རེ་མདོ་སེངྒེ་།
ཡོ་རོབ་ཏུ་རྒྱལ་སྤྱིའི་བོད་རིག་པའི་ཚོགས་ཆེན་ཐེངས་བཅུ་བཞི་པར་བསྐྱོད་པའི་སྐབས་ཀྱི་མཐོང་ཐོས་འགའ་ཤས། {ཚན་པ་བདུན་པ།}
༄༅།། ཕྱི་ཟླ་ ༧ ཚེས་ ༡ ཉིན་དར་རྒྱས་རྒྱ་མཚོ་དང་ལྷན་དུ་མེ་འཁོར་བརྒྱུད་ད་ལྟའི་ཁོང་ཚོའི་ནང་མི་རྣམས་ཀྱི་སྡོད་གནས་བྷེ་རྗམ་གྱི་གྲོང་ཁྱེར་ཨན་ཊའོ་ཕེན་ Antwerpen ལ་ཕྱིན། གྲོང་ཁྱེར་འདི་བྷེ་རྗམ་གྱི་གྲོང་ཁྱེར་རྒྱ་ཆེ་ཤོས་ཤིག་ཡིན་ཚོད་མི་འདུག་ཀྱང་། འཛམ་གླིང་ཐོག་གི་རྡོ་རྗེ་ཕ་ལམ་གྱི་ཁྲོམ་ར་རྒྱ་ཆེ་ཤོས་དང་སྙན་གྲགས་ཆེ་ཤོས་གྲོང་ཁྱེར་འདིར་ཡོད་པ་དང༌། ཡོ་རོབ་གླིང་གི་ཚོང་རྫས་བོར་འདྲེན་བྱེད་པའི་གྲུ་གཟེངས་ཀྱི་འབབ་ཚིགས་ཆེ་ཤོས་ཨང་གཉིས་པ་དེ་ཡང་གྲོང་ཁྱེར་འདིར་ཡོད་པས། གྲོང་ཁྱེར་འདི་ཚོང་ལས་ལྟེ་གནས་ཀྱི་གྲོང་ཁྱེར་སྐད་གྲགས་ཆེ་ཤོས་ཤིག་ལ་ངོས་འཛིན་བྱེད་ཀྱི་འདུག
གང་ལྟར་ངེད་གཉིས་ཨན་ཊའོ་ཕེན་ལ་འབྱོར་བའི་སྐབས་པདྨ་ཚེ་མཆོག་དང༌། ཨོ་རྒྱན། བྱེས་སུ་ཡོད་པའི་ངའི་ཚ་བུ་ཆུང་ཆུང་ཆོས་ལྡན་བཅས་ཀྱིས་ངེད་གཉིས་བསྒུགས་ནས་འདུག ང་ཚོ་ལྷན་འཛོམས་ཡོང་བ་ནི་ང་བྷེ་རྗམ་དུ་ཡོང་བའི་དགོས་དོན་གཙོ་བོ་ཞིག་ཡིན་ལ། བྱེས་སུ་ཡོད་པའི་ནང་མི་ལྷན་འཛོམས་བྱུང་བ་འདི་དངོས་པོ་ཕལ་པ་གང་གིས་ཀྱང་མཚོན་མི་ཐུབ་པའི་སྤྲོ་སྣང་གི་གཞི་མ་ཞིག་ཡིན་པ་སྨོས་མ་དགོས།
སྤྱིར་བྷེ་རྗམ་གྱི་རྒྱལ་ཁབ་འདི་ཡོ་རོབ་ཀྱི་ལོ་རྒྱུས་ཐོག་གི་རྡོ་ཆས་དུས་རབས་ཀྱི་རིག་གཞུང་གི་འབྱུང་ཁུངས་གཙོ་བོ་ཞིག་ཡིན་པར་མ་ཟད། ཡོ་རོབ་གླིང་གི་སའི་དཀྱིལ་སྙིང་གི་ཚུལ་དུ་གནས་ཤིང༌། ཡོ་རོབ་སྤྱིའི་ཆབ་སྲིད་དང༌། རིག་གཞུང༌། དཔལ་འབྱོར་བཅས་གང་ཅིའི་ཐད་ནས་གནད་འགག་ཆེན་པོར་ཆགས་པའི་རྒྱལ་ཁབ་ཅིག་ཡིན། དེར་བརྟེན་བྷེ་རྗམ་གྱི་དར་རྒུད་ནི་ཡོ་རོབ་སྤྱིའི་དར་རྒུད་དང་རང་བཞིན་གྱིས་འབྲེལ་བ་ཆེན་པོར་གྱུར་ཡོད་འདུག་ལ། བྷེ་རྗམ་ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཐོག་མར་འཛུགས་མཁན་གྱི་རྒྱལ་ཁབ་གཙོ་བོའི་གྲས་ཤིག་ཡིན་པར་མ་ཟད། ཡོ་རོབ་མཉམ་འབྲེལ་གྱི་སྒྲིག་འཛུགས་དང༌། ཡོ་རོབ་མཉམ་འབྲེལ་གྲོས་ཚོགས་ཀྱི་ལྟེ་གནས་ཀྱང་ཆེད་དུ་བྷེ་རྗམ་ལ་འཛུགས་དགོས་པའི་རྒྱུ་མཚན་གོང་དུ་བཤད་པའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་དག་ལ་འབྲེལ་བ་ཡོད་ངེས་སྙམ།
ཨན་ཊའོ་ཕེན་གྱི་གྲོང་ཁྱེར་ནང་པེ་རི་སིའི་ཁང་རྙིང་ལྟ་བུའི་བརྗིད་ཉམས་ཅན་མང་པོ་མི་འདུག་ཀྱང༌། ངེད་གཉིས་ཐོག་མར་པེ་རི་སི་ནས་ཨན་ཊའོ་ཕེན་གྱི་མེ་འཁོར་འབབ་ཚིགས་སུ་འབྱོར་བའི་སྐབས། མེ་འཁོར་འབབ་ཚིགས་འདི་ནི་རྒྱ་ཁྱོན་དང་མཛེས་བཀོད་གང་ཅིའི་ཐད་ནས་བློ་ཡུལ་དུ་མི་ཤོང་བ་ལྟ་བུ་ཞིག་འདུག་ཅིང༌། པེ་རི་སི་དང་མ་འདྲ་བར་མི་རེ་ཟུང་ལས་མཐོང་རྒྱུ་མེད་པའི་སྟོང་སངས་ངེ་བ་ཞིག་ཡིན་སྟབས་ཚོར་སྣང་དམིགས་བསལ་བ་ཞིག་བྱུང་།
ཕྱི་ཟླ་ ༧ ཚེས་ ༢ ཉིན་བྷེ་རྗམ་བོད་ཀྱི་ཤེས་རིག་འཛིན་སྐྱོང་ཁང་གིས་གོ་སྒྲིག་བྱས་འདུག་པ་ལྟར། དེ་གའི་བོད་ཀྱི་ཤེས་རིག་འཛིན་སྐྱོང་ཁང་གི་ཁྱབ་ཁོངས་ཀྱི་གཟའ་མཇུག་སློབ་གྲྭའི་དགེ་རྒན་དང༌། ཕ་མ། སློབ་མ་བཅས་མཉམ་འཛོམས་བྱས་ཡོད་པའི་སར་ངོ་བཅར་ཞུས། ང་ཚོ་འགྲོ་བའི་སྐབས་སྤྱི་གླིང་ཆུང་ཆུང་ཞིག་ཏུ་ཁོང་ཚོ་ཚོགས་འདུག་ཅིང་། སློབ་ཕྲུག་རྣམས་ཀྱིས་དུམ་སྐོར་གསུམ་བྱས་ཏེ་གླུ་གཞས་སྦྱོང་བདར་བྱེད་བཞིན་འདུག་པ་དང༌། དགེ་རྒན་དང་ཕ་མའི་ཚོགས་ཆུང་གི་ཚོགས་མི་རྣམས་ཟུར་ཞིག་ཏུ་ཚོགས་ནས་འདུག ང་ཚོ་འབྱོར་མ་ཐག་བོད་ཀྱི་ཤེས་རིག་འཛིན་སྐྱོང་ཁང་གི་དྲུང་ཆེའི་ངོས་ནས་ཕྲན་ངོ་སྤྲོད་མདོར་བསྡུས་བྱས། ངས་ཕ་མའི་ཚོགས་ཆུང་གི་གནས་སྟངས་ལ་རྒྱུས་ལོན་དང༌།ཕ་མའི་ཚོགས་ཆུང་གི་ཚོགས་མི་རྒན་པ་འགའ་ཤས་དང་ང་ཚོའི་བར་གནད་དོན་འགའ་ཤས་ཐོག་གླེང་མོ་བྱས། དེ་ནས་དགེ་རྒན་རྣམ་པ་དང་ང་ཚོ་ཟུར་དུ་ཚོགས་འདུ་ལྟ་བུ་ཞིག་ཚོགས། ཁོང་ཚོའི་སློབ་ཁྲིད་ཀྱི་བརྒྱུད་རིམ་ནང་བྱུང་བའི་དཀའ་ངལ་འགའ་ཤས་གླེང་གཞི་བྱས་པའི་ཐོག་ནས་བགྲོ་གླེང་དང་བསམ་ཚུལ་བརྗེ་ལེན་བྱས།
