གནས་ཚུལ་མཁོ་སྤྲོད་གནང་མཁན། བྱམས་པ་རྒྱལ་མཚན།
2011 ལོའི་ཕྱི་ཟླ་11 ཚེས་ 9 ཉིན། སྦེལ་ལྗམ་གྱི་རྒྱལ་ས་སྦར་སིལ་གྲོང་ཁྱེར་གྱི་ཡུ་རོབ་གྲོས་ཚོགས་མདུན་དུ་འདི་ཟླའི་ཕྱི་ཚེས་3 ནས་9 བར་ཟས་བཅད་ངོ་རྒོལ་བྱས་ཤིང༌། དེ་རིང་ནི་ཉིན་མཐའ་མ་ཡིན། ཉིན་འདིར་ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོ་གཞོན་པ་Mr.Edward McMillan-scott མཆོག་དང༌། གྲོས་ཚོགས་འཐུས་མི་ Csaba Sogor ལགས། སི་ཝི་ཌིན་ལུང་བའི་ཡུ་རོབ་གྲོས་ཚོགས་འཐུས་མི་ Alf Svensson ལགས་དང༌། སི་པེན་གྱི་ཡུ་རོབ་གྲོས་ཚོགས་འཐུས་མི་ Ramon Tremosa-i-Balcells ལགས་སོགས། ཡུ་རོབ་གྲོས་ཚོགས་འཐུས་མི་ཁག་ཅིག་ཟས་བཅད་ངོ་རྒོལ་བ་རྣམས་ཀྱི་སར་ཕེབས་ཏེ་བོད་དོན་ལ་གདུང་སེམས་མཉམ་བསྐྱེད་ཀྱི་གསུང་བཤད་གནང་བ་མ་ཟད། འགའ་ཞིག་གིས་སོ་སོའི་དྲུང་ཡིག་མངགས་ཏེ་བོད་མི་རྣམས་ལ་སེམས་གསོའི་གཏམ་བཤད་དང༌། བོད་དོན་ལ་རྒྱབ་སྐྱོར་གང་ཡོང་ཞུ་རྒྱུའི་ཁས་ལེན་ཡང་གནང༌། གཞན་ཡང༌། དབྱིན་ཡུལ་གྱི་ Roger Helmer ལགས་དང༌། Umberto Gambini སོགས་ཡུ་རོབ་ཀྱི་ཆབ་སྲིད་དང་དཔལ་འབྱོར། མང་གཙོ་སོགས་ཀྱི་ཐོག་ལ་ཕྱག་ལས་གནང་མཁན་སྐད་གྲགས་ཅན་འགའ་ཞིག་ཀྱང་ཟས་བཅད་ངོ་རྒོལ་གནང་སར་ཕེབས་ཏེ་རྒྱབ་སྐྱོར་གྱི་གསུང་བཤད་གནང༌།
ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་གཞོན་བརྒྱུད་ནས་ཡུ་རོབ་གྲོས་ཚོགས་ལ་སྙན་ཞུ་ཞིག་ཕུལ་བའི་ནང༌། ཡུ་རོབ་གྲོས་ཚོགས་ནས་བོད་དོན་ཐད་གྲོས་ཆོད་སྔ་རྗེས་བཞག་པར་ཐུགས་རྗེ་ལེགས་གསོལ་དང༌། ལྷག་པར་ད་ལྟའི་བོད་ནང་གི་གནས་སྟངས་འགྲེལ་བརྗོེད། མ་འོངས་པར་སྔར་ལས་ལྷག་པར་བོད་དོན་ལ་ཐུགས་སྣང་དང་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཞུས། དགོང་དྲོའི་ཆུ་ཚོད་བཞི་བ་ནས་དྲུག་པ་བར་ངོ་རྒོལ་སྐད་འབོད་བྱས་ཤིང༌། སྐད་འབོད་འགོ་མ་བཙུགས་སྔོན། སྦེལ་ལྗམ་བོད་རིགས་ཚོགས་པའི་ཚོགས་གཙོ་དང༌། སྦེལ་ལྗམ་