རྫ་ཚེ་རིང་བཀྲ་ཤིས།
གཅིག༽
མཚན་ལ་ལེགས་མཐོང་ཞུ་བ་ཞིག་གིས་དུས་དྲན་བྱེད་དང་མི་བྱེད་གནས་ལུགས་ཤེས་མིན་ལ་ལྟ་བ་གལ་ཆེ། ཞེས་པ་ཞིག་བྲིས་ནས་བོད་པ་ཚོས་ཡེ་ཤུའི་འཁྲུངས་སྐར་ལ་སྲུང་བརྩི་མི་བྱེད་པ་ནི་གནས་ལུགས་དང་གནད་འགག་གང་རུང་ཞིག་མ་ཤེས་པ་ཡིན་པ་ལྟར་བཤད་འདུག དེ་ནི་ནོར་བ་རེད། མ་གཞི་བསམ་ཚུལ་གྱི་ཡིག་ཕྲན་འདིར་ནོར་བ་གཅིག་རྗེས་གཉིས་མཐུད་དུ་བྱུང་འདུག
གཉིས།༽
བོད་པ་ཚོས་ཡེ་ཤུའི་འཁྲུངས་སྐར་ལ་དགག་པ་རྒྱབ་ནས་དུས་ཆེན་བསུ་གིན་འདུག་ཟེར་བ་བདེན་པ་མ་རེད། བོད་པ་ཚོས་མི་རིགས་ནང་ཁུལ་ལ་དུས་ཆེན་འདིའི་ཆེད་འཚམས་འདྲི་ཞུ་བ་དང་། དུས་ཆེན་འདིར་སྲུང་བརྩི་མི་དགོས་ལབ་ཀྱི་ཡོད་པ་ལས་ཡེ་ཤུའི་སྐྱེས་སྐར་དང་བསྟུན་ནས་ཡེ་ཤུ་ལ་དགག་པ་བརྒྱག་མཁན་མི་འདུག
ཡང་བོད་པ་ཚོས་དགག་པ་རྒྱབ་སྟངས་མཁན་པོ་བསོད་དར་རྒྱས་ཀྱི་རྒྱ་ཡིག་གི་རྩོམ་དེའི་རྒྱུ་མཚན་ཁོ་ན་རེད་ཟེར་བ་ནི་དེ་བས་ཀྱང་བདེན་པ་མ་རེད། ཁོང་གི་མཚན་གཡར་ནས་བྲིས་པའི་རྩོམ་དེ་མ་ཐོན་གོང་ནས་ཀྱང་ལྟ་ཚུལ་འདི་ཡོད་ཡོད་པ་རེད་ལ། ཁོང་གི་རྩོམ་མ་མཐོང་མཁན་མང་པོ་ཞིག་ལའང་གཅིག་མཚུངས་ཀྱི་བསམ་ཚུལ་ཡོད་པ་རེད། མ་གཞི་རྩོམ་ཡིག་དེ་མཁན་པོ་བསོད་དར་རྒྱས་ཀྱིས་མིན་པ་ལོ་གཉིས་གོང་ནས་གསལ་བཤད་གནང་ཟིན་པ་དང་། སྒྱུར་བ་པོས་ཀྱང་རྗེས་འབྲེལ་གསལ་བཤད་སྔར་ནས་གྲུབ་པ་རེད། དཔེར་ན། ཁོ་བོ་ལྟ་བུར་མཚོན་ན་ཡང་། བོད་པ་ཚོས་དམིགས་བསལ་སྲུང་བརྩི་མི་དགོས་པའི་ལངས་ཕྱོགས་འཛིན་མཁན་ཞིག་ཡིན་ན་ཡང་། བསམ་ཚུལ་དེ་དུས་ཡུན་རིང་པོའི་སྔོན་ནས་ཡོད་པ་ཞིག་ཡིན།
གསུམ།༽