ཁོང་ཚོ་ཡོངས་རྫོགས་ལོ་གཞོན་ཤ་སྟག་ཡིན་ཡང་ལས་ཀའི་བར་གསེང་དུ་དང་བླང་གིས་སློབ་ཁྲིད་གནང་བཞིན་པ་ནི་ཤིན་ཏུ་དགའ་འོས་པ་དང་རྗེས་སུ་ཡི་རང་གི་གནས་ཡིན་པར་མ་ཟད། ཁོང་ཚོའི་སློབ་ཁྲིད་ཀྱི་ནང་དོན་ནི་བོད་ཀྱི་སྐད་ཡིག་དང༌། བོད་ཀྱི་ཁྱད་ཆོས་ལྡན་པའི་རི་མོ་སྣ་ཚོགས། བོད་ཀྱི་གླུ་གར་དང་རོལ་དབྱངས་བཅས་ཀྱི་སྣ་གྲངས་མ་འདྲ་བ་སྣ་ཚོགས་སློབ་ཁྲིད་བྱས་པ་བརྒྱུད། མི་རབས་གསར་པའི་བོད་རིགས་གཞོན་སྐྱེས་རྣམས་བོད་མི་རྣལ་མ་ཞིག་ཏུ་འཚར་ལོངས་པར་འབད་བརྩོན་ཆེན་པོ་གནང་གི་འདུག་པ་ནི། ལག་གཉིས་ཐལ་མོ་སྦྱར་ནས་བཀའ་དྲིན་ཞུ་འོས་པ་ཞིག་རེད།
དེ་གའི་ལས་དོན་ཡོངས་སུ་གྲུབ་པ་དང་དར་རྒྱས་རྒྱ་མཚོ་དང༌། གྲོགས་པོ་བཟང་པོ་སྒང་ཚ་ཁ་པ་འོད་ཟེར་བཅས་ང་ཚོ་ཨན་ཊའོ་ཕེན་གྲོང་ཁྱེར་ནང་གི་སྐད་གྲགས་ཆེ་བའི་འགྲེམ་སྟོན་ཁང་ MAS MUSEUM AAN DE STROOM ཞེས་པའི་ནང་ལྟ་སྐོར་དུ་ཕྱིན། འགྲེམས་སྟོན་ཁང་འདི་ལ་ཐོག་རྩེག་ཉི་ཤུ་མ་ཟིན་ཞིག་འདུག་ལ། ཐོག་རྩེག་སོ་སོའི་འགྲེམས་སྟོན་གྱི་ནང་དོན་མ་འདྲ་བ་ཤ་སྟག་རེད། འགྲེམས་སྟོན་ཁང་འདི་བཟོ་བཀོད་དམིགས་བསལ་བ་ཞིག་ཡིན་པར་མ་ཟད། རྒྱང་ནས་བལྟས་ན་ཤིན་ཏུ་དམར་ཞད་ཆེ་བའི་ཁང་པ་བརྗིད་ཉམས་ལྡན་པ་ཞིག་ཡིན། འགྲེམས་སྟོན་ཁང་འདི་བཟོ་སྤྱད་ཀྱི་རྡོ་དམར་ཡོངས་རྫོགས་ཆེད་དུ་རྒྱ་གར་ནས་བོར་འདྲེན་བྱས་ཡོང་བ་ཞིག་ཡིན་འདུག་ཅིང༌། བཟོ་ལྟ་མ་འདྲ་བའི་ཁྱད་པར་ཙམ་མ་གཏོགས་རྒྱུ་ཆའི་ཐད་ནས་རྒྱ་གར་གྱི་གནའ་བོའི་རྒྱལ་ཁང་རྙིང་པ་ཞིག་ཏུ་སླེབས་པ་ལྟ་བུའི་ཚོར་སྣང་ཞིག་རང་བཞིན་གྱིས་ཡོང་གི་འདུག
