ཤར་ཕྱོགས་ཁུག་རྟ།
༧གོང་ས་མཆོག་གིས་བོད་དོན་ལ་ཐུགས་སྣང་གནང་མི་ཆོག་ག་རེ་ཡིན་ནམ།
༧གོང་ས་མཆོག་གིས་རང་གི་ཆབ་སྲིད་ཀྱི་ཐུགས་འགན་ཡོད་ཚད་མི་མང་གིས་འོས་འདེམས་བྱས་པའི་འགོ་ཁྲིད་ལ་གནང་རྗེས། འཛམ་གླིང་གི་ཆབ་སྲིད་དེབ་ཐེར་ནང་ལོ་རྒྱུས་གསར་བ་ཞིག་བྲིས་ཡོད་ལ། ལོ་རྒྱུས་དེའང་མང་གཙོ་དང་དྲང་བདེན་གྱི་སྲོག་ཏུ་བྱས་ཡོད། ཡིན་ནའང་སྒེར་གཅོད་དབང་འཛིན་པ་རྒྱ་ནག་གཞུང་གིས་༧གོང་ས་མཆོག་གི་ཆབ་སྲིད་ཐད་ཀྱི་དགོངས་ཞུ་གནང་བ་ནི། རང་ཉིད་ལ་གནའ་ནས་ཕོག་ཚར་བའི་སྐྲད་ནད་ངོས་འཛིན་བྱེད་པོ་ཞིག་ཏུ་བརྩིས་ཏེ། ནང་ཁོག་རུལ་ཟིན་པའི་སྐྲད་ནད་དེ་ད་དུང་ཕྱི་ཐུམ་མཛེས་བོ་ཞིག་གིས་གཡོག་རྩིས་ཐེངས་མང་བྱེད་ཀྱི་ཡོད་པ་རེད་ལ། བརྒྱུད་ལམ་རྫུན་བཟོ་བྱས་ཏེ་ནང་ཁོག་རུལ་བའི་གནས་སྟངས་དེ་ཉིད་ཐ་ན་རང་གི་མི་མང་ལའང་སྟོན་འདོད་མེད་པ་རེད་མོད། ཡིད་སྐྱོ་དགོས་པ་ཞིག་ནི། དེང་དུས་བརྡ་འཕྲིན་དུས་རབས་ནང་༧གོང་ས་མཆོག་གིས་ཆབ་སྲིད་ཀྱི་ཐུགས་འགན་མི་བཞེས་རྒྱུའི་གནས་ཚུལ་དངོས་མ་འཛམ་གླིང་ནང་གསལ་བོ་ཆགས་པ་དེ་རེད།
༧གོང་ས་མཆོག་མི་ཞིག་ཡིན་པ་དང་། དགེ་སློང་ཞིག་ཡིན་པ། བོད་པ་ཞིག་ཡིན་ནའང་། བོད་མི་རིགས་ལ་འཁྲི་པའི་ཆབ་སྲིད་ཀྱི་ལས་དོན་ཡོངས་རྫོགས་མཚམས་འཇོག་དགོས་རྒྱུའི་འདོད་འདུན་སྨྲ་རྒྱུ་རྒྱ་ནག་གཞུང་ལ་ངོ་ཚ་དང་འཛེམ་དོགས་ཅི་ཡང་མེད་ནའང་། ༧གོང་ས་མཆོག་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་བྱེད་མཁན་ཞིག་ཡིན་སྟབས། རྒྱ་ནག་གཞུང་གི་ཐུགས་འདོད་སྐོང་མི་ཐུབ་པ་ཅི་ལ་མི་མཁྱེན་ནམ། ལོ་རྒྱུས་ནས་ཡོད་པའི་ཆབ་སྲིད་ཀྱི་ཐུགས་འགན་མ་བཞེས་ཚེ། བོད་མི་ཞིག་ཡིན་པའི་འགན་བབ་དོར་དགོས་ཞེ་ན་མི་རྣམས་ཀྱི་རྣ་ལ་འགྲོ་ཐུབ་པ་ཞིག་རེད་དམ། སྐད་ཆ་འདི་དེང་སང་སྲིད་དོན་སྡིངས་ཆའི་སྟེང་གི་ཆེས་ཉམ་ཐག་ཤོས་དེ་མ་རེད་དམ།
ཟླ་བ་7 པ་འདི་ནི་ཨ་རིའི་མི་མང་ལ་མཚོན་ན། ༧གོང་ས་མཆོག་གིས་ནང་ཆོས་ཀྱི་ཟབ་གནད་ཆར་བཞིན་བསྩལ་པའི་ཟླ་བ་དེ་ཡིན་ལ། ལྷག་པར་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་བཀའ་དྲིན་བསྩལ་ནས་༧གོང་ས་མཆོག་གི་མཐའ་བསྐོར་དུ་” སྲིད་འཛིན་ཧུའུ་ཅིན་ཐོའི་མཐའ་བསྐོར་དུ་འདུས་པ་ལས་” ཀྱང་མི་རིགས་འདྲ་མིན་གྱི་མི་བུ་སྟོང་ཕྲག་བརྒལ་བ་འདུས་ཡོད། མི་རྣམས་ཀྱི་ཚེ་སྲོག་གི་གྲུབ་ཆ་གཙོ་བོ་ཡིན་པའི་”རང་དབང་”ལ་རྒྱུས་མངའ་ཡོད་མཁན་ཞིག་ཡིན་ན། ༧གོང་ས་མཆོག་གི་མཐའ་བསྐོར་དུ་འདུས་ཤིག་ཅེས་སྐད་རྒྱག་མི་དགོས་པ་འདི་གཅིག་པུས་ཀྱང་། རང་དབང་གྲུབ་ཆར་གྱུར་བའི་ཚེ་སྲོག་ལ་ད་གཟོད་བརྟན་བརླིང་ཡོད་པ་མཐོང་ཞིང་། མི་གཙོ་བོ་ཡིན་པ་དང་ཚེ་སྲོག་གཙོ་བོ་ཡིན་པའང་མཐར་གཏུག་ན་རང་དབང་ཡོད་མེད་ཀྱིས་མཚམས་འབྱེད་ཐུབ་པ་ནི་ཆོས་རྣམ་འབྱེད་ཀྱི་མིག་ལ་སྣང་ཐུབ་པ་ཞིག་ཅི་ལ་མིན་ནམ།