བོད་ཀྱི་གྲོགས་པོ་ཚོགས་པའི་ཚོགས་གཙོ་སོགས་ཀྱིས་ཐེངས་འདིའི་ལས་འགུལ་དང་འབྲེལ་བའི་གཏམ་བཤད་གནང་རྗེས། ས་གནས་མི་མང་བརྒྱ་དང་ལྔ་བཅུ་ལྷག་གིས་ཡུ་རོབ་གྲོས་ཚོགས་མདུན་དུ་ཆུ་ཚོད་གཉིས་རིང་ཞི་བའི་སྐད་འབོད་བྱས།ལས་འགུལ་མཇུག་གྲུབ་རྗེས་བོད་རིགས་ཚོགས་པའི་ཚོགས་གཞོན་ལགས་ནས་མི་དམངས་ལ་ཐུགས་རྗེ་ལེགས་གསོལ་གྱི་གཏམ་བཤད་གནང་།
ཐེངས་འདིའི་ལས་འགུལ་ནི་སྦེལ་ལྗམ་གྱི་བོད་རིགས་ཚོགས་པ་གཙོས་ཚོགས་པ་ལྔ་མཉམ་འབྲེལ་གྱིས་སྤེལ་བ་ཞིག་ཡིན་འདུག
ངེད་ཅག་བོད་པ་ཚོ་ས་གནས་གང་དུ་ཡོད་ན་ལས་འགུལ་འདི་ལྟར་སྤེལ་ན་རེ་བ་དན་དན་ཡོད་རྒྱུ་རེད། བཀའ་དྲིན་ཆེ་ཞུ།
ཁེ་ན་ཌའི་གྲོས་ཚོགས་ནས་བོད་མིར་གདུང་སེམས་མཉམ་བསྐྱེད།
2011-11-09
ཁེ་ན་ཌའི་གྲོས་ཚོགས་འོག་མའི་ནང་ཆབ་སྲིད་ཚོགས་པ་ཁག་གིས་བོད་མི་ཚོར་གདུང་སེམས་མཉམ་བསྐྱེད་ཡོད་པའི་བཀའ་མོལ་གསུངས་འདུག
༄༅༎བདུན་སྔོན་མ་ཕྱི་ཚེས་༢ཉིན་ཁེ་ན་ཌའི་གྲོས་ཚོགས་འོག་མའི་ནང་ཆབ་སྲིད་ ཚོགས་པ་བཞི་ཡོད་པའི་ཁོངས་ནས་འཐུས་མི་རེས་ཁེ་ན་ཌའི་གྲོས་ཚོགས་སུ་བོད་མི་ཚོར་ གདུང་སེམས་མཉམ་བསྐྱེད་ཡོད་པའི་བཀའ་མོལ་གསུངས་འདུག
དེ་ཡང་ཐོག་མར་གྲོས་ ཚོགས་འཐུས་མི་ལྕམ་ཨེ་ལི་ཛ་སྦེཐ་མེ་ཡིས་ རྒྱ་ནག་གཞུང་གི་སྲིད་བྱུས་འོག་དཀའ་སྡུག་མྱོང་བཞིན་པའི་བོད་མི་ཚོར་རྒྱབ་ སྐྱོར་ཞུ་ཆེད་ཁེ་ན་ཌར་གནས་སྡོད་བོད་མི་རྣམས་ཀྱིས་བོད་མི་བྱིངས་དང་མཉམ་དུ་ གདུང་སེམས་མཉམ་བསྐྱེད་ཞུ་བཞིན་ཡོད་སྐོར་གསུངས་ཏེ། ཁོང་གིས་ བོད་མི་ཚོ་དཀའ་ངལ་འོག་འུ་ཐུག་ཐབས་ཟད་ཀྱིས་ད་ཆ་རང་ལུས་མེར་སྲེག་གཏོང་དགོས་ པའི་ཛ་དྲག་གནས་སྟངས་ཆགས་ཡོད་པར་བརྟེན། ཕྱི་ཟླ་༡༠ཚེས་༢༧ཉིན་ཡུ་རོཔ་གྲོས་ཚོགས་སུ་རྒྱ་ནག་གིས་བོད་མིའི་ཐོག་འཛིན་པའི་ དམ་བསྒྲགས་ཅན་གྱི་སྲིད་བྱུས་དེ་འཕྲལ་དུ་མཚམས་འཇོག་དགོས་པའི་གྲོས་ཆོད་བཞག་ གནང་བ་དེར་ཁེ་ན་ཌའི་གྲོས་ཚོགས་འཐུས་མི་ཡོངས་ནས་རྒྱབ་སྐྱོར་གྱིས་བོད་མི་ ཚོའི་ཆོས་དད་རང་དབང་ལ་སྲུང་སྐྱོབ་ཀྱི་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་ སྐུལ་ཞུས་གནང་འདུག