འགྲེམས་སྟོན་ཁང་འདིར་འཛམ་གླིང་གི་ཡུལ་ལུང་མ་འདྲ་བ་སོ་སོའི་རིག་དངོས་སྣ་ཚོགས་འགྲེམས་སྟོན་བྱས་འདུག་ལ། ཐོག་རྩེག་བརྒྱད་པའི་ཁང་མིག་ཅིག་ཏུ་དུས་རབས་བཅུ་པ་དང་བཅུ་གཅིག་ཡས་མས་ཀྱི་བོད་བཟོ་ཡིན་ནམ་སྙམ་པའི་ཐུབ་དབང་ལོངས་སྐུའི་ཚུལ་དུ་བཞེངས་པ་མི་ཚད་ཙམ་ཞིག་དང༌། སྤྱན་རས་གཟིགས་བཅུ་གཅིག་ཞལ་ཁྲི་གང་ཡས་མས་ཅན། ཆོས་རྒྱལ་གྱི་ཞལ་འབག་དང་རུས་རྒྱན། པོ་ཏ་ལ་དང་བསམ་ཡས་གཙུག་ལག་ཁང་གཉིས་རས་ངོས་གཅིག་ཏུ་གཙགས་དྲུབ་ཞུས་པ་ཞང་ལ་ཁྲི་དོ་དང་གྱེན་ལ་ཁྲི་གང་ལྷག་ཡོད་པ། སྲིད་པ་འཁོར་ལོ་དེ་ལས་ཅུང་ཆེ་བ། དུང་ཆེན་དང་མཆོད་ཆས་ཀྱི་རིགས་འགའ་ཤས་བཅས་བོད་ཀྱི་ནང་བསྟན་རིག་གཞུང་དང་འབྲེལ་བ་ཡོད་པ་འགའ་ཤས་བཤམས་འདུག པོ་ཏ་ལའི་གཙགས་དྲུབས་ཡོད་སའི་གྱང་ངོས་སུ་གཡས་གཡོན་བྱས་ནས་ཤོག་བུ་གཉིས་སྦྱར་འདུག་ཅིང་། གཡས་ངོས་ཀྱི་ཤོག་བུའི་ཐོག་༸གོང་ས་མཆོག་འཛམ་གླིང་མི་མང་དགའ་མོས་ཆེན་པོ་ཞུ་སའི་མི་སྣ་རླབས་ཆེན་ཞིག་ཡིན་པ་སོགས་དང༌། ཕྱི་ལོ་ ༡༩༥༩ ལོར་བོད་མི་མང་པོ་ཞིག་མགོན་པོ་ཁོང་གི་སྐུ་རྗེས་སུ་རྒྱ་གར་ལ་སྐྱབས་བཅོལ་དུ་ཡོང་དགོས་བྱུང་བའི་ལོ་རྒྱུས་བཅས་བོད་ཀྱི་ཆབ་སྲིད་ཀྱི་ལོ་རྒྱུས་སྙིང་བསྡུས་ཤིག་ངོ་སྤྲོད་ཞུས་འདུག་པ་དང༌།
གཡོན་ངོས་ཀྱི་ཤོག་བུའི་ཐོག་བོད་བརྒྱུད་ཀྱི་ནང་བསྟན་སྤྱི་དང་ལྷག་པར་གསང་སྔགས་ཞེས་པ་ངོ་སྤྲོད་ཞུས་འདུག འདི་དག་ནེའུ་ངྷི་ལན་ཊིའི་སྐད་ཡིག་ཐོག་བྲིས་འདུག་པས་ངའི་རོགས་པ་གཉིས་ཀྱིས་གོ་དོན་གཏིང་ཕུག་པ་ཞིག་ཤེས་ཀྱི་མི་འདུག་ཀྱང༌། བོད་ཀྱི་གསང་སྔགས་ཉམས་ལེན་པ་རྣམས་ཀྱིས་སྔགས་ཉམས་ལེན་བྱེད་པའི་སྐདབས་གཙོ་བོ་མཎི་འདོན་གྱི་རེད་ཅེས་པ་དང་། དེ་བཞིན་ཁང་མིག་དེའི་སྒོ་འགྲམ་དུ་སྒྲོལ་མའི་རླུང་རྟ་དུམ་བུ་གཉིས་འཐེན་འདུག་པའི་གཤམ་དུ། འདི་ནི་བོད་ཀྱི་ཆོས་བྱེད་ལུགས་ཤིག་ཡིན་ལ། རས་ངོས་སུ་ནང་དོན་བཟང་པོ་ལྡན་པའི་ཚིག་མང་པོ་འཁོད་ཡོད་ཅིང༌། ཚིག་འབྲུ་བཟང་པོ་འདི་དག་རླུང་ལ་བསྐུར་ནས་འཇིག་རྟེན་ཐོག་ཞི་བདེ་ལྷིང་འཇགས་ཡོང་བའི་སྨོན་འདུན་བྱེད་ཀྱི་ཡོད་པ་རེད་ཅེས་སོགས་བྲིས་འདུག