མི་རྣམས་དེ་ལྟར་རང་དབང་དང་ངང་གིས་༧གོང་ས་མཆོག་གི་མཐའ་བསྐོར་དུ་འདུས་ཏེ། ཨ་རིའི་ཕོ་བྲང་དཀར་པོའི་ཕྱི་ནང་གཉིས་སུ་༧གོང་ས་མཆོག་གི་ཡོན་ཏན་གྱིས་རབ་ཏུ་ཀུན་ཏུ་ཁེངས་པ་ནི། ” མི་གཙོ་བོ་ཡིན་པར་སྒྲོག་ལ་དགའ་བ་དང་། སྲིད་འཛིན་ཧུའུ་ཅིན་ཐའོ་དང་ཏང་ཀྲུང་དབྱང་གི་མཐའ་བསྐོར་དུ་འདུས་རོགས་ ” ཟེར་བའི་རྒྱ་ནག་གུང་བྲན་དང་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བ་མ་ཡིན་ནམ། ༧གོང་ས་མཆོག་གིས་རང་བྱུང་དང་རང་དབང་གི་འདུ་ཚོགས་ཆེན་མོ་དེའི་ཡོ་འཁྱོམ་ཁྲོད་ནས་མི་རྣམས་ལ་ཟབ་རྒྱས་གསུང་གི་ལམ་སྟོན་བྱས། མཇལ་འཕྲད་གནང་བ་ནི་” ཏཱ་ལའི་ཆབ་སྲིད་དང་ཁ་མ་བྲལ་བའི་”རྟགས་སུ་བཀོད་པ་ནི་རྒྱ་ནག་གཞུང་གིས་ཨ་རིའི་ནང་སྲིད་ལ་ཐེ་བྱུས་བྱས་པ་དང་། ཨ་རིའི་མི་མང་གི་མངོན་འདོན་ལ་རྡོག་རྫུས་བཏང་བ་ཞིག་རེད།
ཟླ་ ༧ ཚེས་ ༡༦ རེས་གཟའ་སྤེན་པ། ཝ་ཤིན་ཊོན་གྱི་སྔ་དྲོའི་ཆུ་ཚོད་ ༡༡ སྐར་ ༣༥ སྟེང༌ཨ་རིའི་སྲིད་འཛིན་སྐུ་ཞབས་བྷ་རཀ་ཨོ་བྷ་མ་མཆོག་གིས་༧གོང་ས་༧སྐྱབས་མགོན་ ཆེན་པོ་མཆོག་ཕོ་བྲང་དཀར་པོར་གདན་ཞུ་གནང་སྟེ་མཇལ་འཕྲད་དུས་ཡུན་སྐར་མ་ ༤༥ ཙམ་གནང་སྐབས། ༧གོང་ས་མཆོག་གིས། ” ངོས་རང་དེ་རིང་འདིར་སྐུ་ཉིད་ལ་ང་ཚོའི་འགྱུར་བའི་སྐོར་སྙན་སེང་ཞུ་བར་བཅར་བ་ ཡིན་ཞེས་” བཀའ་གནང་ཡོད། སྲིད་འཛིན་མཆོག་གིས་གསུང་དོན། “༧གོང་ས་ཏཱ་ལའི་བླ་མ་མཆོག་གཞི་རྩའི་མང་གཙོའི་ལམ་ལུགས་ལ་གུས་བརྩི་ཡོད་སྐོར་ ངས་ཤེས་ཀྱི་ཡོད། འོན་ཀྱང་བོད་རྒྱ་འབྲེལ་ལམ་གྱིས་གཙོས་པའི་བོད་མི་རིགས་ཀྱི་ལས་དོན་གནད་འགག་ཆེ་རིགས་ཐད་བོད་རིགས་ཚང་མའི་ཡིད་ཆེས་བྱེད་ཡུལ་༧གོང་ས་ཏཱ་ལའི་བླ་མ་མཆོག་ཉིད་གཅིག་པུ་ཆགས་ཡོད་པར་བརྟེན། མུ་མཐུད་ནས་ཐུགས་འགན་བཞེས་དགོས་ཞེས་” གསུངས་པར་། ༧ གོང་ས་མཆོག་ནས། ” དེ་ལྟར་ཡིན་དང་ཡིན། ངོས་རང་བོད་མི་ཞིག་ཡིན་པའི་ཆ་ནས་བོད་མི་རིགས་ཀྱི་ཁེ་ཕན་ཐད་གང་ཞིག་བྱེད་དགོས་ཀྱང་དེ་ལྟར་བྱེད་རྒྱུ་ནི་ངོས་ཀྱི་ལས་འགན་ཡིན་ཞེས་ ” གསུངས་ཡོད་པ་རེད།
སྲིད་འཛིན་ཨའོ་པ་ན་ནི་མི་རིགས་ནག་པོའི་མི་ཞིག་ཨ་རིའི་སྲིད་འཛིན་དུ་བཞེངས་བ་ཐོག་མ་ཡིན་པས། ཨ་རིའི་ལོ་རྒྱུས་ཀྱི་ཤོག་ལྷེ་གསར་བ་ཞིག་ཡིན་ལ། ད་དུང་ནོ་ཝེ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ཞིག་ཀྱང་ཡིན་པས། ༧གོང་ས་མཆོག་ལ་མཇལ་རྒྱུ་ནི་མཐར་གཏུག་ན་ཁོང་གིས་འགྲོ་བ་མིའི་དོན་དམ་བདེ་སྐྱིད་ལ་འགན་བཞེས་པའི་མཚོན་རྟགས་ཤིག་ཀྱང་ཡིན།
༧གོང་ས་མཆོག་ལ་གྲོས་མོལ་བྱེད་འདོད་མེད་ལབ་ན་མི་རྣམས་གད་མོ་མི་ཤོར་རམ།
དུས་རབས་ཉེར་གཅིག་པ་ནི་གྲོས་མོལ་གྱི་དུས་རབས་ཤིག་ཡིན་པར་གསུངས་མཁན་ནི་༧གོང་ས་མཆོག་ཡིན་ལ། གྲོས་མོལ་གྱིས་རྒྱལ་ཁབ་ནས་ཁྱིམ་ཚང་བར་གྱི་རྙོག་གླེང་འདུམ་སྒྲིག་བྱེད་ཐུབ་པར་སྨྲ་མཁན་ཡང་༧གོང་ས་མཆོག་ཡིན། དེ་ནི་༧གོང་ས་མཆོག་གིས་གསུངས་པ་ཙམ་མིན་ལ་ལག་ལེན་བསྐྱལ་མྱོང་བས། རྩིས་མེད་བཏང་ཟིན་པའི་གྲོས་ཐུན་དོན་ཚན ༡༧ ཀྱང་གྲོས་མོལ་གྱི་ལམ་ནས་བྱུང་བ་དང་། སྲིད་འཛིན་མའོ་ཙེ་ཏུང་སོགས་ལའང་དགུང་ན་ཕྲ་བའི་སྐྱེས་བུ་ཤེས་རབ་ཅན་དེས་གྲོས་མོལ་གྱི་རིན་ཐང་འགྲེལ་བཤད་གནང་མྱོང་། མདོར་ན་གྲོས་མོལ་གྱིས་གནད་དོན་གང་ཡང་གསལ་བོ་དང་ཐག་གཅོད་བྱུང་ངེས་པའི་མེ་ཚུག་མེ་གཏུག་གི་ལོ་ངོ་བརྒྱད་ཀྱི་རྒྱ་ནག་དང་མཉམ་སྡོད་བྱས་པའི་དུས་སྐབས་ནི། སྡོམ་རྒྱབ་ན་གྲོས་མོལ་གྱི་དུས་སྐབས་ཤིག་ཡིན། གྲོས་མོལ་གྱི་གཤིས་ཀ་འཇགས་པའི་སྐྱེས་བུ་རླབས་ཆེན་དེས། གྲོས་མོལ་ལས་སྡུག་རྩུབ་མཆོག་ཏུ་འཛིན་པའི་རྒྱ་གཞུང་གི་བྱ་སྤྱོད་ལ་སུན་སྣང་མེད་པར། བཙན་བྱོལ་དུ་འབྱོར་ནས་ཀྱང་གྲོས་མོལ་ནི་ཆབ་སྲིད་ཀྱི་ཁྱབ་ཁོངས་གཅིག་པུའི་སྤྱོད་བྱ་མིན་པར། རིག་གནས་ཤིག་གི་ངོ་བོར་དྲངས་ཏེ་རྒྱལ་སྤྱིའི་ཁྱོན་དུ་མིའི་འཚོ་གནས་དང་འབྲེལ་ཐབས་མེད་པ་ཞིག་ཡིན་པའི་གནས་སྟངས་གསལ་རྗེན་བྱས་ཡོད། དེ་བས་གྲོས་མོལ་ནི་༧གོང་ས་མཆོག་གི་མཛད་འཕྲིན་གྱི་གྲུབ་ཆ་ཞིག་ཀྱང་ཡིན།
༡༩༧༩ ནས་སྲིད་འཛིན་ཏེང་ཞའོ་ཕེན་གྱིས་གྲོས་མོལ་གྱི་སྒོ་རྡུང་བ་ནས། ༧གོང་ས་མཆོག་གིས་ལྷག་བསམ་རྣམ་གིས་གྲོས་མོལ་བྱེད་དགོས་པའི་སྐུལ་མ་ཡང་ཡང་གནང་ཡོད། ༡༩༩༢ ཟླ ༧ ཚེས ༢༣ ཉིན་ཏེན་ཞའོ་ཕེན་དང་ཙང་ཙེ་མིན་ལ་བསྩལ་བའི་འཕྲིན་ཡིག་ནང་ ” ངོས་ནས་དཀའ་རྙོག་སེལ་ཐབས་ནི་ཕན་ཚུན་གྲོས་མོལ་བྱེད་པའི་ལམ་ཕྱོགས་ཁོ་ན་ཡིན་ཞིང༌། བོད་དང༌། རྒྱ་ནག་མི་མང་གཉིས་ཕྱོགས་སུ་ཕན་པའི་ལྷག་བསམ་གུ་ཡངས་བཅངས་ཏེ་ང་ཚོའི་དཀའ་རྙོག་གྲོས་མོལ་གོ་བསྡུར་གྱིས་སེལ་ཐབས་བྱེད་དགོས་པར་ཡིད་ཆེས་བྱེད་བཞིན་ཡོད། ” ཅེས་གསུངས་ཡོད། ༧གོང་ས་མཆོག་གིས་གྲོས་མོལ་ལ་བཅངས་བའི་ཡིད་ཆེས་ཅུང་ཙམ་བརླག་མེད་པར།
༢༠༠༢ ནས་བྱུང་བའི་ད་བར་གྱི་གྲོས་མོལ་རིམ་བྱུང་ནང་སྐུ་ཚབ་རྣམ་པས་གྲོས་མོལ་བྱས་རིམ་ནང་། འབྲེལ་བ་རྒྱུན་མི་ཆད་པ་བྱེད་རྒྱུ་ནི་གཞི་རྩའི་རྩ་དོན་ཞིག་ལ་བརྩིས་གནང་ཡོད་པ་རེད། ཡིན་ནའང་། ཡེ་རྡོར་འཐབ་ཕྱོགས་གཅིག་གྱུར་པས། ” ༧གོང་ས་མཆོག་ལ་གྲོས་མོལ་བྱེད་འདོད་དངོས་གནས་ཡོད་མེད་” བརྗོད་པ་ནི་སྔ་ཚིག་ཕྱི་འགལ་གྱི་གཏམ་ཞིག་མ་རེད་དམ། གང་ཡིན་ཞེ་ན་ད་བར་འབྲེལ་མོལ་ཐེངས་དགུ་བྱས་ཟིན་པ་ནི་ཉི་མ་བསྐྱལ་ཐབས་ཤིག་ཏུ་༧གོང་ས་མཆོག་གིས་ནམ་ཡང་བརྩིས་མྱོང་མེད། འོན་ཀྱང་རྒྱ་ནག་གཞུང་འདི་མནའ་བསྐྱལ་དམ་གནས་ལ་ཡིད་ཆེས་མེད་ནའང་། གྲོས་མོལ་བྱེད་འདོད་ཀྱི་ཀུན་སློང་ཡོད་མེད་ལ་མནའ་བསྐྱལ་དགོས་པའི་དགོངས་ཚུལ་འདོན་པ་ནི། དོན་དངོས་སུ་འ་ཆད་འུ་ཐུག་པའི་གླེན་རྟགས་དངོས་གནས་དེ་རེད། སྐད་ཆ་འདི་ཐོན་མ་ཐག འཐབ་ཕྱོགས་གཅིག་གྱུར་ཁང་གི་དབུ་ཁྲིད་རྣམས་དང་མདུན་ཅོག་གཅིག་གི་སྒང་གྲོས་མོལ་གནང་མྱོང་བའི་སྐུ་ཚབ་སྐལ་བཟང་རྒྱལ་མཚན་མཆོག་གིས་གསུངས་རྒྱུར། ” རྒྱ་ནག་གཞུང་གི་མགྲིན་ཚབ་པ་དང་འགོ་ཁྲིད་ཚོས་དེ་སྔོན་ནས་རྒྱ་བོད་གཉིས་ཀྱི་འབྲེལ་བའི་ཐོག་ལ་དངོས་ཡོད་གནས་ཚུལ་དང་མི་མཐུན་པའི་སྐད་ཆ་མང་དག་ཅིག་བཤད་དང་ཤོད་མུས་ཡིན་པར་བརྟེན། ད་ལྟ་རྒྱ་ནག་གི་གསར་ཤོག་ནང་ཐོན་པའི་གནས་ཚུལ་གང་ཡིན་རུང་འཁྱོག་བརྗོད་ཁོ་ན་རེད། ང་ཚོ་ཕྱི་ལོ་ ༢༠༡༠ ཟླ་ ༡ པའི་ཟླ་མཇུག་ལ་ཐུག་འཕྲད་ཐེངས་དགུ་པ་དེ་བྱས་པ་རེད། དུས་དེ་ནས་བཟུང་ད་ལྟ་བར་བཀའ་མོལ་གང་ཡང་བྱུང་མེད། རྒྱལ་སྤྱིའི་ནང་གི་གཞུང་མང་པོ་ཞིག་གིས་རྒྱ་ནག་གཞུང་ལ་ཡང་ནས་བསྐྱར་དུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་ལྷན་བཀའ་མོལ་གནང་དགོས་འདུག་ཅེས་གནོན་ཤུགས་ཆེན་པོ་སྤྲོད་ཀྱི་ཡོད། རྒྱ་ནག་གཞུང་ཕྱོགས་ནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་ནག་གཞུང་དང་ལྷན་བཀའ་མོལ་མཛད་རྒྱུ་ཡིན་ཞེས་པའི་བཀའ་སློབ་རབ་དང་རིམ་པ་སྩལ་བ་དེ་དག ལྷག་བསམ་རྣམ་དག་མ་རེད་ཅེས་འཁྱོག་བརྗོད་བྱེད་པ་ནི་རྒྱལ་སྤྱིའི་གནོན་ཤུགས་འགེབས་སྲུང་བྱ་རྒྱུའི་ཆེད་དེ་ལྟར་བརྗོད་ཀྱི་ཡོད་པ་རེད།
ཡང་སྐུ་ཚབ་མཆོག་གིས། དེ་བཞིན་ཕྱི་ལོ་ ༢༠༠༢ ནས་བོད་རྒྱ་འབྲེལ་མོལ་བསྐྱར་མཐུད་བྱུང་རྗེས་ཕྱི་ལོ་ ༢༠༠༧ དང་ ༢༠༠༨ ལ་ང་ཚོ་ཐུག་འཕྲད་བྱུང་བ་རེད། དེ་རྗེས་རྒྱ་ནག་གཞུང་ནས་གཏམ་བཤད་ཅིག་གི་ནང་” བོད་པའི་སྐུ་ཚབ་དེ་དག་གིས་འབྲེལ་མོལ་བྱེད་སྐབས་ཡར་ལངས་ཏེ་ཕྱིན་པ་དེ་ནི་སྐད་ཆ་ཤོད་འདོད་མེད་པའི་རྣམ་འགྱུར་གསལ་པོ་བསྟན་པ་རེད་”ཅེས་པ་ལྟ་བུའི་རྫུན་གཏམ་དང་འཁྱོག་བཤད་མང་དག་ཅིག་བྱས་ཡོད། གང་ལྟར་རྒྱ་ནག་གཞུང་གིས་རྒྱ་བོད་གཉིས་ཀྱི་འབྲེལ་བའི་ཐོག་ལ་དངོས་བདེན་མ་ཡིན་པའི་འགྲེལ་ལོག་པ་མང་པོ་ཞིག་རྒྱག་བཞིན་པ་དང་། དུས་ད་ལྟ་ཡིན་ཡང་མུ་མཐུད་དེ་ལྟར་བཤད་བཞིན་འདུག” ཅེས་གསུངས་ཡོད།
འོ་ན་གྲོས་མོལ་གྱི་ལྷག་བསམ་སུ་ལ་ཡོད་མེད་ཀྱང་རྒྱ་ནག་གཞུང་ཕྱོགས་ནས་རང་སྐྱོན་ངོས་ལེན་བྱེད་ཐུབ་ན་མི་དགའ་འམ། མཐའ་དོན་ནན་བརྗོད་བྱེད་འདོད་པ་ཞིག་ནི། སྨྱུག་འཛིན་པས་མཐོང་བའི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱོགས་ན། འབྲེལ་མོལ་གྱི་སྒོ་མོ་ནི་སྔར་ལས་ལྷག་བསམ་རྣམ་དག་གིས་ཕྱེས་འདུག་ཅིང་། ༧གོང་ས་མཆོག་སྐུ་སྒེར་དང་དེའི་མཐའ་འཁོར་གྱི་མི་ཁ་ཤས་ཀྱི་འཚོ་གནས་གླེང་བྱ་མ་ཡིན་ལ། བོད་ཀྱི་བདེ་སྡུག་གླེང་བྱ་ཡིན་པའི་འབྲེལ་མོལ་གྱི་སྒོ་མོ་སྟོབས་ཀྱིས་ཕྱེས་འདུག་པས། ༧གོང་ས་མཆོག་གི་ཕྱག་འཇུ་གནང་སྟེ་ཁྲིད་བཞིན་པའི་བདམས་ཐོན་བཀའ་ཁྲི་བློ་བཟང་སེང་གེ་དང་ཚོགས་གཙོ་སྤེན་པ་ཚེ་རིང་གཉིས་ནི། ཁོང་གིས་ཆབ་སྲིད་ཀྱི་ཐུགས་འགན་རྩིས་སྤྲོད་གནང་སའི་མི་རབས་གསར་བའི་དབུ་ཁྲིད་དང་། མི་མང་གིས་འོས་འདེམས་བྱས་པའི་འགོ་ཁྲིད་རེད་འདུག་པས། ཁོང་ཚོས་གྲོས་མོལ་གྱི་སྒོ་མོ་དེ་བས་ཀྱང་གཟི་བརྗིད་ཀྱིས་ཕྱེས་འདུག