ཡེ་ཤུའི་དུས་ཆེན་འདི་ཆོས་ལུགས་ཁས་མི་ལེན་མཁན་གྱི་རྒྱལ་ཁབ་ཀྱིས་ཀྱང་གཞུང་འབྲེལ་གུང་གསེང་གཏོང་གི་ཡོད་ཟེར་བ་འདི་བདེན་པ་རེད། འོན་ཀྱང་འདི་ལ་ཞིབ་ཆ་དགོས། གཅིག་ནི་མངའ་འོག་ཏུ་ཡེ་ཤུ་པ་མང་པོ་ཡོད་པས་དེ་དག་གི་ཆེད་གཞུང་འབྲེལ་གུང་གསེང་འཇོག་སྲིད། འོན་ཀྱང་དེ་རྒྱུ་མཚན་དུ་བྱས་ནས་ཆོས་ལུགས་གཞན་པ་ཚང་མས་དུས་ཆེན་དེ་སྲུང་བརྩི་བྱེད་མི་དགོས།
རྒྱུ་མཚན་གཞན་ཞིག་ནི་ཚོང་ལས་དང་ཁྲོམ་རའི་དགོས་མཁོར་དམིགས་པ་ཞིག་རེད། ཁོང་ཚོས་ནུབ་ཕྱོགས་ཀྱི་དཔལ་ཡོན་གྱི་ཤུགས་རྐྱེན་དང་ཚོང་རའི་ཚོང་ལས་ཅན་གྱི་ཤུགས་རྐྱེན་འོག་དེ་ལྟར་བྱེད་ཀྱི་ཡོད། འདི་ཡང་མདོར་ན་དཔལ་ཡོན་གྱི་བཙན་འཛུལ་ཞིག་རེད། འདིའི་སྐོར་བཤད་ན་བཤད་རྒྱུ་ཧ་ཅང་མང་།
བཞི།༽
ཡེ་ཤུ་པས་སོ་སོའི་སྟོན་པའི་འཁྲུངས་སྐར་ལ་རོལ་བར་དགག་པ་རྒྱག་མི་སྲིད་ལ། ནང་པས་རང་གི་སྟོན་པའི་འཁྲུངས་སྐར་དུས་ཚོད་གཅིག་ལ་མི་ཁེལ་བར་ཡེ་ཤུའི་སྐྱོན་རེད་ཟེར་མཁན་དེ་བས་མི་འདུག གྲོགས་པོ་ཡེ་ཤུ་བ་ཚོར་འཚམས་འདྲི་ཞུ་རྒྱུར་ང་ལ་ཡང་སོམ་ཉི་གང་ཡང་མེད། འོན་ཀྱང་ངས་དུས་ཆེན་འདི་སྲུང་རྩི་མི་བྱེད། སྐད་ཆ་རྡོག་རྡོག་བྱས་ན་དེ་རེད།
ཡེ་ཤུའི་བྱེད་སྟངས་ལ་མིག་དཔེ་བལྟས་ནས་རང་གི་སྟོན་པའི་འཁྲུངས་སྐར་སྲུང་བརྩི་དགོས་པར་བཤད་པ་བདེན་ན་ཡང་། སངས་རྒྱས་ཀྱི་མཛད་པ་གལ་ཆེ་ཤོས་ལྷ་བབས་ཀྱི་མཛད་པ་ཁས་ལེན་ཕྱིན་ལྷ་བབས་༼ལྷ་སྒྲུང་རང་༽དུ་བརྗོད་པ་ནི་སངས་རྒྱས་ཀྱི་མཛད་པ་ལ་སྐུར་བ་འདེབས་པ་ཞིག་རེད། ལྷ་བབས་ཟེར་དུས་བྱ་རྡོ་ཐོག་ལ་བབས་པ་ལྟ་བུ་ཞིག་ཡིན་མིན་གང་ལྟར་དུས་ཆེན་འདི་སྟོན་པ་བཀའ་དྲིན་ཅན་གྱི་ཁྱད་པར་ཅན་གྱི་རླབས་ཆེན་གྱི་མཛད་པ་ཞིག་བསྟན་པར་འབྲེལ་བ་ཡོད་ངེས་རེད།
ལྔ།༽
མཇུག་གི་སྐད་ཆ་འགའ་ཞིག་ནི་དེ་བས་ཀྱང་ཚབས་ཆེན་རེད། ང་ཚོ་ནུབ་ཕྱོགས་དཔལ་ཡོན་གྱི་རིག་གཞུང་བཙན་རྒྱལ་རིང་ལུགས་ཀྱི་ཤུགས་རྐྱེན་འོག་ཏུ་ཡོད་པ་རྒྱུ་མཚན་དུ་བཀོད་ནས་ང་ཚོ་ཡེ་ཤུའི་དུས་ཆེན་དང་འབྲེལ་བ་ཡོད་ཟེར་བ་དང་། ཡེ་ཤུའི་ཆོས་ལུགས་ཀྱིས་འཛམ་གླིང་ལ་བྱས་རྗེས་ཆེ་བས་ང་ཚོས་སྲུང་བརྩི་དགོས་ཟེར་བ་ནི་བོད་པ་དག་གི་སེམས་ལ་ཡེ་ཤུའི་ཆོས་ལུགས་ཀྱི་བག་ཆགས་འཇོག་པའི་སྐད་ཆ་ཉེན་ཁ་ཅན་ཞིག་ཡིན།