འགྲེལ་བཤད་ཕྱི་མ་འདི་དག་ནོར་བ་རེད་ཅེས་བཤད་ཐུབ་མིན་གང་ལྟར་ཡང༌། ང་ཚོས་ཡོངས་གྲགས་ཀྱི་འགྲེལ་ལུགས་མ་འདྲ་བའི་སྐད་ཆ་གསར་པ་རེད་ཡིན། གང་ལྟར་འགྲེམས་སྟོན་ཁང་ཆེན་པོ་འདིའི་ནང་བོད་ཀྱི་ནང་བསྟན་ཆོས་ལུགས་དང་འབྲེལ་བའི་རིག་དངོས་འགའ་ཤས་ཁང་མིག་དམིགས་བསལ་བ་ཞིག་ཏུ་འགྲེམས་སྟོན་ཞུས་འདུག་པས་ང་ཚོ་དགའ་བོ་བྱུང༌ལ། བོད་ལ་ངོམ་དུ་རི་བའི་ནོར་བུ་གཅིག་ཡོད་པ་ནི་བོད་ཀྱི་ནང་བསྟན་ཆོས་ལུགས་ཡིན་པ་ངོ་མ་འཕྲོད་པའི་བོད་མི་འགའ་ཤས་ཀྱིས། ད་དུང་ཡང་ཆོས་ལུགས་ཀྱིས་བོད་མི་རིགས་ཕུང་ལ་སྦྱར་སོང་ཟེར་བ་ལྟ་བུའི་གནས་ལུགས་མེད་པའི་སྐད་ཆ་སྣ་ཚོགས་ཤོད་བཞིན་པ་ནི་རང་མཚང་རང་གིས་བསྟན་པ་ལས་མ་འདས།
ཕྱི་ཟླ་ ༧ ཚེས་ ༣ དར་རྒྱས་རྒྱ་མཚོ་དང་འབྲིང་བ་བསྟན་པ་བཅས་ང་ཚོ་ཧོ་ལན་ཀྲི་ལ་ཕྱིན། ཧོ་ལན་ཀྲིའི་གྲོང་ཁྱེར་སྙན་གྲགས་ཅན་ཨམ་ས་ཊེར་ཌམ་ Amstetdam ནི་ཨན་ཊའོ་ཕེན་ Antwerpen ནས་རླངས་འཁོར་ཆུང་བ་ཆུ་ཚོད་གཉིས་ཡས་མས་ཀྱི་ལམ་ཐག་ཡིན་འདུག་ཅིང༌། ང་ཚོ་གྲོང་ཁྱེར་འདིར་སླེབས་པ་དང་ཐོག་མར་ Madame Tussauds ཞེས་པའི་འགྲེམས་སྟོན་ཁང་དུ་ཕྱིན། འགྲེམས་སྟོན་ཁང་དེར་འཛམ་གླིང་གི་ཆོས་ལུགས་པ་དང༌། ཆབ་སྲིད་པ། བསམ་བློ་པ། སྒྱུ་རྩལ་པ། ཚན་རིག་པ། འཁྲབ་སྟོན་པ་སོགས་མི་སྣ་སྙན་གྲགས་ཅན་མང་པོའི་འདྲ་སྐུ་བཞེངས་འདུག ༸གོང་ས་མཆོག་གི་འདྲ་སྐུ་འདིར་བཞེངས་ཡོད་པ་རེད་ཟེར་བ་སྔོན་མ་ནས་གོང་མྱོང་། ༸གོང་ས་མཆོག་དཀྱིལ་དུ་བཞུགས་པའི་གཡས་ཕྱོགས་སུ་ཨ་ཧྥེ་རི་ཀའི་སྲིད་འཛིན་ཟུར་པ་མཱེ་ཌར་ལ་དང༌། གཡོན་དུ་སེམས་དཔའ་ཆེན་པོ་མཧཱ་ཏཱ་མ་གྷན་ངྷེ་བཅས་ལྷན་དུ་བཞེངས་འདུག