ཞོར་དུ་བཤད་དགོས་པ་ཞིག་ནི། སྨྱུག་འཛིན་པས་རྩོམ་འདི་གྲུབ་མཚམས་ལས་རོགས་ལ་མིག་སྟོན་བྱས་པ་ཡིན། སྐབས་དེར་ཁོང་གིས་” ད་ཐེངས་ཡེ་རྡོར་སྤྱང་དྲགས་ནས་༧གོང་ས་མཆོག་གིས་ཨའོ་པ་མར་མཇལ་འཕྲད་གནང་བ་དང་། བདམས་ཐོན་བཀའ་སྤྱིའི་དབུ་ཁྲིད་རྣམ་གཉིས་ཁྲིད་དེ་ཨ་རིའི་གྲོགས་པོ་རྙིང་པ་དག་དང་ངོ་སྤྲོད་བྱས་པ། ཨ་རི་ནས་དུས་དབང་བསྩལ་བ་བཅས་ཀྱི་གནས་ཚུལ་བོད་ནང་དུ་རང་བཞིན་གྱིས་གསལ་བསྒྲགས་བྱས་འདུག་པས། ཁོང་ལ་བསྟོད་བསྔགས་ཞིག་ཀྱང་འབབ་ཚོད་གདའ་” ཞེས་གསུངས་སོང་། དེས་ན་ངས་ཀྱང་ཁོང་ལ་ཞོར་དུ་བསྟོད་བསྔགས་ཞུ་རྒྱུ་ཡིན།
༢༠༡༡ ཟླ ༧ ཚེས ༢༧ ལ་བྲིས།
ཁྱེད་རང་གི་རྩོམ་མང་དྲགས་ནས་ཉོབ་སོང།
དགོངས་དག རྗེས་སུ་་་་་་་་་་་་་་་་
ཨ་རོགས་ཤར་ཁུག ཁ་ཉིན་འཐབ་ཕྱོགས་གཅིག་གྱུར་ཁང་གི་གསོལ་སྟོན་ཐོག་སིད་སུ་ནས་བོད་པ་འགའ་ཡང་ཞུགས་འདུག་ལ། དེའི་ནང་གངས་ཅན་བླ་མ་ཟེར་བ་སོགས་ཡོད་ཚོད་འདུག སིད་སུའི་བོད་རིགས་ཞུགས་མཁན་དེ་ཚོའི་ནང་ཁྱོད་ལ་ངོ་རྟགས་ཆོད་མཁན་འདྲ་འདུག་གམ། ཡོད་ན་དྲ་ཐོག་འདིར་ཅིག་བཀོད་རོགས། གོ་ཚོད་ལ་ཁྱེད་རང་གིས་འཐབ་ཕྱོགས་གཅིག་གྱུར་གྱི་སྐོར་ཡག་པོ་ཤེས་པ་མ་ཟད། སིད་སར་ཡང་འབྲེལ་ཡོད་སྐད་གོ་སོང་།
ཤར་ཕྱོགས་ཁུག་རྟ་ལགས། རྕོམ་འདི་བརྗོད་གཞི་ཟབ་མོ་དང་ཚིག་སྦྱོར་ཡན་ནས་སྤུས་དག་པོ་བྱུང་འདུག་ན། ཞེ་བསམ་པའི་སྟེང་ནས་གུས་བརྩི་ཞུ། འདི་ལྟར་རིན་དོན་ཅན་གྱི་རྩོམ་རེ་ཀློག་དུས་རང་བཞིན་གྱིས་སེམས་གཏམ་དག་ཤོར་འགྲོ་ཀྱིན་འདུག མི་ལོ་འདི་དག་གི་རིང་ལ་བོད་གཞིས་བྱེས་ཡོངས་ནས་གཉིས་ཕན་ཀྱི་ངོ་བོ་ལ་ངང་སྒུག་བྱས་བའི་རིན་དོན་དུ། རྡུང་བཙིར་མནོན་གསུམ་དང་ཁ་ལོག་ཚིག་ལོག་ལས་ཅི་ཡང་རེགས་མ་སོང་མོད། ལན་བརྒྱ་ཆད་མཐུད་ཀྱིས་དམིགས་པ་རྩེ་གཅིག་ཏུ་གཏད་ནས་བསྡད་པ་རེད། འོན་ཀྱང་ཕར་ལ་ལྷག་བསམ་ཅི་ལྟར་ངོ་སྤྲད་ཀྱང་། ཚུར་གླེང་ལོག་སྟངས་འདི་པེ་ཅིན་གཞུང་གི་སྲིད་ཇུས་ངོ་མ་དེ་རེད། ཉི་མ་བསྐྱལ་ཐབས་ལ་ད་རུང་གྲོས་མོལ་གྱི་སྒོ་ནམ་ཡང་རྒྱབ་མདོག་ཁ་བོ་མ་རེད། པེ་ཅིན་གཞུང་གིས་གྲོས་མོལ་གྱི་དགེ་ཕན་སྔོན་མ་ནས་སྤྱི་སྡོམས་བརྒྱབ་སྟེ་དུས་ཚོད་རང་སྐྱེལ་ཐབས་སྒང་ལ་བཞག་འདུག ༧གོང་ས་མཆོག་གི་སྐུ་ཚེ་མཐར་ལ་བསྟུན་རྒྱུ་དམིགས་ཡུལ་ཉག་གཅིག་རང་རེད། པེ་ཅིན་གཞུང་གིས་ཁ་ནས་བཤད་བསྡད་པ་ལྟར། ༧གོང་ས་མཆོག་བོད་གངས་ཅན་པའི་ལག་རྟེན་གཅིག་རྐྱང་ལ་ངོས་འཛིན་པ་འདི་བཞིན།བོད་སྤྱི་འབངས་ཐོར་ཆོག་ཆོག་གི་བསམ་ཕྱོགས་སྟེང་ལ་ཚོད་ལྟ་ཞིག་བྱེད་ཁོ་ཐག་རེད། རང་ཕྱོགས་ནས་ཀྱང་རང་ཚུགས་བཟུང་ཀྱིན་རྒྱ་ནག་གི་གོད་ཆགས་ལ་རེ་ལྟོས་བྱེད་པ་འགྲུབ་འགྲོ་ནའང་ཐང་མོད། དངོས་ཡོད་ཀྱི་བོད་སྤྱི་འབངས་ཀྱི་གནས་བབས་བསམ་ནས་འཐབ་རྩོད་ཞིག་ཡོད་རྒྱུ་རེད། ད་བར་བོད་རྒྱ་ཞི་མོལ་ཐད་ནས་སྦྱི་འབངས་ཀྱིས་འཐབ་རྩོད་གང་ཞིག་བྱས་ཡོད་མེད་གསལ་འདེབས་ཞིག་ཡོང་རེ་ཆེ།
ངས་སྔོན་ཆད་ར་མདའ་ཞེས་པའི་སྙུག་མིང་གི་འོག་ནས་རྩོམ་ཡིག་རེ་ཟུང་སྤེལ་མྱོང་། ཡིན་ཡང་དེ་རིང་འདིར་ར་མདའ་གཞན་ཞིག་ཀྱང་བསླེབས་འདུག ར་མདའ་ཞེས་པའི་སྙུག་མིང་ངེད་གཉིས་སུས་སྔོན་ལ་བཏག་མིན་ངས་ཀྱང་གསལ་པོ་ཞིག་ཤེས་མ་སོང་། དེར་བརྟེན་སྙུག་མིང་འདི་ངས་འདོར་རྒྱུ་ཡིན། གཞུག་ཕྱོགས་ནས་ར་མདའ་ཞེས་པའི་སྙུག་མིང་འདིའི་འོག་ནས་རྩོམ་ཡིག་ག་རེ་བྲིས་ཀྱང་བདག་དང་འབྲེལ་བ་གང་ཡང་མེད།
