ཨེ་མ་ཧོ།
ན་མོ་གུ་ར་ཝེ།
ཨ་ཁུ་སྤྱི་དཔོན་མཇལ་བའི་ཚོར་སྣང་བྱུང་།།
ཧ་ཅང་དགྱེས་པའི་གད་མོ་སློང་བའི་མི།།
ས་དྷ་ཞེས་པའི་ཡེ་ཤུའི་ཟློས་གར་གྱིས།།
ཤ་བའི་ཤིང་རྟ་བརྒྱུད་ནས་རྔན་པ་སྤྲོད།།
ལྭ་བ་དམར་པོ་གྱོན་པའི་མི་རྒན་ཞིག །
ར་མ་དཀར་པོས་ཨ་ར་མཛེས་པ་ཞིག །
ཡ་རབས་བྱིས་པ་ཚང་མ་དགའ་ས་ཞིག །
འ་ཅག་དུས་སྟོན་འདི་ལ་མཉམ་ཞུགས་བྱུང་།།
ཟ་གོས་ལོངས་སྤྱོད་ལྷ་དང་མཉམ་པར་རོལ།།
ཞྭ་དམར་དཀར་རྒྱན་གྱོན་ནས་འཛུམ་དཀར་ངོམ།།
ཝ་ཡེར་ཡེ་ཤུའི་འཁྲུངས་སྐར་དགའ་བསུ་ཞུས།།
ཛ་ཡའི་བསྟན་པ་རྒྱས་པའི་སྨོན་ལམ་བཏབས།།
ཚྭ་དང་དངུལ་འཕྲིན་ནོར་བུའི་རྟེན་འབྲེལ་བཅས།།
ཙ་རུ་མི་ཉེ་རྒྱང་ནས་སྦྲང་ཆར་འཇོ།།
མ་རབས་ཚད་གཅོད་བདེན་པར་རྒྱལ་ཁ་སྤྲོད།།
བ་སོ་ལྟར་དཀར་ལྷག་བསམ་དགུང་དུ་བསྟོད།།
ཕ་མེས་རྒྱུད་པའི་འདས་ལོག་ཆོས་ལུགས་ལ།།
པ་ལ་ཤ་བཞིན་འབྲས་བུའི་དཔལ་ཡོན་འབར།།
ན་མོས་སྐྱབས་གནས་འཛིན་པ་མ་ཡིན་ཡང་།།
ད་ལྟའི་དུས་རབས་ཕན་པས་གྲོགས་པོར་བྱས།།
ཐ་དག་མྱང་འདས་ཐོབ་པར་མ་མཆིས་ཀྱང།།
ཏ་ལེར་གནས་སྐབས་ཕན་པར་ཚད་མས་གྲུབ།།
ཉ་ཉོག་འདྲ་བའི་བསམ་པ་ཡོངས་དོར་ནས།།
ཇ་ཆང་བཟའ་གཏུང་སྦྱིན་པའི་དྲིན་ལན་དྲན།།
ཆ་ལུགས་གནའ་བོས་རྒྱན་གོས་གྱོན་པ་འགས།།
ཅ་ཅོ་མེད་པར་ཞི་དུལ་དགའ་སྤྲོའི་ངང་།།
ང་ཚོ་ཚང་མས་མི་རིགས་རང་དབང་ལ།།
ག་དུས་ཡིན་ཡང་ཆིག་སྒྲིལ་དགོས་ཞེས་གསུངས།།
ཁ་ཙམ་མིན་པར་ལྷན་འཛོམས་དགའ་སྟོན་ལ།།
ཀ་ར་མངར་གསུམ་ལ་སོགས་ཅི་དགར་སྤྱོད།།
ཨོ་རྒྱན་རིག་འཛིན་བརྒྱུད་པར་ཚོགས་འཁོར་འབུལ།།
ཨེ་ཝྃ་ཕྱག་རྒྱའི་དངོས་གྲུབ་ཐོབ་པར་སྨོན།།
ཨུ་མ་དེ་ཝིའི་ལ་སོགས་ལྷ་ཚོགས་ལ།།
ཨི་ལྡན་དབྱངས་གསལ་མཆོད་པའི་སྙན་ངག་འབུལ།།
རང་གཞན་ཀུན་ལ་ཕན་བདེའི་དཔལ་ཐོབ་ནས།།
འཁོར་འདས་རོལ་གཅིག་རྟོགས་པའི་སྨོན་ལམ་འདེབས།།
ཞེས་པ་འདི་ཡང་ཝ་ཡེལ་དཔལ་རིན་རྒྱལ་མཁར་ནས་སྦྱིན་བདག་རིས་མཆོད་ཀྱི་ངོར་ཨེ་མ་ཧོས་གླུ་རུ་བླངས་པ་དགེའོ།། ཕྱི་ལོ་༢༠༡༤ །༡༢ །༡༣ ལའོ།།