ང་ཚོ་༸གོང་ས་མཆོག་གི་འདྲ་སྐུ་བཞུགས་སའི་ཁང་རྩེག་དེར་སླེབས་པ་དང༌། བུད་མེད་ཞབས་ཞུ་མ་ཞིག་དགའ་ཚོར་དང་བཅས་བྲེལ་སྟབས་ཀྱིས་ངའི་སར་རྒྱུག་ཡོང་ནས། ཁྱོད་དང་ན་བཟའ་ཆ་མཐུན་པའི་༸གོང་ས་ཏཱ་ལའི་བླ་མའི་འདྲ་སྐུ་འདི་ན་བཞུགས་ཡོད་རེད་ཅེས་ང་ཚོར་ངོ་སྤྲོད་ཞུས་བྱུང༌། ང་ཚོས་ཀྱང་དགའ་ཚོར་དང་བཅས་༸གོང་ས་མཆོག་གི་འདྲ་སྐུ་ལ་མཇལ་ཁ་ཞུས་པ་ཡིན་ལ། ཞིབ་ཏུ་མཇལ་བའི་སྐབས་༸གོང་ས་མཆོག་གི་སྐུ་འདྲ་བཞེངས་སྟངས་དང༌། སྐུ་ཤའི་མདངས། ན་བཟའ་ཕུལ་སྟངས་བཅས་གསོན་ཉམས་དོད་པོ་ཞིག་མི་འདུག་པས་ང་ཚོའི་འདོད་པ་ཁེངས་པ་ཞིག་མ་བྱུང་ཡང་། ༸གོང་ས་མཆོག་གི་སྐུ་འདྲ་འདིར་བཞེངས་འདུག་པ་ཙམ་ནི་མཚོན་བྱེད་དམིགས་བསལ་བ་ཞིག་ཡིན་པས། བོད་མི་རིགས་ཀྱི་གཟི་བརྗིད་དང་བསོད་ནམས་རེད་སྙམ་པའི་སྤྲོ་སྣང་ཚད་མེད་པ་ཞིག་བྱུང༌།
གྲོང་ཁྱེར་འདི་ལ་རྒྱ་མཚོའི་གྲོང་ཁྱེར་ཞེས་མིང་འབོད་བྱེད་སྲོལ་འདུག་པ་ལྟར། གྲོང་ཁྱེར་ནང་ཡོངས་རྫོགས་ལ་རྒྱ་མཚོ་ཡུར་བར་དྲངས་འདུག་པས། གྲི་གཟིངས་བརྒྱུད་ནས་གྲོང་ཁྱེར་ནང་ལྟ་སྐོར་འགྲོ་བ་ནི་གྲོང་ཁྱེར་འདིའི་མཛེས་སྡུག་ཉམས་སུ་མྱོང་བའི་བྱེད་ཐབས་ཁྱད་པར་བ་ཞིག་ལ་ངོས་འཛིན་བྱེད་ཀྱི་འདུག དེར་བརྟེན་ང་ཚོ་གྲི་གཟིངས་བརྒྱུད་ནས་གྲོང་ཁྱེར་ནང་ལྟ་སཀོར་དུ་ཕྱིན་པ་ཡིན།
གྲོང་ཁྱེར་འདིའི་མི་འབོར་ལ་དཔག་པས་ལྕགས་རྟ་ཤིན་ཏུ་མང་པོ་འདུག་ཅིང༌། གྲོང་ཁྱེར་འདི་འཛམ་གླིང་གི་ལྕགས་རྟ་བཀོལ་སྤྱོད་བྱེད་མཁན་མང་ཤོས་ཤིག་ཡིན་པའི་ཤོད་སྲོལ་འདུག་ལ། ཕར་བལྟས་པའི་སྐབས་སུ་ས་སྟོང་ཡོངས་རྫོགས་ལྕགས་རྟས་ཁེངས་བསྡད་པ་མ་གཏོགས་རླངས་འཁོར་དེ་ཙམ་མཐོང་རྒྱུ་མི་འདུག དེ་བཞིན་གྲོང་ཁྱེར་འདིའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྟ་བུ་ཞིག་ནི། འདིར་ཐ་མག་ནག་པོའི་རིགས་ཉོ་ཚོང་དང་བཟའ་བཏུང་གཉིས་ཀ་ཁྲིམས་མཐུན་ཡིན་འདུག་པས། གྲོང་ཁྱེར་གྱི་སྲང་ལམ་མང་ཆེ་བ་ཐ་མག་ནག་པོའི་རིགས་ཀྱི་དྲི་མས་ཁྱབ་འདུག་པར་བརྟེན་ང་ལ་མཚོན་ན་གང་དུ་ཡིན་ན་ཡང་མ་བདེ་བའི་ཚོར་བ་ཞིག་རང་བཞིན་གྱིས་ཡོང་གི་འདུག