དེ་བཞིན་གྲོས་ཚོགས་འཐུས་མི་སྐུ་ཞབས་ལྦེན་མའར་སི་ཀྲེན་ ཡིས་ད་ཆ་ཁེ་ན་ཌའི་གཞུང་གིས་སྣེ་འཁྲིད་འོག་རྒྱ་ནག་གཞུང་གིས་བོད་མིའི་ཐོག་དམ་ དྲག་ཆེ་བའི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་དེར་རྒྱལ་སྤྱིའི་སྒྲིག་འཛུགས་ ཀྱིས་སྐྱོན་བརྗོད་ཀྱི་ལས་འགུལ་ཤུགས་ཆེ་ཞིག་གོ་སྒྲིག་བྱ་རྒྱུའི་དུས་ལ་བབས་ ཡོད་པ་མ་ཟད། ཁེ་ན་ཌའི་གཞུང་གིས་མཉམ་སྦྲེལ་རྒྱལ་ཚོགས་བརྒྱུད་རྒྱ་ནག་ལ་བོད་ནང་འཕྲལ་དུ་ རྟོག་ཞིབ་མི་སྣ་གཏོང་དགོས་རྒྱུའི་རེ་འདུན་གནང་དགོས་རྒྱུ་ལས། བོད་ནང་གི་དཀའ་རྙོག་ཐད་ཉི་མ་ཅིག་ཀྱང་དུས་འགྱངས་བྱ་བློས་བཟོད་ཐབས་མེད་སྐོར་ ནན་བརྗོད་གནང་བཞག
ཡང་སྐབས་དེར་གྲོས་ཚོགས་འཐུས་མི་སྐུ་ཞབས་གོར་ཌེན་སྦ་ རའོན་ནས་ཀྱང་རྒྱ་ནག་གཞུང་གིས་བོད་མིའི་ཆབ་སྲིད་བཙོན་པ་རྣམས་བཙན་དབང་སྒོ་ནས་ འཛིན་བཟུང་བཀག་ཉར་བྱེད་བཞིན་པ་དང་ཁོང་ཚོར་ཁྲིམས་མཐུན་གྱི་ཁྲིམས་གཅོད་བྱེད་ ཀྱི་མེད་པར་ཐུག་འཚབས་གསལ་བཏོན་གནང་བ་དང༌། ཁེ་ན་ཌའི་གཞུང་གིས་རྒྱ་ནག་དང་འཛམ་གླིང་ཁྱོན་ཡོངས་སུ་ཆོས་དད་རང་དབང་གི་གནད་ དོན་དེ་ཚོ་གནད་འགག་ཆེན་པོ་རྩིས་གནང་གི་ཡོད་པ་དང༌། རྒྱལ་སྤྱི་དང་མཉམ་འབྲེལ་རྒྱལ་ཚོགས་། དེ་བཞིན་ཁེ་ན་ཌ་དང་རྒྱ་ནག་གཞུང་འབྲེལ་ལྷན་ཚོགས་སྐབས་སུ་བོད་དདང་རྒྱ་ནག་ནང་ གི་ཆོས་བྱེད་གྲངས་ཉུང་མི་རིགས་ཚོའི་གནད་དོན་སྐོར་གླེང་གློང་གནང་གི་ཡོད་ ལུགས་གསུངས་བཞག།
དེ་བཞིན་གྲོས་ཚོགས་འཐུས་མི་སྐུ་ཞབས་ཨར་ལྦིན་ཁོཏ་ལར་ནས་ ཀྱང་རྒྱ་ནག་གཞུང་གིས་དོན་མེད་འཛིན་བཟུང་བྱས་པའི་བོད་མི་ཚོ་འཕྲལ་དུ་གློད་ བཀྲོལ་གཏོང་དགོས་པའི་འབོད་སྐུལ་དང༌། རྒྱ་ནག་གཞུང་གིས་བོད་པའི་དབུ་ཁྲིད་ལྷན་གྲོས་མོལ་བསྐྱར་གསོ་བྱ་དགོས་རྒྱུའི་ སྐུལ་མ་ཞུས་གནང་འདུག།
Copyright © 1998-2011 Radio Free Asia. All rights reserved.