དེ་བཞིན། འགྲོ་བ་མིའི་ཐོབ་ཐང་དང་སྤྱི་ཚོགས་རང་ལུགས་ཡེ་ཤུའི་ཆོས་ལས་བྱུང་ཟེར་བ་དང་། ཉམས་ཞིབ་པ་ཚང་མས་རྩོད་མེད་ཀྱི་འདོད་པ་ཡིན་པ། ཡེ་ཤུ་མེད་ན་འཛམ་གླིང་ཞི་བདེ་མེད་པ་སོགས་ནི་འོལ་ཚོད་དང་ཚོད་དཔག་ཙམ་ཙམ་དུ་ཟད། མང་པོ་ཞིག་དོན་ལ་ཡང་མི་གནས། ཡེ་ཤུ་ལ་དགེ་ལས་ཚོགས་པ་ཤུགས་ཆེན་པོ་ཡོད་པ་དང་། སྐྱེས་བུ་ཁྱད་པར་ཅན་ཕེབས་མྱོང་བ་སོགས་ཡིན་རྒྱུ་རེད། འོན་ཀྱང་དེ་རྒྱུ་མཚན་དུ་བྱས་ནས་ཡེ་ཤུའི་དུས་ཆེན་དེ་བོད་ཀྱི་དུས་ཆེན་དུ་བསྒྱུར་དགོས་ཟེར་ནས་ལབ་པ་དེར་དངོས་གནས་རྒྱུ་མཚན་འདུག་དྲན་སོང་ངམ།
གཟའ་སྤེན་པ་དང་ཉི་མ་གུང་གསེང་ཡིན་པ་ཡང་། རྩ་བ་ཡེ་ཤུའི་ཆོས་ལུགས་ལས་བྱུང་བ་རེད། འོན་ཀྱང་། དེ་དང་དེ་ལྟ་བུ་དེ་ཚོ་ཡང་ནུབ་ཕྱོགས་ཀྱི་ཡེ་ཤུ་བས་འཛམ་གླིང་ལ་དབང་བསྒྱུར་བྱས་པའི་ཤུགས་རྐྱེན་གྱི་མཚོན་རྟགས་ཤིག་ཡིན་པ་ལས། གནས་ལུགས་དང་རྒྱུ་མཚན་ཞིག་གི་མཚོན་རྟགས་ནམ་ཡང་མིན་པ་འདི་སེམས་ནས་བརྗེད་མི་རུང་།
དྲུག༽
ང་ཚོས་ཡེ་ཤུའི་ཆོས་ལུགས་ལ་མཐོང་ཆུང་བྱེད་མ་མྱོང་། མ་གཞི་ང་ཚོ་ལས་དབང་ཐང་དང་སྟོབས་ཤུགས་ཆེ་བ་ཞིག་ལ་ང་ཚོས་མཐོང་ཆུང་ཇི་ལྟར་བྱེད། ང་ལ་མཚོན་ན་ཁོང་ཚོ་དབང་ཐང་ཆེ་དྲགས་ནས་ང་ཚོ་ཁོང་ཚོའི་སིམ་འཛུལ་དང་རྒྱ་བསྐྱེད་འོག་ནས་རྩ་ཡལ་དུ་འགྲོ་བར་དོགས་ནས་སེམས་ཁུར་བྱེད་པ་ཙམ་ཡིན།