ཡོ་རོབ་ལུང་པ་གཞན་དག་དང་འདྲ་བར་འདིར་ཡང་རྒྱ་རིགས་གཏན་སྡོད་བྱེད་མཁན་དང་ཡུལ་སྐོར་བ་གཉིས་ཀ་ཤིན་ཏུ་མང་པོ་འདུག་ལ། གྲོང་ཁྱེར་གྱི་སྲང་བར་ཞིག་ཏུ་རྒྱའི་དགོན་པ་ཆུང་ཆུང་ཞིག་ཀྱང་འདུག ང་ཚོ་དེར་རྒྱའི་ཟ་ཁང་ཞིག་ཏུ་ཕྱིན་པའི་སྐབས་ནང་གི་སྦྱིན་བདག་མ་རྒྱ་མོ་ཞིག་འདུག་པ་ལས་ཀ་བྱེད་མཁན་ཡོངས་རྫོགས་བོད་པ་རེད་ལ། ང་ཚོ་གླེང་མོ་བྱེད་པའི་སྐབས་ཁོ་ཡོངས་རྫོགས་ཀྱི་ཕ་ཡུལ་ཁམས་ནས་ཡིན་ཟེར།
སྤྱིར་ཧོ་ལན་ཀྲི་ཞེས་པའི་རྒྱལ་ཁབ་འདི་ས་ཁུལ་དང་མི་རིགས་མ་འདྲ་བ་བཞི་ལས་གྲུབ་པའི་རྒྱལ་ཁབ་ཅིག་ཡིན་འདུག་ལ། ད་ལྟའི་ཆར་སའི་རྒྱ་ཁྱོན་ནི་སྤྱི་ལེ་གྲུ་བཞི་མ་ ༤༡.༥༢༦ དང༌། མི་འབོར་ ༡༠.༦༠༠༠༠༠༠ ལྷག་ཡོད་འདུག སྐམ་སའི་ས་ཁྱོན་དེ་ཙམ་ཆེན་པོ་མིན་པར་བརྟེན། ཕྱི་ལོ་དུས་རབས་བཅུ་དྲུག་པའི་ནང་མང་ཚོགས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་རྒྱ་མཚོའི་ཨ་རབ་མང་པོ་ཞིག་ཁོད་སྙོམས་ཏེ་སྐམ་སར་བསྒྱུར་འདུག དེར་བརྟེན་རྒྱལ་ཁབ་འདིའི་སྐམ་སའི་རྒྱ་ཁྱོན་གྱི་བརྒྱ་ཆ་བཅོ་ལྔ་ལྷག་མིས་གསར་དུ་བཟོས་པ་ཡིན་པས། རླན་ས་སྐམ་སྒྱུར་གྱི་ལས་གཞི་འདི་ཁྱོན་འདི་ཁོང་ཚོའི་མི་རིགས་ཀྱི་སྙིང་རུས་དང་སྤོབས་པ་མཚོན་བྱེད་ལ་ངོས་འཛིན་བྱེད་མཁན་མང་པོ་འདུག
ཧོ་ལན་ཀྲིའི་མཚོ་ཁུལ་གྱི་འགྲིམ་འགྲུལ་ཤོང་ཚད་ཤིན་ཏུ་རྒྱ་ཆེ་བས་འཛམ་གླིང་གི་ཨང་བརྒྱད་པ་དང༌། མཚོ་ཐོག་གི་གྲོང་ཁྱེར་བིས་ནི་སི་ནི་འཛམ་གླིང་འབྲུ་མཛོད་ཨང་གཉིས་པ་དང༌། ཕྱིར་གཏོང་བཅའ་དངོས་ཀྱི་ཤོང་ཚད་ཀྱང་འཛམ་གླིང་གི་ཨང་གཉིས་པ་ཡིན་འདུག མ་ཟད་ཡོ་རོབ་སྤྱིའི་བཅའ་དངོས་སྐྱེལ་འདྲེན་བརྒྱ་ཆ་སུམ་ཅུ་ལྷག་ཧོ་ལན་ཀྲིའི་རྒྱལ་ཁབ་འདི་བརྒྱུད་ནས་གཏོང་ལེན་བྱེད་ཀྱི་ཡོད་པས། རྒྱལ་ཁབ་འདི་རང་བཞིན་གྱིས་འཛམ་གླིང་གི་ཚོང་དོན་ལས་རིགས་ཀྱི་བརྒྱུད་ལམ་གནད་འགག་ཆེ་ཤོས་ཤིག་ཏུ་ཆགས་ཡོད་འདུག