ཀ་ཡེ་དེང་རབས་བོད་རིགས། །
ཁ་ཡོད་ལག་ཡོད་དམ་ཚིག
ག་ནས་བལྟས་ཀྱང་མཐོང་དགོས།
ང་ཡི་སྙིང་གཏམ་ཡིན་ནོ།
ཅལ་ཅོལ་གཞན་འཇུག་མ་དྲངས།
ཆལ་ཆོལ་ལད་མོ་མ་མང་།
ཇ་ཆང་མངར་ཟས་རེ་ནས།
ཉ་ཉུང་ལམ་སྲོལ་མ་བསྲེས།
ཏ་ར་སྒྲོལ་མ་བཞག་ནས།
ཐ་མལ་མ་རིར་མ་རེ།
ད་གཟོད་ཕྱི་པ་མང་ན།
ན་རྒས་འོངས་དུསའགྱོད་ཡོང་།
པ་ར་མི་ཏ་བཞག་སོགས།
ཕ་མེས་ནང་ཆོས་མ་བརྗེད།
བ་གླང་སྤྱོད་ངན་མ་སྦྱངས།
མ་རྐང་རང་ཚུགས་བརྟན་དགོས།
རྩ་ཆེན་ནང་ཆོས་བཞག་ནས།
ཚྭ་མེད་རྒྱུས་མེད་མ་མྱངས།
ཛ་ཡའི་བསྟན་ལ་དད་ནས།
ཝ་སྐྱེས་གྲལ་ལ་མ་སྡོད།
ཞྭ་མདོག་དམར་སེར་མ་རྩོད།
ཟ་འོག་གོང་ཆེན་མ་གྱོན།
འ་ར་འུ་རེ་འབྲི་རྩོམ།
ཡ་རབས་མི་ལ་མི་མཁོ།
ར་ཕོ་ང་རྒྱལ་ཆེ་དུས།
ལ་ལུང་ཉི་་འོག་མཐོང་ཡོང་།
ཤ་ཞེན་ལ་རྒྱ་བརྗེད་དུས།
ས་མཐའ་སྐོར་དོན་བརླག་ཡོང་།
ཧ་ལོའི་མེ་ཏོག་མཛེས་ཀྱང་།
ཧ་ཅང་དགའ་འདོད་མི་འདུག
ཨ་མའི་དད་ཡུལ་ནང་ཆོས།
ཨ་མ་བཞིན་དུ་གུས་ཆོག །
དེང་སང་སྙན་ངག་པ་ཡིན་ཚུལ་གྱིས་ར་བཟི་བའི་མི་སྣ་སྲང་ལམ་ཡོངས་སུ་ཁེངས་ཤིང་། ཁོང་ཚོས་བྲིས་པའི་བརྩམས་ཆོས་ལ་མཚོན་ན་ནི། བརྗོད་བྱའི་ནང་དོན་ཕོངས་པ་དང་། རྗོད་བྱེད་སྙན་ཚིག་དབེན་པའི་ཡིག་རྙོག་ཁོ་ནའི་གདའ་ཞིང་། དེ་བས་ཚོར་སྣང་དང་ཉམས་འགྱུར། གསོན་ཤུགས་ཅི་ཡང་མེད་པ་མ་ཟད། ཡི་གེའི་སྡེབ་སྦྱོར་ཙམ་ཡང་མུ་གེ་ལུས་པ་ཁོ་ན་གདའ་འོ། དེའི་ཕྱིར་སྙན་ངག་པའི་མིང་སྐམ་ཁྱེར་མཁན་ཁྱེད་རྣམ་པ་ཚོའི་ཁ་ནང་སྙན་ངག་ཅེས་ཡེ་ནས་མ་བརྗོད་ཅེས་ཞུ་འདོད་བྱུང་།
རིས་མེད་ཆོས་ལུགས་དད་གུས་ཡ་རབས་བཟང་སྤྱོད་རེད་།
སྒྲུབ་ཐ་་འཆོལ་ན་ཡོངས་རྫོགས་འཆོལ་བ་རེད་།
ཕ་མའི་ཆོས་ལས་ལྷག་པ་ས་འདིར་མེད་།
ཀི་རིས་མ་སེ་དགའ་སྟོན་ལེགས་ན་ཡང་། །
ལྗོན་ཤིང་གྲངས་མེད་གཅོད་བྲེག་ག་ལ་ལེགས། །
དགའ་ཉེ་་འཛོམས་ནས་ལག་རྟགས་སྤྲོད་རེས་ལེགས། །
ཤ་ས་ཆང་འཐུང་ཚོད་མེད་བྱས་པ་ག་ལ་ལེགས། །