ཧི་མ་ལ་ཡ་རི་ཁུལ་སོགས་ཡེ་ཤུས་བཙན་འཛིན་བྱེད་བཞིན་པ་དང་། ང་ཚོས་བྱེད་སྟངས་འགྲིག་གི་མེད་པ་སོགས་ངའི་ཉིན་མཚན་དུས་དྲུག་ཏུ་དོ་ཁུལ་བྱ་ཡུལ་ཡིན། ཁྱེད་ཀྱིས་བཤད་པའང་བདེན་པ་རེད། དེས་ན་ང་ཚོས་དེའི་ཐད་གཟབ་གཟབ་དགོས་པ་ཧ་ཅང་བདེན། འོན་ཀྱང་། ང་ཚོ་ཉེན་ཁར་འཕྲད་བཞིན་པའི་སྐབས་སུ་ཉེན་ཁ་སྤྲོད་མཁན་དེ་བཟང་རབས་རྒྱན་རབས་བཤད་པ་ནི་ནོར་འཁྲུལ་ཆེན་པོ་རེད། དེ་ནི་མེ་ཐོག་ཏུ་སྣུམ་བསྣན་པ་དང་འདྲ། ཡེ་ཤུ་པས། ཚང་མ་གཅིག་པ་རེད། ཁོང་དག་གི་ཚོགས་པའི་ནང་འཛུལ་དང་ཡག་པོ་ཡོད་རེད་ལབ་དུས་ཁོང་ཅག་གི་ཆོས་དེ་ནང་པ་དང་འགལ་ཟླ་ཆགས་ཀྱི་ཡོད་མེད་དང་དོན་ལ་ཁོང་ཚོ་ཡག་པོ་ཡིན་མིན་ལ་ཐེ་ཚོམ་ཟ་མཁན་ཚོར་ཁྱེད་ཀྱི་བཤད་སྟངས་འདི་དག་གིས་ཡེ་ཤུའི་ཆོས་སྤེལ་མཁན་ཚོར་ལག་ཆ་ཡག་ཐག་ཆོད་རག་པ་རེད། ཡེ་ཤུ་བ་ཚོས་སྐད་ཆ་འདི་འདྲ་ལག་ཆ་བྱས་ནས་ཤེས་ཡོན་མེད་པའི་ནང་པ་ཚོ་མགོ་སྐོར་གཏོང་བཞིན་པ་ངས་དངོས་སུ་མཐོང་མྱོང་ཡོད། དེའི་སྐོར་རྒྱས་པ་༼དད་མོས་ཀྱི་བཙན་འཛུལ་ནི་ཉེན་ཁ་ཡིན༽ཞེས་པར་གཟིགས།
བདུན།༽
འཛམ་གླིང་རང་བཞིན་གྱི་ཆོས་ཀྱི་དབུ་ཁྲིད་དག་གི་རྒྱལ་སྤྱིའི་རིང་ལུགས་ཀྱི་གཟིགས་སྟངས་དང་གནང་སྟངས་ཁྱད་པར་བ་དང་། ཡང་ནུབ་ཕྱོགས་སྤྱི་ཚོགས་སུ་མཛད་པ་སྐྱོང་བཞིན་པ་འགའ་རེའི་ཁོར་ཡུག་དང་བསྟུན་པའི་མཛད་པ་དེ་ཚོ་བློ་ལ་མ་ཤོངས་པ་མེད། དེ་ལ་རྒྱུ་མཚན་ཚད་ལྡན་ཡོད་པ་རེད། འོན་ཀྱང་ཁོང་རྣམ་པས་ཀྱང་དེ་བོད་པའི་དུས་ཆེན་ཞིག་ཏུ་ནམ་ཡང་གཟིགས་ཀྱི་མེད། ན་ཉིན་༧གོང་ས་མཆོག་གིས་རྒྱ་གར་ལྷོ་ཕྱོགས་ནས་གསུང་ཆོས་གནང་སྐབས་ཡེ་ཤུའི་ལོ་སར་སྐབས་རེད། ཉིན་དེར་ཁོང་གིས་ཆོས་ཞུ་ནུབ་གླིང་པ་ཚོར་དེ་རིང་ཁྱེད་ཚོའི་ལོ་སར་རེད། འཚམས་འདྲི་ཡོད་གསུངས་ནས་དམིགས་སུ་བཀལ་བ་ལས་བོད་པ་ཚོར་འཚམས་འདྲི་ཡོད་གསུངས་མ་སོང་།
མདོར་བསྡུས་ན། གྲོགས་པོ་ཡེ་ཤུའི་རྗེས་འབྲངས་པ་དང་ཕྱོགས་མཚུངས་རིག་གཞུང་གི་རྒྱབ་ལྗོངས་ཡོད་པ་ཚོར་འཚམས་འདྲི་ཞུ་ཆོག་ འོན་ཀྱང་། བོད་པ་ཚོས་ནང་ཁུལ་ལ་དུས་ཆེན་འདི་དམིགས་བསལ་སྲུང་བརྩི་མི་དགོས། ངས་བལྟས་ན་སྐད་ཆ་འདིར་ཐལ་ཆ་མེད་པར་མ་ཟད། ཧ་ཅང་འོས་འཚམས་ཡིན་སྙམ།