ཤར་ཕྱོགས་ཁུག་རྟ་མཆོག བོད་ཀྱི་རླུང་རྟ་རྟག་ཏུ་ཕྱོགས་བཅུར་དར་བར་གྱུར་ཅིག གཞན་བྱ་བ་གང་ཡང་བདག་གིས་མི་འབྱོན། བོད་ཀྱི་ཡི་གེ་དག་ཆ་དག་ལེགས་པར་འོང་བ་ཞིག་ལ་ཞབས་འདེགས་ཕྲན་བུ་ཞུ་དགོས་བསམས་ཏེ། ལོ་མང་ནས་འདི་ལ་ཞབས་ཏོག་ཞུས་དང་ཞུ་བཞིན་པ་ཡིན། གོང་ས་མཆོག་ཀྱང་བྱ་བ་་འདི་ལ་ཐུགས་མཉེས་ཡོད། དེས་ན་བོད་ཀྱི་ཡི་གེ་དག་ཆ་དེ་དག་བཀའ་བསྟན་སོགས་ན་ཡོད་པ་དེ་བོད་སིལ་བུར་མ་སོང་བའི་སྐད་ཀྱི་དག་ཆ་ཡིན་པས། དེ་དག་ན་ཡོད་པའི་ཡི་གེ་དག་ཆ་དག་རང་རེས་བཀོལ་སྤྱོད་བྱེད་པར་དོ་སྣང་དགོས་པར་མཐོང་། ཁྱེད་ཀྱི་བྲིས་ན་བཀའ་བསྟན་དག་ཆ་དང་མི་མཐུན་པ་འགའ་ཡོད་པ་ནས་གཅིག་རང་ཞུ་ཆོག་པ་ཞིག དེ་ཡང་། ཆོས་ཀྱི་ཟབ་གནད་ཆར་བཞིན་བསྩལ་པའི་ཟླ་བ་དེ་ཡིན། ཞེས་དང་ ཉིན་ཏེན་ཞའོ་ཕེན་དང་ཙང་ཙེ་མིན་ལ་བསྩལ་བའི་འཕྲིན་ཡིག དུས་དབང་བསྩལ་བ་བཅས། ཞེས་པ་དེ་དག་བཀའ་བསྟན་དང་། བོད་ཀྱི་སྐད་གྲགས་ཅན་གྱི་དག་ཡིག་ཟ་མ་ཏོག་དང་། ངག་སྒྲོན་སོགས་དང་འགལ་འདུག་པ་རྗེས་སུ་ཁྱེད་ཀྱི་བྲིས་དག་ཏུ། སྩོལ་ སྩལ སྩལ་ སྩོལ། གང་ཡང་རུང་བའི་ཚིག་རྣམས་ལ་བ་ཡིག་སྔོན་འཇུག་མ་མཐོང་ན། བོད་ཀྱི་རིག་གཞུང་ལ་དམིགས་པའི་བདག་རང་གི་འབད་པ་དོན་ལྡན་ཡིན་བསམ་ངེས། བཀའ་སློབ་རབ་དང་རིམ་པ་སྩལ་བ་ལ་བ་ཡིག་སྔོན་འཇུག་མེད་པ་ལེགས་ཀྱང་། ཚིག་དེ་འདས་པ་ཡིན་ན། ད་ཡང་འཇུག་མི་མངོན་པའི་ཚུལ་དུ་ཡོད་པས། སྩལ་པ། ཞེས་བཀའ་བསྟན་སོགས་ཀྱི་སྐད་ན་མཆིས་སོ།།
མཁྱེན་ཡངས་རྩོམ་འབྲི་ཀློོག་གནང་མཁན་ལྷན་རྒྱས་ཀྱི་སྙན་ལམ་དུ་འབོད་སྐུལ་ཞིག་ཞུ་རྒྱུར།
ཁ་སྔོན་རྒྱ་གཞུང་གིས་ལྷ་སར་དྲག་གནོན་གྱི་དྲན་གསོའི་ཚོགས་ཆེན་སྐབས།ཞིའི་ཅིང་བིང་གི་གཏམ་བཤད་བཤད་སོགས་ཉན་པར་ཆེད་དུ་བོས་པའི་ཕྱིར་སྡོད་བོད་པ་ཕྱི་རྫིག་ནང་སྟོང་གི་ཀླད་མེད་འགའ་སླེབས་ཡོད་སྐོར་རག་ཙམ་ཐོས་ཀྱང་།སུ་དང་སུ་ཡིན་མིན་གསལ་པོ་མ་གསུངས་པས།འདི་སྐོར་མིང་རྣམས་དྲཱརྒྱའི་ཐོག་དེ་རྣམས་ཀྱི་སྡོད་གནས་དང་བཅས་པ་བཞག་ནས་ཁ་རྡུང་བཏང་ན་ཀླད་མེད༡༼་རྡུང་འཇར་༽ཁོང་ཚོས་ག་ོངེས་ཡིན་པས་དེ་དོན་དགོངས་འཇགས་བཅས་ཀུན་གྱིས་གལ་པོ་ཆེ་ལ་ནན་ཏན་མཛོད།གཞན་མ་གཏོགས་འདོད་གཏམ་ཛ་རེ་དོ་རེ་དྲཱཐོག་ཐོག་ཏུ་ཟེར་རྒྱུས་ཕོང་གིན་དུ་ཡང་ཡང་སྤེལ་ན།ཕན་ལས་གནོད་ཆེ་བ་གཟུར་གནས་བློ་ལྡན་ཀུན་གྱིས་ངེས་ཡིན་པས་རང་གི་ཁེ་ཕན་དང་ནུབ་ཕྱོགས་པའི་ཤན་ཆེ་དྲགས་ན་གསོན་རྩ་གཞོན་སྐྱེས་རྣམས་ར་མ་ལུག་དང་།ཤར་མ་ནུབ།རྒྱ་མ་བོད།ཡ་མ་གཟུགས་སོགས་ཀྱི་མི་རིགས་ཤིག་ཏུ་འགྱུར་ངེས་ཡིན།།
ཚིག་འགྲེལ།༡ཱཱཱཱྀྀྀྀཌྷཌྷཿཿཿཿརྡུང་འཇར་ཞེས་པ་ནི་རྒྱ་དམར་གཞུང་གིས་ལན་མང་ཇི་ཙམ་རྡུང་ཀྱང་དེ་ལ་དེ་ལ་དེ་ཙམ་གྱིས་འཇར་བ་ལ་ཟེར་རོ་དེར་རྟེན་ཀླད་མེད་སྙིང་རུལ་ཅན་ཡང་རོ།།མིང་གི་རྣམ་གྲངས་སུ་སྒོག་པ་རྡུང་འཇར་དང་མདོ་མེད་སོགས་ཤིན་ཏུ་མང་ངོ་།།།།
