ཨེ་མ་ཧོ།
ན་མོ་གུ་རུ་བྷོ་དྷི་ཙིཏྟ་ཡེ།
ཨ་ཏིའི་དགོངས་པ་རྟོགས་པའི་རྣལ་འབྱོར་གྱི་སྣང་ངོར།།
ཧ་ཅང་བཟང་ངན་དབྱེ་བའི་རྣམ་རྟོག་ཅིག་མི་འདུག །
ས་ཐོབ་སེམས་དཔའི་དཔའ་སྐད་སྒྲག་པ་ཞིག་མིན་ཀྱང་།།
ཤ་ཞེན་སྙིང་གི་གྲོགས་ལ་རྟོགས་འབུལ་ཞིག་ཞུའོ།།
ལ་རྒྱའི་ཚུལ་འཆོས་བཟུང་བ་དངོས་ཞེན་གྱི་འཛིན་ཆགས།།
རྭ་ཅོ་སྣུམ་གྱིས་འདུལ་བའི་དཔེ་བརྡ་བཞིན་སྟོན་པས།།
ཡ་ཀི་ཕྱག་རྫོགས་དབུ་མའི་མཐོ་སྐད་ཅིག་མིན་པར།།
འ་ཅག་མཐུན་པའི་བདེ་གཤེགས་གཉུག་མ་ཡི་རིང་ལུགས།།
ཟ་ཆེ་ཧོབ་ལང་མིན་པར་རྒྱ་མཚོ་ཡི་ནོར་བུ།།
ཞྭ་ལོང་ལྐོག་པས་རྙེད་པའི་དཔེ་ཟླ་ཞིག་མེད་ཀྱང་།།
ཝ་ལེར་གསལ་རྒྱས་རྫོགས་པའི་འོད་གསལ་གྱི་སྙིང་པོ།།
ཛ་ཡའི་བསྟན་པའི་ཡང་སྙིང་རྟོགས་པ་འདི་སྐྱིད་དོ།།
ཚ་རོང་མི་ཕམ་རྒན་པོར་བེེ་རོ་ཡི་གདམས་ཟབ།།
ཙ་ར་གདན་ཐོག་ཆོད་པའི་གཏམ་རྒྱུད་ལ་གཟིགས་དང་།།
མ་ལུས་འགྲོ་ལ་ཕན་པའི་དོན་ཆེན་ཞིག་འབྱུང་ནས།།
བ་ཚྰའི་ཆུ་ཡང་བདུད་རྩི་བརྒྱད་ལྡན་དུ་སྣང་ངོ་།།
ཕ་རྒན་སྔགས་འཆང་རྒྱལ་པོ་ཡིད་ཆེས་ཞིག་ཡོད་ན།།
པ་ལོའི་རྟགས་ཙམ་མིན་པར་རྣམ་དག་གི་ལྟ་སྒོམ།།
ན་མཿ་ཕྱག་རྒྱའི་ཁབ་ཏུ་རང་དུ་འབྱོར་ན།།
ད་གདོན་གཉུག་མའི་རྒྱལ་པོ་རྫོགས་ཆེན་གྱི་སྟོན་པ།།
ཐ་དག་མངོན་འཚང་རྒྱ་བའི་ཞིང་ཁམས་སུ་མཇལ་ཚེ།།
ཏ་ཐྰ་ག་ཏའི་ཡང་སྙིང་རྟོགས་པ་ཞིག་ཡིན་པས།།
ཉ་གང་ཟླ་བའི་དཔལ་དང་གཅིག་མཚུངས་སུ་འདུག་པས།།
ཇ་ཆང་ཁྱད་པར་མེད་པའི་ཚོར་བ་འདི་སྐྱིད་དོ།།
ཆ་ལུགས་སྣ་ཚོགས་བསྒྱུར་པའི་སྨྱོན་པ་ངའི་ཁ་ལ།།
ཅ་ཅོའི་ཚིག་ལས་སྙིང་པོ་དབེན་པ་ཞིག་ཡིན་ཀྱང་།།
ང་རྒྱལ་མེད་པར་དྲི་མེད་ལྷག་བསམ་གྱི་སྐུལ་ངོར།།
གང་དྲན་མཛུབ་མོས་རྩེ་ནས་ཐག་ཐག་ཏུ་ཤོར་ཐལ།།
ཁ་ཆེ་ཡེ་ཤུ་ཟེར་བའི་སྡུག་པོ་ཞིག་མ་མཐོང་།།
ཀ་དག་ལྷུན་གྲུབ་གཟིགས་པའི་རྙིང་རྒན་ཞིག་ཡིན་ན།།
ཨོ་རྒྱན་པདྨས་བཞག་པའི་ཕ་ནོར་དེ་སྲུང་དང་།།
ཨེ་མ་སྙིགས་དུས་འདུལ་བའི་སྨན་མཆོག་ཏུ་མཆིས་སོ།།
ཨུ་ཚུགས་ཞེ་འཁོན་ངན་པས་གསར་བསྒྲིག་ཏུ་མིན་པར།།
ཨི་ལྡན་སྙན་འཇེབས་རོལ་མོ་ཆོས་མཆེད་ལ་ཕུལ་བས།།
དྲང་བདེན་བྱམས་བརྩེས་སྤྱན་རིས་གཡོ་མེད་དུ་གཟིགས་ནས།།
མེ་མར་འོད་དང་སྡོང་བུའི་དཀྱིལ་འཁོར་ལ་སྤྱོད་དོ།།
ཞེས་པ་མཁས་དབང་དམ་པ་དྲི་མེད་ལྷག་བསམ་གྱི་བརྡ་གླུ་ལ་གུས་དད་ཚད་མེད་ངང་དུ་དེ་ཉིད་དུ་ཨེ་མ་ཧོས་ཕུལ་བར་དགེའོ།། སརྦ་མངྒ་ལྃ་བྷོ་དྷི་ཙིཏྟ་མ་ཧྰ་སུ་ཁ་བི་ཛ་ཡནྟུ།།
མཆན། ༧དྲི་མེད་ལྷག་བསམ་མཆོག་གིས་གསུངས་པ་གཞིར་བཞག་ན་ཡེ་ཤི་ཞེས་གསུངས་འདུག་པས་ཡེ་གདོད་མའི་སྟོང་ཉིད་ལ་གོ་ན་ཆོག་གི་སྙམ་མོ།། ཤི་བ་དེ་མེད་པ་ཆེན་པོ་ལ་འབྲེལ་བ་ཡིན་ནོ། །
ཡེ་ནས་ཤི་བའི་ཆོས་གང་ཞིག །སེམས་ན་གནས་པའི་སངས་རྒྱས་ཞིག །ཡེ་ཤུའི་རྒན་པོས་རྙེད་ན་ཡང་།།རྗེས་འཇུག་ངན་པས་བསླད་འདི་སྐྱོ།།