གནས་ཚུལ་མཁོ་གཏོང་བ་ས་དཀར་བཀྲ་ཤིས།
ཕྱི་ཟླ་༡༠ པའི་ཚེས་༡༠ ཉིན། སྤེལ་ལྗམ་བོད་རིགས་ཚོགས་པ་དང་བོད་ཀྱི་དུས་བབ་གསར་ཁང་གཉིས་མཉམ་འབྲེལ་གྱིས་སྤེལ་ལྗམ་གྲོང་ཁྱེར་ཨན་ཊར་ཝན་ཕན་དུ་ཡོ་རོབ་སྤྱི་འཐུས་ཀྱི་ལས་འགན་དང་ལས་འཆར་སྐོར་ལ་བགྲོ་གླེང་ཚོགས་འདུ་ཞིག་ཚོགས་སོང་ལ། བགྲོ་གླེང་སྟེང་སྤར་སིལ་སྐུ་ཚབ་དོན་གཅོད་ཚེ་རིང་བསམ་འགྲུབ་གཙོས་ཡོ་རོབ་སྤྱི་འཐུས་ལས་ཐོག་གཉིས་དང་ཚོགས་པ་ཁག་གི་སྐུ་ཚབ་རྣམ་པ། ཡོ་རོབ་སྤྱི་འཐུས་འོས་མི་བཞེངས་མཁན་མི་སྣ་དྲུག གཞན་མི་མང་བརྒྱ་ལྷག་ཙམ་མཉམ་ཞུགས་གནང་འདུག་ལ། བགྲོ་གླེང་གི་ཐོག་མར་བོད་ཀྱི་དུས་བབ་གསར་ཁང་གི་རྩོམ་སྒྲིག་པ་དོན་འགྲུབ་བཀྲ་ཤིས་ལགས་ནས་བགྲོ་གླེང་འདི་གོ་སྒྲིག་གནང་བའི་དགོས་དམིགས་སྐོར་ངོ་སྤྲོད་གཏམ་བཤད་གནང་བ་དང་། དེའི་རྗེས་ཡོ་རོབ་སྤྱི་འཐུས་འོས་མི་བཞེངས་མཁན་ཚོས་བགྲོ་གླེང་གོ་སྒྲིག་པའི་གཏན་འབེབས་བྱས་པའི་དྲི་བ་ཁག་དྲུག་ལ་བཀའ་ལན་རིམ་པར་གནང་སོང་ལ། དྲི་བ་རེ་རེ་ལ་བཀའ་ལན་གནང་གྲུབ་རྗེས་མི་མང་ཁྲོད་དྲི་བ་བཏོན་པ་ཁག་ལའང་ལན་འདེབས་གསལ་བཤད་གནང་སོང་། མཇུག་ཏུ་སྤེལ་ལྗམ་བོད་རིགས་ཚོགས་པའི་ཚོགས་གཙོ་ཀརྨ་ལགས་ནས་ཐུགས་རྗེ་ཆེ་གཏམ་བཤད་གནང་སྟེ་བགྲོ་གླེང་བདེ་ལེགས་ངང་མཇུག་གྲུབ་བོ།
བགྲོ་གླེང་གོ་སྒྲིག་པའི་གཏན་འབེབས་བྱས་པའི་དྲི་བ་ཁག་དྲུག་ནི།
༡། སྐུ་ཉིད་ཀྱིས་སོ་སོ་ངོ་སྤྲོད་མདོར་ཙམ་དང་ཡོ་རོབ་དང་ལྷོ་ཨ་ཧྥི་རི་ཁ་ཁུལ་གྱི་སྤྱི་འཐུས་འོས་མིར་བཞེངས་དགོས་བའི་རྒྱུ་དང་ཁྱོད་རང་ལ་ལས་འཆར་གང་ཡོད་གསུངས་རོགས།
༢། ད་ལྟའི་བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་བཞེངས་ཕྱོགས་དབུ་མའི་ལམ་ལ་གཟིགས་ཚུལ་གང་འདྲ་ཡོད་པ་དང་། གཟིགས་ཚུལ་དེ་འདྲ་ཡོད་པའི་རྒྱུ་མཚན་རྒྱབ་ལྗོངས་ཅི་ཡིན་གསལ་བོར་གསུངས་རོགས།