ཤར་ཁུག་ལགས།
ཡེ་རྡོར་ནི་འཐབ་ཕྱོགས་གཅིག་གྱུར་པུའི་བཀའམ་དགོངས་དོན་ཟིན་བྲིས་སུ་འདེབས་མཁན་ཞིག་རེད། འཐབ་ཕྱོགས་གཅིག་གྱུར་པུའུ་ནི་ཀྲུང་ནན་ཧེའེ་ཡི་གཏམ་བརྗོད་འཁྲབ་མཁན་ཟློས་གར་བ་ཞིག་རེད། གཏམ་བརྗོད་དང་ཟློས་གར་ག་རེ་འཁྲབ་དགོས་མིན་ནི་ཀྲུང་ནན་ཧེའེ་ཡི་ཏང་ཀྲུང་དབྱང་སྲིད་གཞུང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་ཅི་གསུང་བསྒྲུབ་དགོས་པ་ལས་རང་སྣང་གང་དྲན་ཡོད་མི་སྲིད། ཀྲུང་ནན་ཧེའེ་ལ་བོད་པའི་དཀའ་རྙོག་སེལ་རྒྱུའི་འདུན་པ་ནམ་ཡང་མེད་ལ། ཏཱ་ལའི་བླ་མ་དང་ཁོང་དང་ཉེ་བའི་མི་ཁ་ཤས་ཀྱི་གནད་དོན་མ་གཏོགས་གླེང་གི་མེད་པ་རེད། ནུབ་ཕྱོགས་རྒྱལ་ཁབ་དང་ཨ་རི་བས་བོད་དོན་གླེང་ན་ཀྲུང་ནན་ཧེའེ་ནས་ནང་སྲིད་ལ་ཐེ་ཇུས་བྱེད་མི་དགོས་ཞེས་ཁ་རྡུང་དྲག་པོ་གཏོང་ལ། དེ་ནི་ནུབ་ཕྱོགས་པ་ཚོ་དང་ཨ་རི་བ་ནག་རིལ་བྷ་རག་ཨོ་བྷ་མས་ཐོག་མ་ཉིད་ནས་རང་ཉིད་ཀྱི་དཔལ་འབྱོར་ཁེ་ཕན་མདུན་གྲལ་དུ་བཞག་ནས་བོད་ནི་ཀྲུང་ཧཱ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཁ་བྲལ་དུ་མི་རུང་བའི་ཆ་ཤས་རེད་ཞེས་སྣེ་མང་བཤམ་སྟོན་ཁང་དུ་བསྐྱལ་ཚར་བས་ཅང་ཟེར་རྒྱུ་ལྷག་མེད། མ་ཟད་དོན་སྙིང་ལྡན་པའི་རྒྱབ་སྐྱོར་ཞིག་བྱེད་མི་སྲིད་པ་ནི་ཟུར་ལྟས་ལེབ་མཐོང་མ་རེད་པས། སྤྱང་གྲུང་ལྡན་ལ་གཡོ་བྱུས་རང་བཞིན་ལྡན་པའི་ཏང་ཀྲུང་དབྱང་སྲིད་གཞུང་ནི་འགྱུར་བ་གང་ཡང་ཕྱིན་མེད་ལ། ད་དུང་མ་ཁེ་སི་དང་ལེ་ཉིན་རིང་ལུགས། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཧྥིང་གྱིས་རིག་པའི་གཞུང་ལུགས། ཅང་ཙེ་མིན་གྱིས་མཚོན་བྱེད་གསུམ་གྱི་དགོངས་དོན། ཧུའུ་ཅིན་ཐའོ་ཡིས་འཆམ་མཐུན་གྱི་སྤྱི་ཚོགས་ཞེས་གཡོ་བྱུས་རང་བཞིན་ལྡན་པའི་སྲིད་བྱུས་ལག་བསྟར་བྱེད་ལ། བོད་ཐོག་འཛིན་པའི་སྲིད་ཇུས་ནི་ཇེ་ཞན་དང་ཇེ་སྡུག། ཇེ་མཁྲེགས་དང་ཇེ་རྩུབ་རེད། སྐབས་འདིར་རྒྱ་དོགས་པས་ཕུང་། བོད་རེ་བས་ཕུང་། ཞེས་པས་མན་ངག་འདི་གནད་དུ་འཁེལ་བ་འདྲ་ཞིག་འདུག།
སྣྲོན་ཁྲི་ལགས། བཀྲ་ཤིས་བདེ་ལེགས།
སྐད་ར་མ་ལུག། རིགས་རྒྱ་མ་བོད། ཆ་ལུགས་ཡ་མ་ཟུང་། ཡང་ན་ཆ་ལུགས་ཡ་མ་གཟུགས།
འོན་ཀྱང་། ཤར་མ་ནུབ་ཟེར་ན། ཤར་མ་ཡིན་པ་ནུབ་མ་ཡིན་པ་གང་འདྲ་ཞིག་ཡོད་དམ། ཤར་ནུབ་ལ་ཟེར་ནི་ཨེ་རེད།
ཐེ་བོ་རྒྱ་མཚོ་ལགས། ར་མདའ་ཞེས་བའི་མིང་འདི་སྤྱད་ནས་སྔོན་མ་མཆན་རེ་བཏབ་མྱོང་། གལ་སྲིད་སྐུ་ཉིད་ཀྱི་ཐུགས་རེ་དང་འགལ་ཡོད་ཚེ། དགོངས་འགལ་མེད་པ་ཞུ། བསམ་བཞིན་དུ་གཏོར་སྐྱོན་བཏང་བ་གང་ཡང་མིན། རྗེས་ཕྱོགས་མིང་འདི་ལ་འགྱུར་བ་རེ་གཏོང་རྒྱུ་ཡིན།
ཚེ་རིང་ཉོབ་འདུག ད་ག་རེ་བྱེད། བྱ་ཐབས་མེད་པ་རང་རེད།
