བདེ་འཇགས་ཕོ་ཉ།
ཕྱི་ལོ་ ༢༠༡༨ ལོའི་ཟླ་ ༩ ཚེས་ ༢༩ ཉིན་བདག་གིས་ཁ་བརྡ་དྲ་ཚིག་ཐོག་ཏུ་<<ཡེ་པི་གླེང་མོལ་མཉེན་ཆས་བཀོལ་ནས་བོད་དུ་ཡོད་པའི་ནང་མི་སྤུན་མཆེད་སོགས་ལ་སྐད་ཆ་བཤད་ན་སྐད་འཕྲིན་ལས་ལྡབ་བརྒྱ་འགྱུར་གྱིས་བདེ་འཇགས་ཡིན།(https://www.khabdha.org/?p=94859)ཞེས་པའི་རྩོམ་ཡིག་ཅིག་བྲིས་ནས་ཡེ་པི་གླེང་མོལ་མཉེན་ཆས་ངོ་སྤྲོད་ཞུས་པ་ཡིན། སྐབས་དེར་ཀློག་པ་པོ་ཁ་ཤས་ཀྱིས་ཡེ་པི་གླེང་མོལ་མཉེན་ཆས་ཁ་པར་ནང་ལ་ཕབ་ལེན་དང་ནང་འཇུག་བྱེད་སྟངས་བསླབ་རོགས་ཞེས་རེ་སྐུལ་གནང་བྱུང་། འོན་ཀྱང་སྐབས་དེར་ལས་བྲེལ་གྱིས་ཁོམ་མ་སོང་། ཟླ་འདི་དག་གི་རིང་ལ་རྒྱ་ནག་གཞུང་གིས་སྐད་འཕྲིན་(wechat)ཞིབ་བཤེར་བྱས་ནས་བདག་གིས་ངོ་ཤེས་པ་ཁ་ཤས་ལ་ཉེན་བརྡ་བརྒྱབ་པ་དང་། ལ་ལ་བདུན་ཕྲག་གཅིག་ཙམ་བཀག་ཉར་བྱས་པའང་བྱུང་སོང་། དེ་ག་ནང་བཞིན་བདག་གིས་ངོ་མི་ཤེས་པ་མང་པོ་ཞིག་ཀྱང་དཀའ་ངལ་ནང་དུ་ཚུད་ཡོད་པ་སྨོས་ཅི་དགོས། ད་ལྟ་བསམ་བློ་གཏོང་སྐབས། ན་ནིང་ནས་བདག་གིས་ངོ་སྤྲོད་གསལ་པོ་ཞིག་བྱས་ཡོད་ན། ད་ལྟ་མི་མང་པོ་ཞིག་ལ་དཀའ་ངལ་ཕལ་ཆེར་འཕྲད་ཡོད་རྒྱུ་མ་རེད་བསམས་ནས་འགྱོད་པ་ཞིག་ཀྱང་སྐྱེས།
ལ་ཡེན་དང་ཝ་ཙི་ཨབ་སོགས་བདེ་འཇགས་ཡག་པོ་ཡོད་པའི་གླེང་མོལ་མཉེན་ཆས་འགའ་ཡོད་མོད། དེ་དག་ནི་ཝིས་ཕིས་ཨེན་མེད་ན། བོད་ནང་ལོགས་ནས་བཀོལ་མི་ཐུབ་པ་ཡིན་ལ། རྒྱ་ནག་ཏུ་བཟོས་པའི་ཁ་པར་ནང་ལ་ཝིས་ཕིས་ཨེན་ཕབ་ལེན་བྱ་རྒྱུ་ཁོ་རང་མེད།
དེར་བརྟེན་བདག་གིས་དེ་རིང་ཡང་བསྐྱར་ཡེ་པི་གླེང་མོལ་མཉེན་ཆས་ཕབ་ལེན་དང་ནང་འཇུག་བྱེད་སྟངས་ངོ་སྤྲོད་གསལ་པོ་ཞིག་བྱ་རྒྱུ་ཡིན། གླེང་མོལ་མཉེན་ཆས་འདི་ལ་རྒྱ་ནག་གིས་བཟོས་པའི་སྐད་འཕྲིན་ལས་དགེ་མཚན་ལྡབ་བརྒྱ་ཕྲག་གིས་ཕྱུག་ཅིང་། དེ་དག་རེ་རེ་བཞིན་སོ་སོས་བཀོལ་སྤྱོད་སྐབས་ཤེས་ཐུབ།
དང་པོ་ཁྱེད་ཀྱིས་རྩ་གཉིས་ཨང་བཤེར་འདི་སྐད་འཕྲིན་ནང་དུ་བསྐུར་རྗེས་དེའི་ཐོག་མཛུབ་མོ་ནོན་དང་། འདི་འཆར་ཡོང་གི་རེད། དེ་ནས་Extract QR Code ལ་མཛུབ་མོས་ནོན་དང་། འདི་འཆར་ཡོང་གི་རེད། དེ་ནས་ཁྱེད་ཀྱིས་Username ནང་ལ་གླེང་མོལ་ཁ་བྱང་དབྱིན་ཡིག་གམ་ཕེན་ཡེན་བརྒྱག་དགོས། Password ནང་ལ་གསང་ཚིག་བརྒྱག་དགོས། དེ་ནས་Confirm Password ནང་ལ་ཡང་བསྐྱར་གོང་གི་གསང་ཚིག་དེ་གཅིག་པ་གཅིག་རྐྱང་ཞིག་བསྐྱར་འབྲི་བྱོས། དེ་ནས་ Phone རེའུ་མིག་འདིའི་ནང་རང་ཉིད་སྡོད་སའི་རྒྱལ་ཁབ་བདམ་རྗེས་རང་ཉིད་ཀྱི་ཁ་པར་ཨང་གྲངས་བརྒྱག་དགོས། དེ་ནས་SEND CODEསྟེང་ལ་མཛུབ་མོས་ནོན་དང་། ཁྱེད་ཀྱི་ཁ་པར་ནང་ལ་ཨང་གྲངས་ཤིག་འབྱོར་གྱི་རེད། ཨང་གྲངས་དེ་གཤམ་གྱི་Verification Code ནང་ལ་བརྒྱབ་ནས་REGISTER སྟེང་ལ་མཛུབ་མོས་ནོན་དང་། རང་འགུལ་གྱིས་App Store ནང་ནས་ཡེ་པི་གླེང་མོལ་མཉེན་ཆས་ཕབ་ལེན་བྱེད་མགོ་བརྩམས་ཀི་རེད། ཡེ་པི་(Yippi)མཉེན་ཆས་ཕབ་ལེན་བྱས་ཚར་སོང་ན། ད་ལྟ་རང་གསར་བཟོ་བྱས་པའི་གླེང་མོལ་ཁ་བྱང་དང་གསང་ཚིག་དེ་བཀོལ་ནས་ནང་འཛུལ་བྱ་དགོས།