ་འང་ཕྱི་མཚུངས་ནང་མཚུངས་ཀྱི་ཡོན་ཏན་དུ་མས་ཐུགས་རྒྱུད་ཕྱུག་ནས་ཡོད་པ་ནི་ཐོས་རྟགས་ཀྱིས་མི་གཞི་བཟོ་བཅོས་བྱེད་སྟངས་ཡག་ཤོས་དེ་རེད། ད་ལྟའི་ཆར་ཐོས་རྟགས་ཀྱིས་རང་རྒྱུད་མ་ཐུལ་བའི་ཁ་ཚོན་གཅོད་མི་ཐུབ་མོད། ཐོས་པ་བྱས་ཚད་རང་རྒྱུད་ཐུལ་སོང་བའི་སྡོམ་ཚིག་དེ་བས་ཀྱང་འགོད་ཐུབ་ཀྱི་མེད་པ་རེད།
ང་ལ་ཆ་རྒྱུས་ཡོད་པ་ནི་ཡུལ་ཤུལ་བ་ཡིན་ཞིང་། ད་ལམ་ཡུལ་ཤུལ་བའི་བསམ་ཤེས་དང་ཚོར་ཤེས་ཡིན་ཟེར་མཁན་ཚོའི་ཀུན་སྤྱོད་ལ་དཔགས་ནས་བཤད་ན། ཡུལ་ཤུལ་བའི་སློབ་ཕྲུག་དག་ས་གནས་གཞན་དུ་སོང་ཚེ་ཡུལ་དེ་གའི་བྱིས་པ་ཚོའི་སྤྱོད་པ་ལས་བརྒལ་བའི་མ་རབས་ཚུལ་གྱི་སྐད་ཆ་འཇིགས་སུ་རུང་བ་དེ་ཚོ་འང་བདེན་ཚོད་དུ་འདུག་ཅིང་། ཡུལ་ཤུལ་ས་ཆ་ནས་ཀྱང་ལྷག་པར་རྒྱུན་སྡོད་བྱ་སའི་ས་གནས་ཇི་ཙམ་མཐོ་ན་ཀུན་སྤྱོད་དེ་ཙམ་ངན་རབས་སྒྲོག་གི་འདུག་པ་འང་དཔྱད་པར་བྱ་བའི་གནས་སུ་འཁུམས།
ཉེ་ལམ་འཕྲིན་ཕྲན་གྱི་དྲ་བ་གསར་དུ་བསླེབས་དུས་ཁོ་བོས་ཡུལ་ཤུལ་བའི་སློབ་གཉེར་བ་དང་རང་ཡུལ་ནས་མཁས་མིང་ཡོད་མེད་འགའ་ལ་བསམ་གཟས་ཀྱིས་འབྲེལ་བ་བྱས་པ་ཡིན་ཞིང་། འབྲེལ་བ་བྱས་པའི་དམིགས་ཡུལ་ཡང་། སྤྱོད་པ་ཡ་རབས་ཚོར་མིག་དཔེ་ཡར་ལྟ་དང་། ལྟ་བ་གུ་ཡངས་ལ་རྒྱུས་ལོན། བསམ་བློ་བརྗེ་རེས། རྩོམ་ཡིག་དང་། འཕྲིན་གསར་ལྟ་ཀློག་གི་ཆེད་དུ་དང་། ལྷག་པར་གཤིས་འཇམ་གྱི་ཀུན་སྤྱོད་བཟང་པོ་འགའ་ནང་འབྲེལ་འདྲིས་བྱེད་འདོད་པས་ཡིན།
མ་བསམ་ས་ནས་ཁོ་བོའི་རེ་བ་ཡོངས་རྫོགས་རེ་སྟོང་དུ་སོང་ནས་ཡོད་ལ། ཁོ་ཚོ་ནི་ཀུན་སྤྱོད་བཟང་པོའི་ཚད་ཤིང་དང་། མིག་དཔེ་ཡར་ལྟ་བྱེད་ཡུལ་དེ་མ་ཡིན་པ་རྟོགས་སོང་། ཁོ་ཚོའི་ཁྲོད་དུ་ལྟ་བ་འདྲ་མཉམ་གྱི་ཁ་གཡང་སྒྲོག་མཁན་ཡོད་ལ། ཡ་རབས་དྲང་བདེན་ལ་