གནམ་མཚོ་ལགས། གནས་ཚུལ་དེ་འདྲ་ཞིག་མི་ཚང་མས་བཤད་ཀྱི་ཡོད་པ་རེད། ཡིན་ནའང་། དངོས་ཡོད་སྐད་ཆ་འདྲི་ས་དེ་ང་མ་རེད། དེ་ཚོ་གསལ་བོ་བཟོ་དགོས་པ་དེ་ང་ཁྱེད་དང་བསམ་ཚུལ་མཐུན་པ་ཡིན། ཁྱེད་ནས་སྐད་ཆ་འདྲི་ས་དེ་བདེ་སྲུང་ལས་ཁུངས་རང་རེད་འདུག་པས། དེ་ལ་དྲིས་ན་དགའ། ཡང་ན་སྤྱི་ཟླ ༩ པའི་ནང་གྲོས་ཚོགས་ཡོད་པས་སྐབས་དེར་སྤྱི་འཐུས་ཤིག་བརྒྱུད་དོགས་འདྲི་བྱས་ན་དགའ་ལེ་རེད།
ར་མདའ་ལགས་ཀྱི་བསམ་ཚུལ་ངེས་ཆུབ་བྱུང་། ད་བར་བོད་རྒྱ་ཞི་མོལ་ཐད་ནས་སྦྱི་འབངས་ཀྱིས་འཐབ་རྩོད་གང་ཞིག་བྱས་ཡོད་མེད་གསལ་འདེབས་ཞིག་ཡོང་རེ་ཆེ། ཞེས་བཀོད་དོན་ལྟར་འབད་བརྩོན་བྱ་ངེས་ཡིན།
ལ་དྭགས་བློ་བཟང་འཇམ་དཔལ་གྱིས་ལམ་སྟོན་གནང་བ་ཐུགས་རྗེ་ཆེ།
སྣྲོན་ངག་ཁྲི་ལགས་ལའང་གོང་དུ་གནམ་མཚོ་ཞུས་པ་དང་གཅིག་ཡིན། གསེར་འབྲུག་སྡེ་ལྔ་ཕེབས་ནས་ཡེ་རྡོར་གསལ་བཤད་གནང་བ་ཡག་བྱུང་།
སེམས་གཏིང་ནས་རྒྱབ་སྐྱོར་དང་ཡི་རིང་ཞུ་ཀི་ཡོད། རྩོམ་པ་པོ་རྣམས་ཀྱིས་བོད་དོན་སྒྲུབ་སྟངས་འདི་འདྲ་ཞིག་ཡིན་དགོས་རྒྱུ་རེད་འདོད་ཀི་ཡ།
ཀིརྟི་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་སྐུ་ཞབས་ཀ་ཉག་ཚེ་རིང་ཕེབས་ནས་རྒྱབ་སྐྱོར་གནང་བ་ཐུགས་རྗེ་ཆེ།
ལ་དྭགས་བློ་འཇམ་ལགས། གོང་དུ་ཞུས་པ་ལྟར། སྩལ་ལ་བ་སྔོན་འཇུག་ཡོད་མེད་གཉིས་ཀྱི་འབྲི་སྲོལ་ཡོད་པ་ནས། དག་ཡིག་ཏུ་བཅོས་པ་ཁ་ཤས་ནའང་བ་ཡོད་ན་འདས་པར་གོ་བའི་འགྲེལ་བ་འདུག་སྟབས། ཁོ་བོས་དེ་ལྟར་བྲིས་པ་ཡིན་ལ། དངོས་གནས་རང་བཀའ་བསྟན་གྱི་ཤོག་ལྷེ་རེ་འགའ་མཇལ་མྱོང་ཡང་། དེ་ལ་དོ་སྣང་དམིགས་བསལ་མ་བྱུང་བས་རྗེས་སུ་ཡིད་འཛིན་བྱ་ངེས་ལགས།
ཤར་ཕྱོགས་ཁུག་རྟ་ལེགས། ཡིག་ལན་སྩལ་པ་བཀའ་དྲིན་ཆེ། ཀློང་ཆེན་རབ་འབྱམས་པས་བསྟན་པ་སྔ་དར་གྱི་སྐད་སྒྱུར་པ་དེ་དག་སྐྱེས་བུ་དམ་པའི་སྤྲུལ་པ་ཡིན་པས་སྒྱུར་བྲིས་རྣམས་སྤུས་དག་བྱུང་་གསུངས་ཀྱང་། བདག་ལ་ལྟ་ཚུལ་གཞན་ཞིག་ཡོད་པ་ནི། དེ་དུས་བཅོས་མིན་བོད་རང་གི་གྲོང་སྐད་བཀོལ་པས་ཚིག་རྣམས་གོ་སླ་བ་བྱུང་། ཕྱིས་སུ་བཅོས་མའི་ཚིག་མང་བས་དཀའ་བར་གྱུར། སྔར་དབུས་སུ་བསྒྱུར་པའི་སྒྲུང་དཔེ་འགའ་ན་རྒྱལ་བ་ཞེས་པ་ལེགས་པའི་དོན་ལ་ལ་དྭགས་གཤམ་ཕྱོགས་པ་དག་གིས་ད་ལྟ་ཡང་བཀོལ། ཐེ་རེལ་ཟ་མཁན་ཞེས་པ་ན་ཐེ་རེལ་ཞེས་པའི་སྒྲ་དེ་ཁྱེད་རྣམས་ཀྱི་ཁ་སྐད་ལ་ཡོད་དམ་མེད་མ་ཤེས། ལ་དྭགས་པའི་ཁ་སྐད་ལ་ཡོད་པས་ཚིག་དེ་དཀའ་བ་མེད་པར་ཤེས། ལོ་ངོ་ཉི་ཤུ་ལྷག་སྔོན་དུ་ངས་ལྷ་ས་ནས་ཕེབས་པ་ཞིག་ལ་ལ་དྭགས་པས་དབྱུག་པ་ལ་འཕང་ཟེར། དབུས་ལ་དེ་འདྲ་ཡོད་དམ་བྱས་པར་མེད་གསུངས། དེ་ནས་༡༩༨༧ ལོར་ངས་དགའ་ལྡན་དགོན་པའི་རི་ན་གྲོང་ཡུལ་པ་དག་གིས་ཁམ་པ་ཚོང་བ་པོ་ནས་ཁམ་པ་སྒྱེ་མོ་གང་ཉོས། ཚོང་བ་པོ་བུ་མོ་དེས་སྒྱེ་མོ་དེ་རླངས་འཁོར་ནང་ལ་འཕང་ངམ་ཞེས་ཟེར། དེས་ན་གྲོང་ཡུལ་དག་ན་སྔར་གྱི་སྐད་ཚིག་མང་པོ་མ་ཉམས་པར་ཡོད་པས། ལྷག་པར་དུ་བོད་ཀྱི་ཡི་གེ་འབྲི་བ་པོ་རྣམས་ཀྱིས་སྔ་རབས་པས་བྲིས་པའི་སྐད་དེ་བོད་སིལ་བུར་མ་སོང་བའི་སྐད་ཚིག་ཡིན་པས་སྦྱང་དགོས་པར་སྣང་། སླར་བོད་གཅིག་ཏུ་ཆགས་པ་ལ་སྐད་ཚིག་དེ་འདྲ་དག་བྱུང་བ་ཡིན་ན་ཕན་ཐོགས་ཆེ་བ་ལགས།