གཞན་ཡང༌། ཟས་རིགས་ལས་སྣོན་དང༌། རྡོ་སྣུམ་བཙགས་སྦྱང༌། གསེར་དང་རྣོ་ལྕགས་ཞུན་སྦྱང༌། འཕྲུལ་ཆས་བཟོ་སྐྲུན། རྩིས་འཁོར་གློག་ཆས། གྲུ་གཟིངས་བཟོ་སྐྲུན། པར་སྐྲུན་བཅས་ཀྱི་ལག་རྩལ་འཛམ་གླིང་གི་སྔོན་ཐོན་སྙན་གྲགས་ལྡན་པ་ཞིག་ཡིན་པར་མ་ཟད། འཛམ་གླིང་གི་ཡུལ་སྐོར་རྒྱ་ཆེ་ཤོས་དང༌། ཡུལ་སྐོར་ཞབས་འདེགས་བཟང་ཤོས་དང་སྤུས་ཚད་མཐོ་ཤོས་ཀྱི་རྒྱལ་ཁབ་ཅིག་ཡིན་འདུག་ཅིང༌། རྒྱལ་ཁབ་འདི་ས་ཁྱོན་རྒྱ་ཆེན་པོ་ཡིན་མིན་ལ་མ་ལྟོས་པར་དཔལ་འབྱོར་གྱི་གནས་སྟངས་འཛམ་གླིང་གི་དཔལ་འབྱོར་ཡར་རྒྱས་ཨང་བཅུ་པར་སླེབས་ཡོད་པའི་ངོས་འཛིན་བྱེད།
རྒྱལ་ཁབ་འདིའི་གཞུང་འབྲེལ་གྱི་སྐད་ཡིག་ནེ་རྡི་ལན་ཊི་དང༌། མང་ཚོགས་བརྒྱ་ཆ་མང་ཤོས་ཀྱིས་དད་པ་ཞུ་སའི་ཆོས་ལུགས་གནམ་བདག་ལུགས་ཡིན་འདུག་ཅིང་། གཞན་ཡང༌། ཁ་ཆེ་དང༌། ནང་པ། རྗེའུ། ཧིན་རྡུའི་ཆོས་ལུགས་བཅས་ལ་དད་པ་ཞུ་མཁན་ཡང་མི་གྲངས་ཉུང་ཤས་རེ་ཡོད་འདུག
༼་་་་་་མུ་འགོད།༽
(བྲེལ་འཚུབ་ཀྱི་བར་ནས་བྲིས་ཤིང་བསྐྱར་དུ་ཞུས་དག་བྱེད་ལོང་མ་བྱུང་བས་ཡིག་སྐྱོན་ཤོར་ཡོད་ངེས་དགོངས་ཡངས་མཛོད།)
http://tibettimes.net/150412-2/
་་་་་་་་་་ གནའ་རྫས་རྟོག་ཞིབ་རིག་པ་བས་བོད་ན་རྙེད་པའི་འགྱུར་རྡོ་སོགས་ལས་བོད་ན“ལོ་ངོ་ཁྲི་༥་ཡི་ཡར་སྔོན་ནས་བཟུང་སྟེ་མིའི་རིགས་འཚོ་སྡོད་བྱས་ཡོད”པ་བཤད་ཡོད།། ་་་་་་་་་་་་
བཀླགས་ཟིན།
ཡིག་ནོར་གྲུ་གཟིངས་ལ་(གྲི་)གཟིངས་ཞེས་བྲིས་པ་ལན་གཉིས་ལ་ནོར་འདུག་པ་ནི་ནོར་བ་དངོས་ལ་ངོས་འཛིན་པ་ལས་གཏགས་ནོར་ལ་བརྩི་མི་ཐུབ། སྤྱིར་ན། བརྡ་འཕྲིན་དང་སྐད་འཕྲིན་སོགས་དྲ་རྒྱའི་དུས་རབས་ཤུགས་ཆེར་དར་བ་ནས། སྔོན་ཆད་རྩོམ་པ་བོ་དང་རིག་གནས་པ་ཡིན་མདོག་གིས་སྙན་རྩོམ་དང་དཔྱད་རྩོམ་མང་དུ་འབྲི་མཁན་མང་པོ་ཞིག་དོན་གྱིས་སྟོང་ཡོད་པ་སྤྱི་ཚོགས་སུ་མངོན་པར་གསལ་སོང་བ་རེད། ད་ལྟ་ཁོང་ཚོ་མང་ཆེ་བས་སྐད་འཕྲིན་བར་སྟོང་ཙམ་ལའང་གང་བྱུང་གིས་ཡིག་གཏགས་མི་ཕོད་པར་གྱུར་ཡོད།