སྐུལ་མ་གཏོང་མཁན་ཡོད། སྤྱི་ཚོགས་སྣེ་ཁྲིད་པའི་མིང་བཟང་ཁྱེར་མཁན་ཡོད་མོད། དོན་དུ་མི་རིགས་སྤྱི་ལ་བཟང་པོའི་སྲོལ་བཟང་བཞག་པ་ལྟ་ཅི། རང་གི་འགྲོ་འདུག་སྤྱོད་གསུམ་གྱི་འགན་ཐེག་གི་མེད་ལ། ཐ་ན་རང་གི་ཁྱིམ་ཚང་ཙམ་ལ་སློབ་གསོ་བཏང་ནས་ཡ་རབས་ཀྱི་ལམ་དུ་སྐུལ་བཞག་པ་ཙམ་ཡང་གོ་རྒྱུ་མེད།༼རང་ཡང་འདིའི་གྲས་སུ་གཏོགས༽
སྣེ་འཁྲིད་པ་དང་ལམ་སྟོན་པ་རུ་རློམ་པ་ཁོ་ཚོ་དོན་དུ་མི་རིགས་ཀྱི་མགྲིན་ཚབ་པ་ཞེས་པའི་ཐ་སྙད་འདོགས་ཡུལ་དེ་མ་ཡིན་པར་སྡར་མ་རང་སྣང་ཅན་དང་། བླུན་པོ་ཨུ་ཚུགས་ཅན་ཏག་ཏག་རེད་པའི་སྣང་བ་རེ་འང་སྟེར་བར་བྱེད་སྟེ། དཔེར་ན། མཁན་མིང་ཅན་དང་། བསམ་བློ་པ། སྒྱུ་རྩལ་པ། རྩོམ་པ་པོ་སོགས་ཀྱི་མིང་བྱང་གང་ཆེ་འགའ་ཁྱེར་བའི་ཁོ་ཚོ། དམ་པའི་སྐྱེས་ཆེན་ཚོར་མ་ཉེས་ཁ་ཡོག་བྱེད་པར་སྨྲ་ལྕེ་བདེ་བའི་ཁོ་ཚོ། གྲུབ་མཐའི་ཆགས་སྡང་གིས་སེམས་རྒྱུད་ཚོས་པའི་ཁོ་ཚོ། རིག་གནས་པའི་བར་ལ་ཕྱོགས་རིས་ཆེ་བའི་ཁོ་ཚོ། ཡང་དག་སྐྱེས་ཆེན་ཚོར་ཞྭ་མོ་བཟོ་བར་ཕྱག་ལག་བདེ་བའི་ཁོ་ཚོ། ཡ་རབས་དང་དྲང་བདེན་ལ་རྒྱབ་ཀྱིས་ཕྱོགས་པའི་ཁོ་ཚོ། དོན་དུ་མ་རབས་པ་དང་། གཤིས་རྒྱུད་གྱོང་བ། ང་རྒྱལ་མཐོ་བ། ཕྲག་དོག་གཞན་ལས་ཆེ་བ་སོགས་གསལ་ལྷང་ལྷང་དུ་མཐོང་ཐུབ་ཀྱི་ཡོད། དེ་འང་། མི་སྣ་འགའ་རེས་ནི་ཁ་བཤད་སྐམ་པོ་ཞིག་གིས་ཡོད་ཚད་འགྲུབ་སོང་བར་རློམ་ནས་ཡོད་ལ། ལ་ལས་ནི་ཐ་སྙད་རྫོབ་རོ་འགའ་རྡོ་ཆག་ལྷུ་བསྒྲིགས་བྱས་ནས་བླ་མེད་ཀྱི་སྙན་ངག་མཁན་དུ་རློམ་ནས་བསྡད་ཡོད།
སྐོར་ཞིག་ནི་ཁྱི་རྒན་རྡང་ལ་བཏགས་པ་ལྟར་ཁ་པར་དང་ཁ་མི་འབྲལ་བར་ཉིན་མཚན་མེད་པར་རང་ཉིད་ཆེ་བརྗོད་དང་འགྲེམ་སྟོན་ཏག་ཏག་བྱེད་ནས་བསྡད་ཡོད་ལ། ཡང་འགའ་རེས་ནི་རྒྱ་གྲོང་ཆེ་ཐག་ཆོད་པ་འགའ་རུ་སོང་ནས་རྒྱ་མི་ཚོའི་སྡོད་ཁང་རྫིག་པོ་འགའ་དང་མཉམ་དུ་བླངས་པའི་འདྲ་པར་འགའ་འགྲེམ་སྟོན་བྱེད་ནས་རང་ཉིད་སྔོན་ཐོན་པ་རུ་རློམ་ནས་བསྡད་འདུག