༣། ད་སྔ་༧གོང་ས་མཆོག་ཡོ་རོབ་ཁུལ་དུ་ཕེབས་བཞུགས་སྐབས་སྐུ་ཕྱྭའི་ཐོག་འཐུས་ཤོར་དེ་འདྲ་མཐོང་གི་ཡོད་མེད་དང་། གལ་སྲིད་ཡོད་ན། མ་འོངས་པར་འཐུས་ཤོར་མེད་པ་བཟོ་ཐབས་ག་རེ་གང་དག་གནང་འཆར་ཡོད་དམ།
༤། བོད་ནང་གི་རང་ལུས་མེར་བསྲེགས་ཀྱིས་མཚོན་པའི་ཛ་དྲག་གནས་སྟངས་ལ་གཞིགས་ཏེ། ད་སྔ་ཡོ་རོབ་ནང་བོད་དོན་སྒྲུབ་ཕྱོགས་ཐོག་འཐུས་ཤོར་ག་རེ་ཕྱིན་པར་མཐོང་གི་ཡོད་པ་དང་། ཁྱོད་ལ་བོད་དོན་སྒྲུབ་ཕྱོགས་ཁ་ཡོད་ལག་ཡོད་ཀྱི་འཆར་གཞི་གང་དག་ཡོད།
༥། ཡོ་རོབ་བོད་མིའི་དང་བླངས་དཔྱ་ཁྲལ་ལག་དེབ་དང་། ཡོ་རོབ་ནང་གསར་དུ་འབྱོར་རིགས་ལ་སྐྱབས་བཅོལ་རག་མིན་གྱི་དཀའ་ངལ་སེལ་ཕྱོགས་ཀྱི་འཆར་གཞི་གང་འདྲ་ཡོད།
༦། ཡོ་རོབ་སྤྱི་འཐུས་གཉིས་ནི་ཆོལ་ཁ་ཆོས་ལུགས་ཐུན་མོང་གི་འཐུས་མི་ཡིན་པར་སོང་། གལ་སྲིད་སྐུ་ཉིད་ཡོ་རོབ་སྤྱི་འཐུས་འཐོབ་ན། ཆོལ་ཁ་ཆོས་ལུགས་མཐུན་ལམ་རྡོག་རྩ་གཅིག་བསྒྲིལ་ཡོང་ཐབས་ལ་དམ་བཅའ་ག་རེ་ཡོད་བཅས་རེད།
ཡོ་རོབ་སྤྱི་འཐུས་འོས་མི་བཞེངས་མཁན་དྲུག་ནི། ཡོ་རོབ་སྤྱི་འཐུས་ལས་ཐོག་ཐུབ་བསྟན་དབང་ཆེན་ལགས་(སི་པན)། ཡོ་རོབ་སྤྱི་འཐུས་ལས་ཐོག་བཀྲས་མཐོང་དབང་པོ་ལགས།(སིད་སུ)། ཐུབ་བསྟན་རྒྱ་མཚོ། (ཧྥ་རན་སི)། ཟམ་མདོ་བྱམས་པ་ཚེ་རིང་།(སིད་སུ)། བསྟན་འཛིན་ང་དགུ( ཧྥ་རན་སི) བློ་བཟང་འཇམ་དབྱངས་བསོད་ནམས།( སིད་སུ)། བཅས་རེད་འདུག
ཡོ་རབ་ཀྱི་དོན་གཅོད་དང་ལས་ཀྱི་སྣེ་མོ་བ་དག་མི་ག་འདྲ་ཡོད་མིན་དེ་སུ་གང་ལ་ཡང་དྲི་མི་དགོས་པ་བྷེལ་ལྗམ་སྐྱབས་བཅོལ་བ་ཡིག་ཆ་མ་རག་མཁན་མི་བཞི་བརྒྱ་ཟིན་མིན་ཞིག་ལ་སྐད་ཆ་དྲིས་དང་གསལ་གསལ་ཐིང་ཐིང་ཤེས་ཡོང་ངོ་།།