རྫ་ཚེ་རིང་བཀྲ་ཤིས་ཀྱིས་འཕྲལ་དུ་བྲིས། (2016/12/25)
རྫ་ཚེ་ལགས་བཀའ་དྲིན་ཆེ། གསལ་བཤད་ཡག་ཁི།
བཀྲིན་ཆེ། གསལ་བཤད་ཡག་པོ་གནང་འདུག་ བཀྲིན་ཆེ་ཆེ
བོད་པའི་སྤྱི་ཚོགས་ནང་དུ་ཡེ་ཤུ་འཁྲུངས་སྐར་རོལ་དགོས་ཀྱི་མ་རེད། ནུབ་ཕྱོགས་ཡུལ་ན་སྡོད་པའི་བོད་པ་ཚོས་ཡེ་ཤུ་འཁྲུངས་སྐར་ལ་རོལ་ན་ཡག་པོ་རེད། ས་ཆ་གང་དུ་སྡོད་ན་ལུང་བ་དེའི་ལུགས་སྲོལ་ལ་བརྩི་བཀུར་བྱེད་རྒྱུ་ཅིས་ཀྱང་གལ་ཆེན་སྣང་ངོ་། །
འདིར་ཀློག་མཁན་མང་ཆེ་བ་ནང་པ་ཡིན་ཙང་ངས་དེ་རིང་འདི་བརྗོད་འདོད་བྱུང་། ངས་འཇིན་གྲྭའི་ནང་ལ་དགེ་ཕྲུག་བློ་ཉེ་ལ་ནང་ཆོས་ལ་དོ་སྣང་ཆེ་ཤིང་། དཔྱད་ཞིབ་ལ་དགའ་བ་འགའ་ཤས་ལ། ཕྱེད་རྩེད་མོ་དང་སྦྲགས་ནས་ཡི་ཤུ་དང་ཁ་ཆེ་ཆོས་པ་ཚོའི་སྐོར་ལ། དཀོན་མཆོག་གིས་འཇིག་རྟེན་བཟོས་པ་ཡིན་མིན་མི་ཤེས་ཀྱང་། མི་ཡི་རྣམ་རྟོག་གིས་དཀོན་མཆོག་འཇིག་རྟེན་བཀོད་པ་པོ་ཞིག་ཡོད་པར་བཟོས་པ་ནི་ཏན་ཏན་རེད་ཤག་ཟེར་རྒྱུ་བྱུང་།།
“གནད་འགག” ཅེས་པ་ཡིན་ནམ ་གནང་འགག ཅེས་པ་ཡིན། མིང་ཚིག་འདི་ལ་རྗེས་འཇུག་ང་ཡིག་དང་ད་ཡིག་གང་རུང་བ་ཡིན། རྣམ་དཔྱོད་ཀྱི་རིག་རྩལ་ལམ། རིགས་རྩལ་བསྟན་དགོས་པར་མཐོང་ངོ་།
འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ནས་ཡོངས་ཁྱབ་ཏུ་གསལ་བསྒྲགས་གནང་བའི་གཞི་རིམ་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་ཞུ་མཁན་ཞིག་གི་ངོས་ནས་བལྟས་ན་ཆོས་ལུགས་གང་ལ་དད་མོས་བྱ་རྒྱུ་དེ་མི་སྒེར་གྱི་བསམ་སྤྱོད་ཀྱི་རང་དབང་ཙམ་ལས་དེ་ལ་སྤྱི་ཚོགས་སྤྱི་ཡོངས་ནས་མཐུ་མོང་དུ་འགན་འཁུར་དགོས་པ་ཞིག་ནམ་ཡང་མཐོང་གི་མི་འདུག་།
ལོ་གསར་ལ། ལོ་སར་བྲིས་དགོས་དོན་གང་ཡིན་ནམ། ལགས།
བདེན་པར་སྣང་།