མདོར་ན་ང་རང་སྣང་མ་དག་པ་མིན་ན་ཁོ་ཚོས་སྤྱི་ཚོགས་ལ་བཞག་པའི་བཟང་སྤྱོད་ཕྲན་བུ་འགའ་ཡང་མཐོང་ཐོས་བྱུང་བ་ཉུང་ཉུང་ཡིན་ཨང་། དེ་བས་ན་ཁོ་ཚོའི་བྱ་སྤྱོད་ལ་ང་སུན་ནས་ཡོད། ཁོ་ཚོའི་སྣང་བརྙན་ལ་ང་ཞེ་མེར་ནས་ཡོད་དོ།།
གསལ་བཤད། ངས་འདི་ནས་སྡེ་ཡུལ་ཤུལ་བའི་མཁན་སྤྲུལ་ཡོངས་རྫོགས་བཟང་སྤྱོད་ཀྱིས་དབུལ་ནས་འདུག་ཅེས་གླེང་གི་མེད་པ་ཤེས་པར་གྱིས་ཤིག ད་དུང་སྐད་ཆ་ཐུང་ངུ་འདི་མཚང་ལ་ཕོག་པའི་སྐུ་ཞབས་ཁྱེད་ལ་བཟོད་གསོལ་དང་འགྱོད་བཤགས་བྱེད་ཀྱི་མེད་པའང་ཤེས་པར་གྱིས་ཤིག
༣༠༡༤/༡༠/༡༢ ཉིན་གྲུབ།
སྔོན་མ་ལྟས་ན་ད་ལྟ་ནང་ཆེན་ཡུལ་ཤུལ་མ་ལ་ཀུན་སྤྱོད་ག་འདྲ་ཡོད་མེད་ལ་མ་ལྟོས་པའི་རིགས་གནས་ཅན་གང་ཙམ་ཡོད་པ་ཡག་པོ་རེད།
ཁྱེད་ཀྱི་རྩོམ་འདི་ཡང་། གཡམ་རྒྱུག་དང་ཁ་ཕོ་ཆེ་བའི་གཡམ་བཤད་ལས། ཞིབ་ཕྲ་མིན་ལ། ཁུངས་མེད་ལ་འབེན་མེད་པའི་མུན་ནག་ལ་མདའ་འཕངས་པ་ལྟ་བུ་འདུག
རྩོམ་ཞིག་བྲིས་བསམ་ན། ཡུལ་གསལ་པོ་དགོས། བརྗོད་བྱ་གསལ་པོ་དགོས། རྐུན་མ་འཛིན་པར། མི་དེ་སུ་ཡིན་མིན་མ་བཤད་པར། ཁ་འདུག རྣ་འདུག སོ་འདུག ཁ་སྤུ་འདུག་ལྟ་བུ་བཤད་ནས། དོན་དངོས་རྐུན་མ་ངོས་འཛིན་མེད་པ་ལྟར། ཁྱེད་ཀྱིས་ཡུལ་ཤུལ་བ་ཟེར་དུས། དོན་དངོས་ཡུལ་གསལ་པོ་བསྟན་དགོས་པ་དེ་མིན་འདུག
རྩོམ་བཀླགས་རྗེས་འདུ་ཤེས་འདི་འདྲ་ཞིབ་སྦྱིན་ཏེ། རྩོམ་པ་པོ་སྙིང་སྟོབས་ཞན་པས། གླེང་ཡུལ་ལ་མཛུབ་མོ་བཙུགས་མི་ནུས་སམ། ཡང་ན་རྩོམ་པ་པོ་བློ་གྲོས་ཞན་པས་གླེང་ཡུལ་ངོས་འཛིན་མི་ཐུབ་བམ། ཁྱེད་ཀྱིས་གསུངས་དང་།